རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།

ཨང737པ།

《ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱེད་པའི་སྐོར་གྱི་སྲོལ་ཡིག》ལ2020ལོའི་ཟླ12པའི་ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས119བའི་སྟེང་གྲོས་འཆམ་བྱུང་ཞིང་། འདིར་ཁྱབ་བསྒྲགས་བྱས་པ་བཞིན2021ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།

ཙུང་ལི། ལི་ཁེ་ཆང་།

2021ལོའི་ཟླ1པོའི་ཚེས26ཉིན།

ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱེད་པའི་སྐོར་གྱི་སྲོལ་ཡིག

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱས་ནས་སྤྱི་ཚོགས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་དངུལ་རྩའི་ཉེན་ཁར་ཉེན་ཟོན་དང་སེལ་ཐབས་བྱེད་ཅིང་། དཔལ་འབྱོར་སྒྲིག་ལམ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདིར་བསྟན་པའི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བ་ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ཆོག་མཆན་མ་བཀོད་པའམ་རྒྱལ་ཁབ་ཀྱི་དངུལ་རྩ་དོ་དམ་སྐོར་གྱི་གཏན་འབེབས་དང་འགལ་ཏེ། མ་རྩ་དང་སྐྱེད་ཀ་ཕྱིར་སྤྲོད་པའམ་མ་དངུལ་བཞག་པར་ཐོབ་ཆ་གཞན་སྤྲད་དེ་དྲིན་འཇལ་བར་ཁས་ལེན་པ་སོགས་བྱེད་ཐབས་སྤྱད་དེ་ངེས་གཏན་མིན་པའི་ཡུལ་ལས་མ་དངུལ་བསྡུ་བའི་བྱ་སྤྱོད་ལ་ཟེར།

ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པ་ལ་སྲོལ་ཡིག་འདི་སྤྱོད་འཐུས་པ་ཡིན། དངུལ་ཁང་དང་དངུལ་འཛིན། འགན་བཅོལ། ཕྱི་དངུལ་སོགས་དངུལ་རྩའི་ལས་སྒོ་ཁྲིམས་འགལ་གྱིས་སྤེལ་བར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་གཏན་འབེབས་གཞན་ཡོད་ཚེ། གཏན་འབེབས་དེ་ཉིད་སྤྱོད་འཐུས་པ་ཡིན།

སྲོལ་ཡིག་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་ཅེས་པ་ནི་ཀྲུང་གོ་མི་དམངས་དངུལ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་ལྟ་སྐུལ་དོ་དམ་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་དངུལ་དོ་དམ་སྡེ་ཁག་བཅས་ལ་བསྟན་པ་ཡིན།

དོན་ཚན་གསུམ་པ། སྲོལ་ཡིག་འདིར་ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་ཞེས་པ་ནི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་གྲོས་མགོ་འདོན་པ་དང་གཙོ་ཁྲིད་བྱེད་པའམ་རྩ་འཛུགས་ལག་བསྟར་བྱེད་མཁན་ལས་ཁུངས་དང་མི་སྒེར་ལ་བསྟན་པ་དང་། ཁྲིམས་འགལ་གྱིས་མ་དངུལ་སྡུད་རོགས་ཞེས་པ་ནི་ཁྲིམས་འགལ་གྱིས་མ་དངུལ་སྡུད་པ་ཤེས་བཞིན་དུ་དེར་རོགས་རམ་བྱེད་པར་མ་ཟད་དཔལ་འབྱོར་གྱི་ཁེ་ཕན་ལེན་པའི་སྡེ་ཚན་དང་མི་སྒེར་ལ་བསྟན་པ་ཡིན།

དོན་ཚན་བཞི་བ། རྒྱལ་ཁབ་ཀྱིས་རྣམ་པ་གང་རུང་གི་སྒོ་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་བཀག་འགོག་དང་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པ་གཙོ་བོར་འཛིན་པ་དང་། དུས་སྔ་མོ་དང་དོན་ཆུང་ས་ནས་རྡུང་རྡེག་གཏོང་བ་དང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ། འོས་མཐུན་གྱིས་ཐག་གཅོད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

དོན་ཚན་ལྔ་བ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་སུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱ་བའི་སྤྱིའི་འགན་འཁུར་དགོས་པ་དང་། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱེད་པར་སྲིད་གཞུང་གིས་གཅིག་གྱུར་གྱིས་མགོ་ཁྲིད་པའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཟུག་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱ་བའི་ལམ་སྲོལ་གྱི་སྣེ་ཁྲིད་སྡེ་ཁག(གཤམ་དུ་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་ཅེས་བསྡུ་རྒྱུ་ཡིན།)ངེས་གསལ་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་གི་ཡན་ལག་ལས་ཁུངས་དང་། མངགས་གཏོང་ལས་ཁུངས་བཅས་བྱ་བའི་ལམ་སྲོལ་དུ་ཞུགས་དགོས། ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱེད་པར་འགན་འཁུར་བའི་སྣེ་ཁྲིད་མི་སྣ་ངེས་གསལ་བྱ་དགོས། འོག་རིམ་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་ག་རུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱ་བ་ལེགས་པར་བསྒྲུབ་པར་གོང་རིམ་ས་གནས་མི་དམངས་སྲིད་གཞུང་གིས་སྐུལ་འདེད་དང་མཛུབ་སྟོན་བྱ་དགོས།

ལས་རིགས་གཙོ་གཉེར་སྡེ་ཁག་དང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལས་བགོས་འགན་འཁྲི་ལྟར་ལས་རིགས་དང་ས་ཁོངས་དེ་ག་རུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱ་བའི་འགན་འཁུར་དགོས།

དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྡེ་ཁག་མཉམ་འབྲེལ་གྲོས་ཚོགས(གཤམ་དུ་མཉམ་འབྲེལ་གྲོས་ཚོགས་ཞེས་བསྡུ་རྒྱུ་ཡིན།)ཀྱི་ལམ་ལུགས་གཟུག་དགོས། མཉམ་འབྲེལ་གྲོས་ཚོགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་སྣེ་ཁྲིད་ཅིང་འབྲེལ་ཡོད་སྡེ་ཁག་ཞུགས་ཏེ། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱ་བ་སྤེལ་བར་སྐུལ་འདེད་དང་མཛུབ་སྟོན་བྱེད་པར་འགན་འཁུར་ནས་བྱ་བ་དེའི་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་གཅད་དགོས།

དོན་ཚན་བདུན་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱ་བའི་འབྲེལ་ཡོད་འགྲོ་གྲོན་ལ་ལུགས་མཐུན་ངང་འགན་སྲུང་བྱས་ཏེ་རིམ་པ་དེ་གའི་སྔོན་རྩིས་སུ་དགོད་དགོས།

ལེའུ་གཉིས་པ། ཉེན་ཟོན།

དོན་ཚན་བརྒྱད་པ། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་བཙུགས་ཐོག སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་མ་ལག་ཏུ་འཇུག་པ་དང་། དྲ་མིག་ཅན་གྱི་དོ་དམ་དང་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས་ནུས་པ་འདོན་སྤེལ་བྱས་ཏེ། གཞི་གྲངས་ཆེན་མོ་སོགས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱད་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་བྱ་བར་ཤུགས་བསྣན་དགོས།

ལས་རིགས་གཙོ་གཉེར་སྡེ་ཁག་དང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ནམ་རྒྱུན་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས། ལས་རིགས་དང་ཁྱབ་ཁོངས་དེ་ག་རུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་ཉེན་ཁར་ལེབ་བཤེར་དང་ལྟ་ཞིབ་ཚད་ལེན། ཉེན་ཟོན་སྔོན་བརྡ་གཏོང་བ་བཅས་ཀྱི་འགན་འཁུར་དགོས།

མཉམ་འབྲེལ་གྲོས་ཚོགས་ཀྱིས་རྒྱལ་ཡོངས་སུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་མ་ལག་འཐུས་ཚང་དུ་བཙུགས་ཏེ་རྒྱལ་ཁབ་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ལས་སྟེགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་གནས་དང་སྡེ་ཁག་བར་ཆ་འཕྲིན་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་ཉེན་ཁར་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཇེ་ཆེར་བཏང་སྟེ། དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡ་བཏང་ནས་དྲན་སྐུལ་བྱ་དགོས།

དོན་ཚན་དགུ་བ། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་བའི་མིང་དང་གཉེར་སྐྱོང་ཁྱབ་ཁོངས་སོགས་ཀྱི་ཚོང་དོན་ཐོ་འགོད་དོ་དམ་ལ་ཤུགས་བསྣན་དགོས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་དང་རྒྱལ་ཁབ་ལ་གཏན་འབེབས་གཞན་ཡོད་པ་ཕུད། ཁེ་ལས་དང་སྒེར་གཉེར་བཟོ་ཚོང་བའི་མིང་དང་གཉེར་སྐྱོང་ཁྱབ་ཁོངས་བཅས་ཀྱི་ཁྲོད“དངུལ་རྩ”དང“ཉོ་ཚོང་ཁང་།” “ཉོ་ཚོང་ལྟེ་གནས།” “དངུལ་ལོར་བདག་གཉེར།” “རྒྱུ་ནོར་དོ་དམ།” “རྐང་དབང་དམངས་གསོག”སོགས་ཀྱི་ཡི་གེའམ་ནང་དོན་ཡོད་མི་ཆོག

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་སོགས་འབྲེལ་ཡོད་སྡེ་ཁག་གིས་མཉམ་གྲོས་ལམ་སྲོལ་བཙུགས་ཏེ། ཁེ་ལས་དང་སྒེར་གཉེར་བཟོ་ཚོང་བའི་མིང་ངམ་གཉེར་སྐྱོང་ཁྱབ་ཁོངས་སུ་དོན་ཚན་སྔ་མ་ལས་གཏན་འབེབས་བྱས་ཡོད་པ་ཕུད་པའི་དངུལ་བསྡུ་དང་འབྲེལ་བའི་ཡི་གེའམ་ནང་དོན་གཞན་དག་འདུས་ཡོད་པ་མཐོང་ཚེ། དུས་ཐོག་ཏུ་གནད་སར་བཟུང་ནས་དོ་ཁུར་བྱ་དགོས།

དོན་ཚན་བཅུ་བ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་སྦྲེལ་དྲའི་ཆ་འཕྲིན་ནང་དོན་དོ་དམ་སྡེ་ཁག་དང་གློག་འཕྲིན་གཙོ་གཉེར་སྡེ་ཁག་དང་མཉམ་དུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་སྦྲེལ་དྲའི་ཆ་འཕྲིན་དང་དྲ་ཚིགས། སྤོ་སྒུལ་ཉེར་སྤྱོད་སྒྲིག་རིམ་སོགས་སྦྲེལ་དྲ་ཉེར་སྤྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་དགོས། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་ཁྲིམས་འགལ་གྱིས་མ་དངུལ་སྡུད་པའི་ཐད་ལ་སྤྱད་དང་སྤྱོད་བཞིན་་པ་ངོས་བཟུང་ཚེ། སྦྲེལ་དྲའི་ཆ་འཕྲིན་ནང་དོན་དོ་དམ་སྡེ་ཁག་དང་གློག་འཕྲིན་གཙོ་གཉེར་སྡེ་ཁག་གིས་དུས་ཐོག་ཏུ་ཁྲིམས་ལྟར་ཐག་གཅད་དགོས།

སྤྱོད་མཁན་གྱིས་ཆ་འཕྲིན་བསྒྲགས་པ་ལ་སྦྲེལ་དྲའི་ཆ་འཕྲིན་ཞབས་ཕྱི་འདོན་སྤྲོད་མཁན་གྱིས་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་ཆ་འཕྲིན་བཟོ་བ་དང་འདྲ་བཟོ། ཁྱབ་བསྒྲགས། ཁྱབ་སྤེལ་བཅས་བྱེད་མི་ཆོག ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་ཆ་འཕྲིན་མཐོང་ཚེ། འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱ་དགོས་པར་མ་ཟད། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་ལ་སྙན་ཞུ་དབུལ་དགོས།

དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་ལ་གཏན་འབེབས་གཞན་ཡོད་པ་ཕུད་སྡེ་ཚན་དང་མི་སྒེར་གང་ཡིན་རུང་མ་དངུལ་བསྡུ་བའི་ནང་དོན་འདུས་པའི་བརྡ་ཁྱབ་སྤེལ་བའམ་བྱེད་ཐབས་གཞན་སྤྱད་ནས་སྤྱི་ཚོགས་སུ་མ་དངུལ་བསྡུ་རུབ་སྐོར་དྲིལ་སྒྲོག་བྱེད་མི་ཆོག

ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་དང་མཉམ་དུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་བརྡ་ཁྱབ་སྤེལ་བར་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་དགོས། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གི་རྩ་འཛུགས་ཀྱིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བ་ཡིན་པར་ངོས་བཟུང་བ་བརྒྱུད། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་ཐོག་ཏུ་ཁྲིམས་ལྟར་འབྲེལ་ཡོད་ཀྱི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་སྐོར་གྱི་བརྡ་ཁྱབ་ཞིབ་གཅོད་བྱ་དགོས།

བརྡ་ཁྱབ་སྤེལ་བའི་ལས་གཉེར་མཁན་དང་སྤེལ་མཁན་གྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་འབྲེལ་ཡོད་བདེན་དཔང་ཡིག་ཆར་ཞིབ་བཤེར་དང་བརྡ་ཁྱབ་ཀྱི་ནང་དོན་ལ་ཞིབ་བསྡུར་བྱ་དགོས། འབྲེལ་ཡོད་ཀྱི་བདེན་དཔང་ཡིག་ཆ་མེད་ཅིང་དངུལ་བསྡུའི་ནང་དོན་འདུས་པའི་བརྡ་ཁྱབ་ཡིན་ཚེ། བརྡ་ཁྱབ་སྤེལ་བའི་ལས་གཉེར་མཁན་གྱིས་ཇུས་འགོད་དང་སྒྲིག་བཟོ། ཚབ་གཉེར་བཅས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱེད་མི་ཆོག་ལ། བརྡ་ཁྱབ་སྤེལ་མཁན་གྱིས་ཁྱབ་བསྒྲགས་བྱེད་མི་ཆོག

དོན་ཚན་བཅུ་གཉིས་པ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་ས་དེ་གའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་གི་ཡན་ལག་ལས་ཁུངས་དང་མངགས་གཏོང་ལས་ཁུངས་དང་མཉམ་དུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་མ་དངུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་གཟུག་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་དང་དེའི་ཡན་ལག་ལས་ཁུངས་དང་མངགས་གཏོང་ལས་ཁུངས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་དངུལ་རྩ་ལས་ཁུངས་དང་དངུལ་ཁང་མིན་པའི་གཏོང་སྤྲོད་ལས་ཁུངས་ལ་སྐུལ་འདེད་དང་མཛུབ་སྟོན་བྱས་ཏེ། རྒྱུན་ལྡན་མིན་པའི་མ་དངུལ་འཁོར་སྐྱོད་ཀྱི་གནས་ཚུལ་དང་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བ་དང་འབྲེལ་བའི་དོགས་ཡོད་མ་དངུལ་གཞན་དག་ལ་ལྟ་ཞིབ་ཚད་ལེན་བྱ་བར་ཤུགས་བསྣན་དགོས།

དོན་ཚན་བཅུ་གསུམ་པ། དངུལ་རྩ་ལས་ཁུངས་དང་དངུལ་ཁང་མིན་པའི་གཏོང་སྤྲོད་ལས་ཁུངས་ཀྱིས་གཤམ་གྱི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་འོས་འགན་ལག་ཏུ་བསྟར་དགོས་ཏེ།

(གཅིག) ནང་ཁུལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་། ཡན་ལག་ལས་ཁུངས་དང་ལས་བཟོ་བ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་ཁྲོད་དུ་ཞུགས་པར་བཀག་འགོག་བྱས་ཐོག མི་གཞན་གྱིས་ལས་གཉེར་བྱ་ཡུལ་དང་ཕྱིར་འཚོང་བརྒྱུད་ལམ་ལ་བརྟེན་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་སྔོན་འགོག་བྱ་དགོས།

(གཉིས) སྤྱི་ཚོགས་སྤྱི་དམངས་ལ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་སྐོར་དྲིལ་སྒྲོག་སློབ་གསོ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལས་གཉེར་བྱ་ཡུལ་གྱི་མངོན་གསལ་ཡིན་པའི་གནས་སུ་ཉེན་བརྡའི་མཚོན་རྟགས་གཟུག་དགོས།

(གསུམ) གྲངས་འབོར་ཆེ་བའི་ཉོ་ཚོང་དང་དོགས་ཡོད་ཉོ་ཚོང་གི་སྙན་ཞུ་འབུལ་བའི་ལམ་ལུགས་ཁྲིམས་ལྟར་གཟབ་ནན་གྱིས་ལག་ཏུ་བསྟར་ནས། ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་མ་དངུལ་རྒྱུན་ལྡན་མིན་པར་འཁོར་རྒྱུག་བྱེད་བཞིན་པའི་འབྲེལ་ཡོད་ཐོ་ཁུངས་ལ་དབྱེ་ཞིབ་དང་ཤན་འབྱེད་བྱ་དགོས་པར་མ་ཟད། འབྲེལ་ཡོད་གནས་ཚུལ་དུས་ལྟར་ས་དེ་གའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་གི་ཡན་ལག་ལས་ཁུངས་དང་མངགས་གཏོང་ལས་ཁུངས། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་བཅས་ལ་སྙན་ཞུ་དབུལ་དགོས།

དོན་ཚན་བཅུ་བཞི་བ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་ལས་རིགས་རང་གཅུན་དོ་དམ་དང་རང་གཅུན་རང་འདོམས་ལ་ཤུགས་སྣོན་ཞིང་། ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཁོངས་མིས་ཧུར་ཐག་གིས་ཉེན་ཟོན་བྱེད་པ་དང་། ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་རྩ་འཛུགས་དང་རོགས་རེས། ཐེ་ཞུགས་བཅས་མི་བྱེད་པར་སྐུལ་འདེད་དང་ཁྲིད་སྟོན་བྱ་དགོས།

དོན་ཚན་བཅོ་ལྔ་བ། མཉམ་འབྲེལ་གྲོས་ཚོགས་ཀྱིས་ཀྲུང་དབྱང་དང་ས་གནས་བར་གོང་འོག་མཉམ་འགུལ་བྱེད་པའི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་དྲིལ་སྒྲོག་སློབ་གསོའི་སྐོར་གྱི་བྱ་བའི་ལམ་སྲོལ་བཙུགས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་དྲིལ་སྒྲོག་སློབ་གསོའི་བྱ་བར་སྐུལ་འདེད་གཏང་དགོས།

ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒྱུན་རྣམ་ཅན་གྱི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་དྲིལ་སྒྲོག་སློབ་གསོའི་བྱ་བ་སྤེལ་ཞིང་། སྨྱན་བྱད་དམ་འདྲེན་རྟེན་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། བཅའ་ཁྲིམས་སྲིད་ཇུས་སྒྲོག་འགྲེལ་དང་དཔེ་མཚོན་གྱོད་དཔེ་ལ་དབྱེ་ཞིབ། མ་དངུལ་གཏོང་བའི་ཉེན་ཁ་སྐོར་ནས་སློབ་གསོ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་སྤྱི་དམངས་ལ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་ཁྲིམས་འགལ་རང་བཞིན་དང་ཉེན་ཁ་རང་བཞིན། དེའི་སྣང་ཚུལ་དང་མཚོན་སྟངས་སོགས་དྲིལ་སྒྲོག་བྱས་ནས་སྤྱི་ཚོགས་སྤྱི་དམངས་ཀྱི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་འདུ་ཤེས་དང་ངོས་འཛིན་གྱི་ནུས་པ་ཇེ་དྲག་ཏུ་གཏང་དགོས།

ལས་རིགས་གཙོ་གཉེར་སྡེ་ཁག་དང་ལྟ་སྐུལ་དོ་དམ་སྡེ་ཁག དེ་མིན་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་བཅས་ཀྱིས་ལས་རིགས་དང་ཁྱབ་ཁོངས་དེ་གའི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་ཉེན་ཁའི་ཁྱད་ཆོས་ལ་གཞིགས་ཏེ། དམིགས་གཏད་ཡོད་པའི་སྒོ་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་དགོས།

གསར་འགྱུར་སྨྱན་བྱད་ཀྱིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་སྤྱི་ཕན་དྲིལ་སྒྲོག་བྱ་བ་སྤེལ་ནས། ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཁྲིམས་ལྟར་གླེང་ཕྱོགས་ཀྱིས་ལྟ་སྐུལ་བྱ་དགོས།

དོན་ཚན་བཅུ་དྲུག་པ། ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་བྱ་སྤྱོད་ལ་ལས་ཁུངས་དང་མི་སྒེར་གང་ཡིན་རུང་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གམ་འབྲེལ་ཡོད་སྡེ་ཁག་གཞན་དག་ལ་ཐེར་འདོན་གོང་ཞུ་བྱེད་པའི་དབང་ཆ་ཡོད།

རྒྱལ་ཁབ་ཀྱིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་བྱ་སྤྱོད་ཐེར་འདོན་གོང་ཞུ་བྱེད་པར་སྐུལ་མ་གཏང་དགོས། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་ཁ་པར་དང་ཡིག་སྒམ་སོགས་ཐེར་འདོན་གོང་ཞུ་བརྒྱུད་ལམ་ཡོངས་བསྒྲགས་བྱེད་པ་དང་། སྲིད་གཞུང་གི་དྲ་ཚིགས་སུ་ཐེར་འདོན་ཆེད་སྒྲིག་ལེ་ཚན་བཙུགས་ནས་ཐེར་འདོན་དང་ལེན་བྱས་ཏེ། དུས་ཐོག་ཏུ་ཁྲིམས་ལྟར་ཐག་གཅོད་བྱ་དགོས་པར་མ་ཟད། ཐེར་འདོན་གོང་ཞུ་བྱེད་མཁན་གྱི་གསང་བ་བསྲུང་དགོས།

དོན་ཚན་བཅུ་བདུན་པ། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ས་ཁོངས་དེ་ག་རུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་བྱ་སྤྱོད་སྤེལ་བ་མཐོང་ཚེ། ས་གནས་དེ་གའི་མི་དམངས་སྲིད་གཞུང་དང་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གམ་འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་ལ་སྙན་ཞུ་དབུལ་དགོས།

དོན་ཚན་བཅོ་བརྒྱད་པ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་དང་ལས་རིགས་གཙོ་གཉེར་སྡེ་ཁག ལྟ་སྐུལ་དོ་དམ་སྡེ་ཁག་བཅས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའམ་ལས་རིགས་དང་ཁྱབ་ཁོངས་དེ་ག་རུ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་ཉེན་ཁ་ཡོད་པ་མཐོང་ཚེ། འབྲེལ་ཡོད་སྡེ་ཁག་དང་མི་སྒེར་ལ་ཉེན་བརྡའི་ཚུལ་དུ་སྐོང་འདྲི་བྱས་ནས་དག་ཐེར་ལེགས་བཅོས་བྱེད་པར་བཀའ་འབེབས་པའི་དབང་ཆ་ཡོད།

ལེའུ་གསུམ་པ། ཐག་གཅོད།

དོན་ཚན་བཅུ་དགུ་བ། སྲིད་འཛིན་ས་ཁོངས་དེ་གའི་ནང་དུ་གཤམ་གསལ་གྱི་བྱ་སྤྱོད་ལ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་པ་ཡོད་ཚེ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་འབྲེལ་ཡོད་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་དང་ལྟ་སྐུལ་དོ་དམ་སྡེ་ཁག དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་གི་ཡན་ལག་ལས་ཁུངས་དང་མངགས་གཏོང་ལས་ཁུངས་བཅས་དུས་ལྟར་རྩ་འཛུགས་བྱས་ནས་བརྟག་དཔྱད་ངོས་འཛིན་བྱ་དགོས་ཏེ།

(གཅིག) སྦྲེལ་དྲའི་ཁེ་ལས་དང་མ་དངུལ་གཏོང་བ། དངུལ་གཏོང་བློ་འདྲི་བཅས་རིགས་ཀྱི་ཁེ་ལས་དང་། ཉོ་ཚོང་ཁྲོམ་རའམ་ལས་སྟེགས་རིགས་སྣ་ཚོགས། ཞིང་བའི་ཆེད་ལས་མཉམ་ལས་ཁང་། མ་དངུལ་རོགས་རེས་རྩ་འཛུགས། དེ་བཞིན་རྩ་འཛུགས་གཞན་དག་བཅས་བཙུགས་ནས་མ་དངུལ་བསྡུ་ལེན་བྱེད་པ།

(གཉིས) རྐང་དབང་དང་བུན་དབང་བཤུག་སྤྲོད་དམ་འགྲེམ་སྤེལ་བྱས་པར་བརྟེན་ནས་ཐེབས་རྩ་བསྡུ་རུབ་བྱེད་པ་དང་འགན་བཅོལ་ཐོན་རྫས་ཕྱིར་འཚོང་བ། ཡང་ན་རྒྱུ་ནོར་རིགས་སྣ་ཚོགས་དོ་དམ་དང་རྟོག་བཟོའི་དངུལ་ལོར། དངུལ་བསྡུ་བོགས་མར་གཏོང་ལེན་ལས་སྒོ་སོགས་ཀྱི་མིང་གཡར་ནས་མ་དངུལ་བསྡུ་ལེན་བྱེད་པ།

(གསུམ) ཚོང་ཟོག་ཕྱིར་འཚོང་དང་ཞབས་ཕྱི་འདོན་སྤྲོད། ལས་གཞི་ཐད་ལ་མ་དངུལ་གཏོང་བ་སོགས་ཀྱི་ཚོང་ལས་བྱེད་སྒོའི་ཁྲོད་དུ་དངུལ་ལོར་དང་མ་རྐང་འཛིན་དབང་། དངོས་པོ་སོགས་སྤྲད་དེ་དྲིན་འཇལ་བར་ཁས་ལེན་པའི་བྱེད་སྟངས་སྤྱད་ནས་མ་དངུལ་བསྡུ་ལེན་བྱེད་པ།

(བཞི) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལམ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་མང་ཚོགས་ཀྱི་སྒྲོག་སྤེལ་སྨྱན་བྱད་དང་དུས་ཐོག་འཕྲིན་གཏོང་ཡོ་བྱད་དམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་མ་དངུལ་བསྡུ་ལེན་བྱེད་པའི་བརྡ་འཕྲིན་སྤྱི་ཡོངས་ལ་ཁྱབ་སྤེལ་བྱེད་པ།

(ལྔ) ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་བྱ་སྤྱོད་གཞན་དག

དོན་ཚན་ཉི་ཤུ་བ། སྲིད་འཛིན་ས་ཁོངས་ལས་བརྒལ་བའི་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་བྱ་སྤྱོད་ལྡན་ཞིང་། ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་དེ་སྡེ་ཚན་ཡིན་པ་ལ། དེའི་ཐོ་འགོད་བྱ་ཡུལ་ས་གནས་ཀྱི་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་བརྟག་དཔྱད་ངོས་འཛིན་བྱེད་པར་རྩ་འཛུགས་བྱ་དགོས། ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་དེ་མི་སྒེར་ཡིན་པ་ལ། དེ་ཉིད་སྡོད་སའམ་རྒྱུན་སྡོད་བྱ་ཡུལ་གྱི་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་བརྟག་དཔྱད་ངོས་འཛིན་བྱེད་པར་རྩ་འཛུགས་བྱ་དགོས། ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་བྱ་སྤྱོད་སྤེལ་ཡུལ་དང་མ་དངུལ་བསྡུ་རུབ་བྱེད་པའི་རྒྱུ་ནོར་ཡོད་སའི་ས་གནས་སམ་མ་དངུལ་བསྡུ་རུབ་ལ་ཞུགས་མཁན་སྡོད་སའི་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་བརྟག་དཔྱད་ངོས་འཛིན་གྱི་བྱ་བར་གཞོགས་འདེགས་བྱ་དགོས།

ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་བརྟག་དཔྱད་ངོས་འཛིན་རྩ་འཛུགས་བྱེད་པའི་འགན་འཁྲི་ལ་རྩོད་གླེང་ཡོད་ཚེ། དེའི་ཐུན་མོང་གི་གོང་རིམ་གྱི་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་གཏན་ཁེལ་བྱ་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ལས་བརྒལ་བའི་བརྟག་དཔྱད་ངོས་འཛིན་རྩ་འཛུགས་བྱེད་པའི་འགན་འཁྲི་ལ་རྩོད་གླེང་ཡོད་ཚེ། མཉམ་འབྲེལ་གྲོས་ཚོགས་བརྒྱུད་ནས་ཐག་གཅད་དགོས།

དོན་ཚན་ཉེར་གཅིག་པ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་བྱ་སྤྱོད་ལ་བརྟག་དཔྱད་བྱེད་པར་རྩ་འཛུགས་བྱེད་ཚེ། གཤམ་གསལ་གྱི་བྱེད་ཐབས་དག་བཀོལ་ཆོག་སྟེ།

(གཅིག) ཁྲིམས་འགལ་དངུལ་བསྡུ་བར་དོགས་ཡོད་ཀྱི་གནས་སུ་སོང་སྟེ་བརྟག་དཔྱད་བརྒྱུད་ནས་བདེན་དཔང་འཚོལ་བ།

(གཉིས) བརྟག་དཔྱད་བྱ་ཡུལ་དོན་རྐྱེན་དང་འབྲེལ་བའི་སྡེ་ཚན་དང་མི་སྒེར་ལ་འདྲི་རྩད་བྱས་ནས་དེར་འབྲེལ་ཡོད་དོན་ཚན་ལ་གསལ་བཤད་བྱ་དགོས་པའི་བླང་བྱ་འདོན་པ།

(གསུམ) བརྟག་དཔྱད་བྱ་ཡུལ་དོན་རྐྱེན་དང་འབྲེལ་བའི་ཡིག་ཆ་དང་རྒྱུ་ཆ། གློག་རྡུལ་གཞི་གྲངས་སོགས་ལ་ཀློག་བཤེར་དང་འདྲ་བཟོ་བྱེད་པ་དང་། སྤོ་སྒྱུར་དང་སྦ་གསང་ངམ་གཏོར་བརླག་ཐེབས་སྲིད་པའི་ཡིག་ཆ་དང་རྒྱུ་ཆ། གློག་རྡུལ་སྒྲིག་ཆས་སོགས་བཀག་སྡོམ་ཉར་ཚགས་བྱེད་པ།

(བཞི) ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གི་འགན་འཁུར་བ་གཙོ་བོས་ཆོག་མཆན་བཀོད་པ་བརྒྱུད་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་འབྲེལ་ཡོད་ཐོ་ཁུངས་ལ་ཁྲིམས་ལྟར་འཚོལ་བཤེར་བྱེད་པ།

བརྟག་དཔྱད་བྱེད་མཁན་མི2ལས་ཉུང་མི་རུང་བར་མ་ཟད་ཁྲིམས་བསྟར་ལག་ཁྱེར་ཡང་བསྟན་དགོས།

བརྟག་དཔྱད་བྱ་ཡུལ་དོན་རྐྱེན་དང་འབྲེལ་བའི་སྡེ་ཚན་དང་མི་སྒེར་གྱིས་བརྟག་དཔྱད་བྱེད་པར་གཞོགས་འདེགས་བྱ་དགོས་པ་ལས་དང་དུ་མི་ལེན་པའམ་འགལ་རྐྱེན་བཟོ་མི་རུང་།

དོན་ཚན་ཉེར་གཉིས་པ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་བྱ་སྤྱོད་ལ་བརྟག་དཔྱད་བྱེད་པར་རྩ་འཛུགས་བྱེད་ཅིང་། དངུལ་བསྡུའི་བྱ་སྤྱོད་མཚམས་འཇོག་པར་བླང་བྱ་འདོན་པའི་དབང་ཆ་ཡོད་པ་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གམ་འབྲེལ་ཡོད་སྡེ་ཁག་གཞན་ལ་བརྡ་སྦྱོར་བཏང་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཐོ་ཁུངས་གསར་འཛུགས་དང་སྒྱུར་བཅོས་སམ་ཐོ་ཁུངས་སུབ་པ་སོགས་ཀྱི་བྱ་བ་མཚམས་འཇོག་ཏུ་འཇུག་དགོས།

དོན་ཚན་ཉེར་གསུམ་པ། ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པ་བརྟག་དཔྱད་བྱས་ནས་ངོས་བཟུང་ཚེ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་དང་ཁྲིམས་འགལ་གྱིས་མ་དངུལ་སྡུད་རོགས་བཅས་ལ་འབྲེལ་ཡོད་ཁྲིམས་འགལ་བྱ་འགུལ་མྱུར་དུ་མཚམས་འཇོག་པར་བཀའ་དབབ་དགོས། བྱས་ཉེས་བསགས་པར་དོགས་པ་ཡོད་ཚེ། གཏན་འབེབས་ལྟར་དུས་ཐོག་ཏུ་གྱོད་དོན་དེ་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱ་དགོས་པར་མ་ཟད། འབྲེལ་ཡོད་བྱ་བ་ལེགས་པར་བསྒྲུབ་པར་གཞོགས་འདེགས་བྱ་དགོས།

སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་བྱ་སྤྱོད་ལ་བརྟག་དཔྱད་བྱས་ནས་ངོས་འཛིན་པ་དེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་པའི་ངེས་བརྒྱུད་ལས་རིམ་མིན།

དོན་ཚན་ཉེར་བཞི་བ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་དགོས་མཁོར་གཞིགས་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་གཤམ་གྱི་བྱེད་ཐབས་སྤྱོད་ཆོག་སྟེ།

(གཅིག) འབྲེལ་ཡོད་ལས་གཉེར་བྱ་ཡུལ་ལ་བཤེར་སྡོམ་བྱེད་ཅིང་། འབྲེལ་ཡོད་རྒྱུ་ནོར་བཤེར་སྡོམ་དང་བཀག་ཉར་བྱེད་པ།

(གཉིས) ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་དང་སྡུད་རོགས་ཀྱིས་འབྲེལ་ཡོད་རྒྱུ་ནོར་ཕྱིར་ལེན་པ་དང་རིན་གོང་བསྒྱུར་ནས་བཙོངས་ཏེ་བསྡུས་པའི་མ་དངུལ་གཙང་སློག་བྱེད་པའི་ཐད་ལ་བཀོལ་དགོས་པའི་བཀའ་འབེབས་པ།

(གསུམ) ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་ཐག་གཅོད་བྱས་པ་བརྒྱུད་དེ། གཏན་འབེབས་ལྟར་རྒྱལ་མཚམས་སུ་འགྲོ་འོང་གི་མཐའ་སྲུང་ཞིབ་བཤེར་ལས་ཁུངས་ལ་བརྡ་སྦྱོར་བཏང་སྟེ། ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་མི་སྒེར་རམ་སྡེ་ཚན་གྱི་མ་རྐང་ཚོད་འཛིན་བྱེད་པའི་རྐང་བདག་དང་དངོས་སུ་ཚོད་འཛིན་བྱེད་མཁན། ལས་འཛིན་པ། ལྟ་བཤེར་བ། མཐོ་རིམ་དོ་དམ་མི་སྣ། དེ་མིན་འགན་ཐད་ཀར་འཁུར་མཁན་གྱི་མི་སྣ་གཞན་དག་བཅས་རྒྱལ་མཚམས་ཕྱིར་འགྲོ་བར་ཚོད་འཛིན་བྱེད་པ།

གོང་གསལ་དོན་ཚན་གྱི་ནང་གསེས་དོན་ཚན་དང་པོ་དང་ཚན་པ་གཉིས་པར་གཏན་འབེབས་བྱས་པའི་བྱེད་ཐབས་སྤྱད་པར་ངེས་པར་དུ་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གི་འགན་འཁུར་བ་གཙོ་བོའི་ཆོག་མཆན་འཐོབ་དགོས།

དོན་ཚན་ཉེར་ལྔ་བ། ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་དང་མ་དངུལ་སྡུད་རོགས་ཀྱིས་དངུལ་བསྡུའི་བྱེད་སྒོར་ཞུགས་མཁན་དག་ལ་བསྡུས་པའི་མ་དངུལ་གཙང་སློག་བྱ་དགོས། གཙང་སློག་བྱེད་པའི་གོ་རིམ་ཁྲོད་དུ་ངེས་པར་དུ་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གི་ལྟ་སྐུལ་དང་ལེན་བྱ་དགོས།

སྡེ་ཚན་དང་མི་སྒེར་གང་ཡིན་རུང་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པའི་ཁྲོད་ནས་དཔལ་འབྱོར་གྱི་ཁེ་ཕན་ལེན་མི་ཆོག

ཁྲིམས་འགལ་གྱིས་མ་དངུལ་བསྡུ་བའི་བྱེད་སྒོར་ཞུགས་ཏེ་གྱོང་གུད་ཐེབས་ཚེ། མ་དངུལ་བསྡུ་བའི་བྱེད་སྒོར་ཞུགས་མཁན་མི་རང་ཉིད་ཀྱིས་འགན་འཁུར་དགོས།

དོན་ཚན་ཉེར་དྲུག་པ། བསྡུ་རུབ་མ་དངུལ་གཙང་སློག་བྱེད་པའི་ཡོང་ཁུངས་ནི།

(གཅིག) ཁྲིམས་འགལ་གྱིས་བསྡུས་པའི་མ་དངུལ་ལྷག་མ།

(གཉིས) ཁྲིམས་འགལ་གྱིས་མ་དངུལ་བསྡུས་པའི་ཁེ་སྤོགས་སམ་བརྗེ་སྒྱུར་བྱས་པའི་རྒྱུ་ནོར་གཞན་དག་དང་དེའི་ཁེ་སྤོགས།

(གསུམ) ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་དང་དེར་མ་རྐང་འཇོག་མཁན། དངོས་སུ་ཚོད་འཛིན་བྱེད་མཁན། ལས་འཛིན་པ། ལྟ་བཤེར་བ། མཐོ་རིམ་དོ་དམ་མི་སྣ་དང་འབྲེལ་ཡོད་མི་སྣ་གཞན་དག་ལ་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ལས་ཐོབ་པའི་དཔལ་འབྱོར་གྱི་ཁེ་སྤོགས།

(བཞི) ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་གྱིས་ཁྲིམས་འགལ་གྱིས་བསྡུས་པའི་མ་དངུལ་དང་འབྲེལ་ཡོད་རྒྱུ་ནོར་སྦ་གསང་དང་སྤོ་སྒྱུར་བྱས་ཡོད་པ་དག

(ལྔ) ཁྲིམས་འགལ་གྱིས་མ་དངུལ་སྡུད་པའི་གོ་རིམ་ཁྲོད་ཐོབ་པའི་བརྡ་ཁྱབ་དང་མགྲིན་ཚབ། ལས་ཚབ་བཅས་ཀྱི་གྲོན་དངུལ་དང་རོགས་ཕན་རྔན་པ། ཕྱིར་སློག་གྲོན་དངུལ། གླ་དངུལ། འཐེན་ཆ་སོགས་དཔལ་འབྱོར་གྱི་ཁེ་ཕན།

(དྲུག) གཙང་སློག་བྱེད་ཆོག་པའི་མ་དངུལ་བསྡུ་རུབ་ཁྲོད་ཀྱི་རྒྱུ་ནོར་གཞན་དག

དོན་ཚན་ཉེར་བདུན་པ། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་བཙུགས་པའི་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་། ཞིང་བའི་ཆེད་ལས་མཉམ་ལས་ཁང་བཅས་ཀྱི་ཚོང་གཉེར་ལག་ཁྱེར་རྩིས་མེད་དུ་གཏང་དགོས། གློག་འཕྲིན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་བཙུགས་པའི་དྲ་ཚིགས་དང་གསར་སྤེལ་བྱས་པའི་སྤོ་སྒུལ་བཀོལ་སྤྱོད་སྒྲིག་རིམ་བཅས་སྦྲེལ་དྲའི་ཉེར་སྤྱོད་དྲ་ཚིགས་ཁྲིམས་ལྟར་སྒོ་གཏན་དགོས།

དོན་ཚན་ཉེར་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་དང་དེའི་ཡན་ལག་ལས་ཁུངས། མངགས་གཏོང་ལས་ཁུངས། ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་བཅས་ཀྱིས་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་བྱ་བ་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས།

སྡེ་ཚན་དང་མི་སྒེར་གང་ཡིན་རུང་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་བྱ་བར་བཀག་འགོག་དང་བར་ཆད་བཟོ་མི་ཆོག

དོན་ཚན་ཉེར་དགུ་བ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་གོ་རིམ་ཁྲོད་དུ་ འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱ་དགོས།

ལེའུ་བཞི་བ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་སུམ་ཅུ་བ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་ལ་མ་དངུལ་བསྡུས་འབོར་གྱི20%ཡན་ནས་དེའི་ལྡབ1མན་གྱི་དངུལ་ཆད་གཅད་དགོས། ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་དེ་སྡེ་ཚན་ཡིན་ན་གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས་ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་ཆོག་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆོག་འཐུས་དཔང་ཡིག་དང་ལས་གཉེར་ལག་ཁྱེར་རམ་ཐོ་འགོད་དཔང་ཡིག་རྩིས་མེད་དུ་གཏང་དགོས། དེའི་ཁྲིམས་བཀོད་འཐུས་ཚབ་པའམ་འགན་འཁུར་བ་གཙོ་བོ། འགན་ཐད་ཀར་འཁུར་མཁན་གྱི་གཙོ་སྐྱོང་མི་སྣ། འགན་ཐད་ཀར་འཁུར་མཁན་གྱི་མི་གཞན་དག་བཅས་ལ་ཐ་ཚིག་བསྒྲགས་ཏེ་སྒོར་ཁྲི50ཡན་ནས་ཁྲི500མན་གྱི་དངུལ་ཆད་གཅད་དགོས། བྱས་ཉེས་བསགས་པ་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་སོ་གཅིག་པ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་ཁྲིམས་འགལ་གྱིས་མ་དངུལ་སྡུད་རོགས་མཁན་ལ་ཐ་ཚིག་བསྒྲགས་ཏེ། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ1ཡན་ནས་ལྡབ3མན་གྱི་དངུལ་ཆད་གཅད་དགོས། བྱས་ཉེས་བསགས་པ་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་སོ་གཉིས་པ། ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་དང་ཁྲིམས་འགལ་གྱིས་མ་དངུལ་སྡུད་རོགས་ཀྱིས་བསྡུས་པའི་མ་དངུལ་ཐུན་མོང་གིས་གཙང་སློག་དང་དངུལ་ཆད་འཇལ་སྤྲོད་བྱེད་པའི་འོས་འགན་སྒྲུབ་མི་ཐུབ་ཚེ། སྔོན་ལ་བསྡུས་པའི་མ་དངུལ་གཙང་སློག་བྱ་དགོས།

དོན་ཚན་སོ་གསུམ་པ། སྲོལ་ཡིག་འདི་གཞིར་བཟུང་ནས་སྲིད་འཛིན་ཆད་པ་ཕོག་པའི་ཁྲིམས་འགལ་གྱིས་མ་དངུལ་སྡུད་མཁན་དང་ཁྲིམས་འགལ་གྱིས་མ་དངུལ་སྡུད་རོགས་ལ་འབྲེལ་ཡོད་སྡེ་ཁག་གིས་ཡིད་རྟོན་ཐོ་འགོད་བྱས་ཏེ། གཏན་འབེབས་ལྟར་དེའི་ཡིད་རྟོན་ཟིན་ཐོ་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་སུ་གཞུག་དགོས།

དོན་ཚན་སོ་བཞི་བ། སྦྲེལ་དྲའི་ཆ་འཕྲིན་ཞབས་ཕྱི་འདོན་སྤྲོད་མཁན་གྱིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་ཆ་འཕྲིན་ལ་ཉེན་ཟོན་དང་ཐག་གཅོད་བྱེད་པའི་འོས་འགན་མ་བསྒྲུབས་ཚེ། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱ་དགོས་པའི་བཀའ་འབེབས་པ་དང་། ཐ་ཚིག་བསྒྲགས་ཏེ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བྱ་དགོས། ཡོ་བསྲང་མི་བྱེད་པའམ་གནས་ཚུལ་ཚབས་ཆེ་བའི་རིགས་ལ་སྒོར་ཁྲི10ཡན་ནས་ཁྲི50མན་གྱི་དངུལ་ཆད་གཅད་དགོས་པར་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ་འབྲེལ་ཡོད་ལས་སྒོ་གནས་སྐབས་སུ་མཚམས་འཇོག་ཏུ་འཇུག་པ་དང་། ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་པ། དྲ་ཚིགས་སྒོ་གཏན་པ། འབྲེལ་ཡོད་ལས་སྒོའི་ཆོག་འཐུས་དཔང་ཡིག་གམ་ལས་གཉེར་ལག་ཁྱེར་རྩིས་མེད་དུ་གཏང་དགོས་པ་དང་། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་འགན་ཐད་ཀར་འཁུར་བའི་མི་སྣ་གཞན་དག་ལ་སྒོར་ཁྲི1ཡན་ནས་ཁྲི10མན་གྱི་དངུལ་ཆད་གཅད་དགོས།

བརྡ་ཁྱབ་སྤེལ་བའི་ལས་གཉེར་མཁན་དང་བརྡ་ཁྱབ་སྤེལ་མཁན་གྱིས་གཏན་འབེབས་ལྟར་འབྲེལ་ཡོད་བདེན་དཔང་ཡིག་ཆ་ལ་དཔྱད་བཤེར་མ་བྱས་པ་དང་བརྡ་ཁྱབ་ཀྱི་ནང་དོན་ལ་ཞིབ་བསྡུར་མ་བྱས་ཚེ། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱ་དགོས་པའི་བཀའ་དབབ་དགོས་པར་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྡ་ཁྱབ་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ཆད་པ་གཅད་དགོས།

དོན་ཚན་སོ་ལྔ་བ། དངུལ་རྩ་ལས་ཁུངས་དང་དངུལ་ཁང་མིན་པའི་གཏོང་སྤྲོད་ལས་ཁུངས་ཀྱིས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་འོས་འགན་མ་བསྒྲུབས་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་དང་དེའི་ཡན་ལག་ལས་ཁུངས་དང་མངགས་གཏོང་ལས་ཁུངས་བཅས་ཀྱིས་ལས་བགོས་འགན་འཁྲི་ལྟར་ཡོ་བསྲང་བྱེད་དུ་འཇུག་པ་དང་ཐ་ཚིག་བསྒྲགས་ཏེ། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བྱ་དགོས་ཤིང་། མཇུག་འབྲས་ཚབས་ཆེན་བཟོས་ཚེ་སྒོར་ཁྲི100ཡན་ནས་ཁྲི500མན་གྱི་དངུལ་ཆད་གཅད་དགོས་ལ། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་འགན་ཐད་ཀར་འཁུར་བའི་མི་སྣ་གཞན་དག་ལ་ཐ་ཚིག་བསྒྲགས་ཏེ་སྒོར་ཁྲི10ཡན་ནས་ཁྲི50མན་གྱི་དངུལ་ཆད་གཅད་དགོས།

དོན་ཚན་སོ་དྲུག་པ། བརྟག་དཔྱད་བྱ་ཡུལ་དོན་རྐྱེན་དང་འབྲེལ་བའི་སྡེ་ཚན་དང་མི་སྒེར་གྱིས་བརྟག་དཔྱད་བྱེད་པར་གཞོགས་འདེགས་མི་བྱེད་ཅིང་། འབྲེལ་ཡོད་ཡིག་ཆ་དང་རྒྱུ་ཆ། གློག་རྡུལ་གཞི་གྲངས་སོགས་འདོན་སྤྲོད་མི་བྱེད་པའམ་ཡང་ན་ཡིག་ཆ་དང་རྒྱུ་ཆ་དང་གློག་རྡུལ་གཞི་གྲངས་སོགས་རྫུན་མ་འདོན་སྤྲོད་བྱས་ཚེ། ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་སྣེ་ཁྲིད་སྡེ་ཁག་གིས་ཡོ་བསྲང་བྱ་དགོས་པའི་བཀའ་འབེབས་པ་དང་། ཐ་ཚིག་བསྒྲགས་ཏེ་སྒོར་ཁྲི5ཡན་ནས་ཁྲི50མན་གྱི་དངུལ་ཆད་གཅད་དགོས།

བརྟག་དཔྱད་བྱེད་མཁན་གྱིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པར་བཀག་འགོག་བྱས་ནས་བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་གྲུབ་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་སྐྱོང་དོ་དམ་གྱི་ཆད་པ་གཅད་དགོས་པ་དང་། བྱས་ཉེས་བསགས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་སོ་བདུན་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣར་གཤམ་གྱི་བྱ་སྤྱོད་དག་ལས་རིགས་གཅིག་ཡོད་ན་ཁྲིམས་ལྟར་ཆད་པ་གཅད་དགོས་ཏེ།

(གཅིག) གཙོ་གཉེར་དང་ལྟ་སྐུལ་བྱ་ཡུལ་སྡེ་ཚན་ལ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་དོགས་ཡོད་ཀྱི་བྱ་སྤྱོད་ཡོད་པ་ཤེས་བཞིན་དུ་དུས་ཐོག་ཏུ་ཁྲིམས་ལྟར་ཐག་མ་བཅད་པ།

(གཉིས) ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་བྱེད་པའི་ལས་འགན་གཏན་འབེབས་ལྟར་དུས་ཐོག་ཏུ་ལག་བསྟར་མ་བྱས་པའམ་ཡང་ན་ཁྲིམས་འགལ་གྱིས་མ་དངུལ་བསྡུས་པ་ཐག་གཅོད་པའི་བྱ་བར་གཞོགས་འདེགས་མ་བྱས་པར་མཇུག་འབྲས་ཚབས་ཆེན་བཟོས་པ།

(གསུམ) ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་པའི་གོ་རིམ་ཁྲོད་དུ་འགན་དབང་གང་བྱུང་དུ་སྤྱད་པ་དང་རང་འགན་སྣང་མེད་དུ་བཞག་པ། ཉེར་ཕྱོགས་གཡོ་ཟོལ་བྱས་པ།

(བཞི) འགན་འཁྲི་སྒྲུབ་པའི་སྤྱོད་ལམ་མམ་འགན་འཁྲིའི་ཤུགས་རྐྱེན་ལ་བརྟེན་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་རྒྱབ་སྐྱོར་དང་འགེབ་སྲུང་བྱས་ཤིང་རྒྱ་ཡན་དུ་བཏང་བ། དོན་ཚན་གོང་མར་གཏན་ཁེལ་བྱས་པའི་བྱ་སྤྱོད་དེ་བྱས་ཉེས་སུ་གྲུབ་ན་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

ལེའུ་ལྔ་བ། ཞར་བྱུང་དོན་ཚན།

དོན་ཚན་སོ་བརྒྱད་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོས་སྲོལ་ཡིག་འདི་གཞིར་བཟུང་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་བར་ཉེན་ཟོན་དང་ཐག་གཅོད་བྱེད་པའི་ལག་བསྟར་བྱེད་སྲོལ་ཞིབ་ཕྲ་བཟོ་ཆོག

དོན་ཚན་སོ་དགུ་བ། ཁྲིམས་ལྟར་ཆོག་མཆན་མ་ཐོབ་པའམ་ཡང་ན་རྒྱལ་ཁབ་ཀྱི་དངུལ་རྩ་དོ་དམ་གཏན་འབེབས་དང་འགལ་ཏེ་དངུལ་བུན་གཏོང་སྤྲོད་དང་བསྡོམས་རྩིས་རྒྱག་པ། དངུལ་འཛིན་ལྟར་སྒོར་མོ་སྤྲོད་པ་སོགས་ཀྱི་དངུལ་རྩའི་ལས་སྒོ་རང་དགར་སྤེལ་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་གམ་ས་གནས་ཀྱི་དངུལ་རྩ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དང་དོ་དམ་གྱི་ལས་བགོས་འགན་འཁྲི་ལྟར་ཐག་གཅད་དགོས།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་ཁྲིམས་འགལ་གྱི་དངུལ་རྩའི་ལས་སྒོ་གཞན་དག་ལ་ཉེན་ཟོན་དང་ཐག་གཅོད་བྱེད་པའི་ཐད་ལ་གཏན་འབེབས་གསལ་བོ་མེད་ཚེ། སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ལག་བསྟར་བྱ་དགོས། ཁྲིམས་འགལ་གྱི་དངུལ་རྩའི་ལས་སྒོ་གཞན་དག་གི་རིགས་བྱེ་བྲག་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་དོ་དམ་སྡེ་ཁག་གིས་གཏན་ཁེལ་བྱ་དགོས།

དོན་ཚན་བཞི་བཅུ་བ། སྲོལ་ཡིག་འདི2021ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་སྟེ་ལག་ཏུ་བསྟར་དགོས། 1998ལོའིཟླ7པའི་ཚེས13ཉིན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི《ཁྲིམས་འགལ་གྱི་དངུལ་རྩ་ལས་ཁུངས་དང་ཁྲིམས་འགལ་གྱི་དངུལ་རྩའི་ལས་སྒོའི་མེད་པར་བཟོ་ཐབས》དུས་མཉམ་དུ་རྩིས་མེད་དུ་གཏང་དགོས།