ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག

ཨང741པ།

བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། 2021ལོའི་ཟླ9བའི་ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས།

ཙུང་ལི་ལི་ཁེ་ཆང་།

2021ལོའི་ཟླ4བའི་ཚེས7ཉིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག

(2004ལོའི་ཟླ3པའི་ཚེས5ཉིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང399བར་ཁྱབ་བསྒྲགས་བྱས་ཤིང་། 2021ལོའི་ཟླ4བའི་ཚེས7ཉིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང741པར་བཟོ་བཅོས་བརྒྱབ།)

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས》(གཤམ་དུ་དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་ཞེས་བསྡུས)གཞིར་བཟུང་སྟེ་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། རྒྱལ་ཁབ་ལས་ཁུངས་ཕུད་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་སམ་མི་སྒེར་གྱིས་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་མིན་པའི་གྲོན་དངུལ་བཀོལ་ནས་རིམ་པ་སོ་སོའི་དམངས་གཉེར་སློབ་གྲྭ་རིགས་མི་འདྲ་བ་འཛུགས་གཉེར་བྱེད་ཆོག་མོད། འོན་ཀྱང་དམག་དོན་དང་ཉེན་རྟོག ཆབ་སྲིད་སོགས་དམིགས་བསལ་རང་བཞིན་གྱི་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མི་ཆོག

དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་དང་སྲོལ་ཡིག་འདིའི་ནང་བརྗོད་པའི་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་གྲོན་དངུལ་ཞེས་པ་ནི། ནོར་སྲིད་གཏོང་དངུལ་དང་ཁྲིམས་ལྟར་ཐོབ་ཅིང་རྒྱལ་མཛོད་དམ་ཡང་ན་ནོར་སྲིད་ཆེད་སྤྱོད་རྩིས་ཁྲར་སྤྲད་དགོས་པའི་ནོར་སྲིད་རང་བཞིན་གྱི་མ་དངུལ་ལ་ཟེར་བ་ཡིན།

དོན་ཚན་གསུམ་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པར་ཁྲིམས་ལྟར་རྒྱབ་སྐྱོར་བྱེད་པ་དང་ཚད་ལྡན་དུ་བཏང་སྟེ། དམངས་གཉེར་སློབ་གྲྭས་ཁྲིམས་ལྟར་སློབ་གསོ་སྤེལ་བ་དང་རང་བདག་སྒོས་དོ་དམ་བགྱིད་པར་འགན་སྲུང་བྱེད་པ་དང་། དམངས་གཉེར་སློབ་གྲྭས་སྤུས་ཚད་མཐོར་འདེགས་དང་ཁྱད་ཆོས་འདོན་སྤེལ་བྱེད་པར་བསྟོད་སྐུལ་དང་ཁྲིད་སྟོན་བྱས་ཏེ། སྣ་མང་ཅན་གྱི་སློབ་གསོའི་དགོས་མཁོ་སྐོང་ཐབས་བྱ་དགོས།

དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱས་པ་གཟེངས་སུ་ཐོན་པའམ་ཡང་ན་དམངས་གཉེར་སློབ་གསོའི་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་སམ་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བྱ་དགའ་སྟེར་བ་དང་གཟེངས་བསྟོད་བྱ་དགོས།

དོན་ཚན་བཞི་བ། དམངས་གཉེར་སློབ་གྲྭས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་སྤེལ་ཕྱོགས་རྒྱུན་འཁྱོངས་དང་། སློབ་གསོའི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བཅས་བྱས་ཏེ། སློབ་གསོ་མྱོང་མཁན་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།

དམངས་གཉེར་སློབ་གྲྭའི་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་མཐིལ་ཕྱིན་བྱ་དགོས་པ་དང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་གཞིར་བཟུང་སྟེ་སློབ་གྲྭའི་ཇུས་ཐག་གལ་ཆེན་གཅོད་པའི་ལས་ལ་ཞུགས་དགོས་པ་མ་ཟད་དེར་ལྟ་སྐུལ་ཡང་བྱ་དགོས།

ལེའུ་གཉིས་པ། དམངས་གཉེར་སློབ་གྲྭ་འཛུགས་ཚུལ།

དོན་ཚན་ལྔ་བ། རྒྱལ་ཁབ་ལས་ཁུངས་ཕུད་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་སམ་མི་སྒེར་གྱིས་ཁེར་རྐྱང་དུའམ་མཉམ་འབྲེལ་སྒོས་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་ཆོག མཉམ་འབྲེལ་སྒོས་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་ན། མཉམ་འབྲེལ་སྒོས་སློབ་གྲྭ་འཛུགས་གཉེར་བྱེད་པའི་གྲོས་ཆིངས་བཞག་སྟེ་མཉམ་ལས་བྱེད་སྟངས་དང་ཕྱོགས་སོ་སོའི་ཁེ་དབང་འོས་འགན། རྩོད་གཞི་ཐག་གཅོད་བྱེད་སྟངས་སོགས་ཁ་གསལ་བཟོ་དགོས།

ཞལ་འདེབས་རྒྱག་པ་དང་ཐེབས་རྩ་ཚོགས་པ་འཛུགས་པ་སོགས་ལ་བརྟེན་ནས་ཁྲིམས་ལྟར་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན། ཞལ་འདེབས་རྒྱག་པ་སོགས་ལ་བརྟེན་ནས་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པར་འཛུགས་གཉེར་བྱེད་མཁན་མེད་ན། སློབ་གྲྭ་འཛུགས་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འཛུགས་གཉེར་བྱེད་མཁན་གྱི་འགན་དབང་ནི་གྲོས་འགོ་འདོན་མཁན་གྱིས་ལག་བསྟར་བྱ་དགོས།

ཀྲུང་གོའི་རྒྱལ་མཚམས་ནང་ཁུལ་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པས་མ་རྩ་བཏང་བའི་ཁེ་ལས་དང་དོན་དངོས་ཚོད་འཛིན་བྱེད་མཁན་ཕྱི་ཕྱོགས་ཡིན་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པ་དང་འཛུགས་གཉེར་བྱེད་པར་ཞུགས་པའམ་ཡང་ན་དོན་དངོས་ཚོད་འཛིན་བཅས་བྱེད་མི་ཆོག རིགས་གཞན་པའི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་ན། ཕྱི་རྒྱལ་ཚོང་པས་མ་རྩ་འཇོག་པའི་སྐོར་གྱི་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་དགོས།

དོན་ཚན་དྲུག་པ། དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པའི་སྤྱི་ཚོགས་རྩ་འཛུགས་སམ་མི་སྒེར་ལ་ཡིད་རྟོན་གནས་ཚུལ་ལེགས་པོ་ཡོད་དགོས། དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པར་དངུལ་ལོར་མ་རྩར་འཇོག་ཆོག་ལ། དངོས་རྫས་དང་འཛུགས་སྐྲུན་བྱེད་སའི་སྤྱོད་དབང་དང་། ཤེས་བྱའི་ཐོན་དབང་སོགས་དངུལ་ལོར་གྱིས་རིན་གོང་ཚོད་རྩིས་བྱེད་ཆོག་པ་མ་ཟད་ཁྲིམས་ལྟར་བཤུག་སྤྲོད་ཀྱང་བྱེད་ཆོག་པའི་དངུལ་ལོར་མ་ཡིན་པའི་རྒྱུ་ནོར་ལ་གོང་བཅད་ནས་མ་རྩར་འཇོག་ཆོག འོན་ཀྱང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་མ་རྩར་འཇོག་མི་ཆོག་པ་གཏན་ལ་ཕབ་ཡོད་པའི་རྒྱུ་ནོར་དེའི་ཁོངས་སུ་མི་གཏོགས།

དོན་ཚན་བདུན་པ། འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་གཞུང་གཉེར་སློབ་གྲྭས་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མི་ཆོག་ལ་འཛུགས་གཉེར་བྱེད་པར་ཞུགས་མི་ཆོག་པ་མ་ཟད། དེ་དམངས་གཉེར་སློབ་གྲྭར་བསྒྱུར་ཡང་མི་ཆོག གཞུང་གཉེར་སློབ་གྲྭ་གཞན་དག་གིས་ཁེ་གཉེར་རང་བཞིན་གྱི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མི་ཆོག་ལ་འཛུགས་གཉེར་བྱེད་པར་ཞུགས་ཀྱང་མི་ཆོག འོན་ཀྱང་ལས་རིགས་སློབ་གསོ་ལག་བསྟར་བྱེད་པའི་གཞུང་གཉེར་སློབ་གྲྭས་ཁེ་ལས་ཀྱི་མ་རྩ་དང་ལག་རྩལ་དང་དོ་དམ་སོགས་རྒྱུ་རྐྱེན་གཙོ་བོ་འགུག་ཐབས་བྱས་ཏེ། ལས་རིགས་སློབ་གསོ་ལག་བསྟར་བྱེད་པའི་ཁེ་གཉེར་རང་བཞིན་གྱི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པའམ་ཡང་ན་འཛུགས་གཉེར་བྱེད་པར་ཞུགས་ཆོག་གོ།

གཞུང་གཉེར་སློབ་གྲྭས་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པའམ་འཛུགས་གཉེར་བྱེད་པར་ཞུགས་ན། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་གྲོན་དངུལ་བཀོལ་མི་ཆོག་ལ། གཞུང་གཉེར་སློབ་གྲྭའི་སློབ་ཁྲིད་བྱེད་སྒོར་གནོད་རྐྱེན་བཟོ་མི་ཆོག་ཅིང་། ཚོང་རྟགས་གྲགས་ཅན་ཕྱིར་གཏོང་བྱེད་པ་ཁོ་ནར་བརྟེན་ནས་སློབ་གྲྭ་འཛུགས་གཉེར་བྱེད་པར་ཞུགས་མི་ཆོག་པ་མ་ཟད། དེའི་གཙོ་སྐྱོང་སྡེ་ཁག་གིས་ཆོག་མཆན་དགོད་དགོས། གཞུང་གཉེར་སློབ་གྲྭས་ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པའམ་འཛུགས་གཉེར་བྱེད་པར་ཞུགས་ན། དོ་དམ་གྲོན་དངུལ་སོགས་ཀྱི་རྣམ་པ་བརྒྱུད་དེ་སློབ་གྲྭ་འཛུགས་གཉེར་གྱི་ཁེ་འབབ་ལེན་པའམ་ཡང་ན་ཐབས་ཚུལ་བསྒྱུར་ནས་ལེན་པ་ནི་མི་ཆོག་གོ།

གཞུང་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པའམ་འཛུགས་གཉེར་བྱེད་པར་ཞུགས་པའི་དམངས་གཉེར་སློབ་གྲྭ་ལ་རང་རྐྱ་འཕེར་བའི་ཁྲིམས་མིའི་ཐོབ་ཐང་ཡོད་དགོས་པ་དང་། གཞུང་གཉེར་སློབ་གྲྭ་དང་སོ་སོར་བྲལ་བའི་སློབ་ར་དང་། གཞི་རྩའི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་བཀོད། རང་རྐྱ་འཕེར་བའི་ཆེད་བསྐོས་དགེ་རྒན་གྱི་དཔུང་སྡེ་བཅས་ཡོད་དགོས་ཤིང་། རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་རྩིས་གཉེར་ལམ་ལུགས་ལྟར་རང་རྐྱ་འཕེར་བར་རྩིས་གཉེར་ཞིབ་རྩིས་རྒྱག་པ་དང་། རང་རྐྱ་འཕེར་བར་སློབ་མ་བསྡུ་བ་དང་། རང་རྐྱ་འཕེར་བར་སློབ་གཉེར་ལག་ཁྱེར་སྤྲད་དགོས།

དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པའམ་འཛུགས་གཉེར་བྱེད་པར་ཞུགས་པའི་གཞུང་གཉེར་སློབ་གྲྭར་འཛུགས་གཉེར་བྱེད་མཁན་གྱི་ཁེ་དབང་ཁྲིམས་ལྟར་ལོངས་སྤྱོད་བྱེད་དབང་ཡོད་པ་དང་། རྒྱལ་དབང་རྒྱུ་ནོར་ལ་དོ་དམ་བྱེད་པའི་འོས་འགན་ཁྲིམས་ལྟར་བསྒྲུབ་དགོས།

དོན་ཚན་བརྒྱད་པ། ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་དབང་ཁེ་ལས་དང་གཞུང་གཉེར་སློབ་གསོའི་ཐོན་ཁུངས་བཀོལ་ནས་འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མི་ཆོག་ལ་འཛུགས་གཉེར་བྱེད་པར་ཞུགས་ཀྱང་མི་ཆོག

དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པར་རྒྱལ་དབང་རྒྱུ་ནོར་ཞུགས་ཡོད་ན། རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྐོར་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། དཔྱད་དཔོག་ཐོབ་ཐང་ཡོད་པའི་མཚམས་སྦྱོར་ལས་ཁུངས་གདན་དྲངས་ནས་ཁྲིམས་ལྟར་དཔྱད་དཔོག་བྱ་དགོས་པ་དང་། དཔྱད་དཔོག་བྱས་འབྲས་ལ་གཞིགས་ནས་མ་རྩ་འཇོག་པའི་གྲངས་འབོར་གཏན་ཁེལ་ལུགས་མཐུན་བྱེད་པ་མ་ཟད། གཞུང་དབང་རྒྱུ་ནོར་དེར་ལྟ་སྐུལ་དོ་དམ་བྱེད་འགན་ཁུར་བའི་ལས་ཁུངས་ལ་ཞུ་ཚགས་དགོད་དགོས།

དོན་ཚན་དགུ་བ། ཁེ་ལས་ཀྱིས་མ་རྩ་ཁེར་འཇོག་དང་མ་རྩ་མཉམ་འཇོག་དང་མཉམ་ལས་སོགས་ཀྱི་ཐབས་ལ་བརྟེན་ནས་ལས་རིགས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭ་ཁྲིམས་ལྟར་འཛུགས་གཉེར་བྱེད་པའམ་འཛུགས་གཉེར་བྱེད་པར་ཞུགས་པ་ལ་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན།

དོན་ཚན་བཅུ་བ། དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་ན་མ་རྩ་དུས་ཐོག་ཏུ་ཁ་ཚང་འཇོག་པའི་འོས་འགན་བསྒྲུབ་དགོས། དམངས་གཉེར་སློབ་གྲྭ་གནས་ཡུན་དུ་དེ་འཛུགས་གཉེར་བྱེད་མཁན་གྱིས་མ་རྩ་ལྐོག་འཐེན་བྱེད་མི་ཆོག་ལ། སློབ་གྲྭ་འཛུགས་གཉེར་གྱི་གྲོན་དངུལ་གཞན་དུ་སྤྱོད་མི་ཆོག

འཛུགས་གཉེར་བྱེད་མཁན་གྱིས་ཁྲིམས་ལྟར་མ་དངུལ་བསྡུ་རུབ་བྱས་ཏེ་ཁེ་གཉེར་རང་བཞིན་གྱི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་ཆོག་པ་དང་། བསྡུ་རུབ་བྱས་པའི་མ་དངུལ་དེ་གཙོ་བོ་སློབ་གྲྭ་འཛུགས་གཉེར་བྱེད་པར་སྤྱོད་པ་ལས་རང་དགར་སྤྱོད་སྒོ་གཞན་དུ་བསྒྱུར་མི་ཆོག་པ་མ་ཟད། གཏན་འབེབས་ལྟར་ཆ་འཕྲིན་ཕྱི་རུ་བསྒྲགས་པའི་འོས་འགན་ཡང་བསྒྲུབ་དགོས། དམངས་གཉེར་སློབ་གྲྭ་དང་དེ་འཛུགས་གཉེར་བྱེད་མཁན་གྱིས་རོགས་སྐྱོར་གྲོན་དངུལ་སོགས་ཀྱི་མིང་གཡར་ཏེ་སློབ་མ་དང་སློབ་མའི་ཁྱིམ་བདག་གི་ལག་ནས་སློབ་ཞུགས་དང་འབྲེལ་བའི་གྲོན་དངུལ་བསྡུ་བའམ་ཡང་ན་ཐབས་ཚུལ་བསྒྱུར་ནས་བསྡུ་བ་ནི་མི་ཆོག་གོ།

དོན་ཚན་བཅུ་གཅིག་པ། འཛུགས་གཉེར་བྱེད་མཁན་གྱིས་ཁྲིམས་ལྟར་སློབ་གྲྭའི་སྒྲིག་ཡིག་གཏན་ལ་འབེབས་པ་དང་། དམངས་གཉེར་སློབ་གྲྭའི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་ཀྱི་ཁོངས་མི་འདེམ་སྒྲུག་བྱེད་པའི་འགན་འཁུར་དགོས།

འཛུགས་གཉེར་བྱེད་མཁན་ནི་བཅའ་ཁྲིམས་ཁྲིམས་སྲོལ་དང་སློབ་གྲྭའི་སྒྲིག་ཡིག་ཏུ་གཏན་ལ་ཕབ་པའི་གོ་རིམ་དང་བླང་བྱ་ལྟར་ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་སུ་ཞུགས་ཆོག་པའམ་ཡང་ན་འཐུས་མི་མངགས་ནས་ཞུགས་ཆོག་པ་མ་ཟད། སློབ་གྲྭའི་སྒྲིག་ཡིག་ཏུ་གཏན་ལ་ཕབ་པའི་དབང་ཚད་ལྟར་བབ་མཐུན་གྱི་ཇུས་གཅོད་དབང་ཆ་དང་དོ་དམ་དབང་ཆའང་བཀོལ་ཆོག།

དོན་ཚན་བཅུ་གཉིས་པ། དམངས་གཉེར་སློབ་གྲྭའི་འཛུགས་གཉེར་བྱེད་མཁན་བརྗེ་ན་བརྗེ་བསྒྱུར་གྲོས་ཆིངས་འཇོག་དགོས་མོད། འོན་ཀྱང་སློབ་གྲྭའི་ཁྲིམས་མིའི་རྒྱུ་ནོར་དང་འབྲེལ་བ་ཡོད་མི་ཆོག་ལ། སློབ་གྲྭའི་འཕེལ་རྒྱས་ལ་གནོད་རྐྱེན་བཟོ་མི་ཆོག་ཅིང་དགེ་སློབ་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག ད་ཡོད་ཀྱི་དམངས་གཉེར་སློབ་གྲྭའི་འཛུགས་གཉེར་བྱེད་མཁན་བརྗེ་ན། དེར་ཁྲིམས་ལྟར་མངའ་བའི་ཁྲིམས་མཐུན་ཁེ་དབང་ལ་གཞིགས་ནས་རྗེས་འཛིན་གྱི་འཛུགས་གཉེར་བྱེད་མཁན་དང་ཁེ་འབབ་བརྗེ་བསྒྱུར་གྱི་ཁ་ཆད་གྲོས་ཆིངས་བཞག་ཆོག

དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མཁན་ལ་ཁྲིམས་བཀོད་ཀྱི་ཆ་རྐྱེན་མི་ཚང་བར་གྱུར་ན། ཟླ་6གི་ནང་ཚུན་དུ་མཆན་འགོད་ལས་ཁུངས་ལ་བརྗེ་བསྒྱུར་གྱི་རེ་བ་གདོན་དགོས། དུས་བཅད་ལས་འདའ་ཡང་མ་བརྗེས་ན། མཆན་འགོད་ལས་ཁུངས་ཀྱིས་བཀའ་ཕབ་ནས་བརྗེ་རུ་འཇུག་དགོས།

འཛུགས་གཉེར་བྱེད་མཁན་ནི་ཁྲིམས་མི་ཡིན་ན། དེའི་མ་རྐང་ཚོད་འཛིན་གྱི་རྐང་བདག་དང་དོན་དངོས་ཚོད་འཛིན་བྱེད་མཁན་ལ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་ལ་ཕབ་པའི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པའི་ཆ་རྐྱེན་ཚང་དགོས་པ་དང་། མ་རྐང་ཚོད་འཛིན་གྱི་རྐང་བདག་དང་དོན་དངོས་ཚོད་འཛིན་བྱེད་མཁན་བརྗེས་ཚེ། གཙོ་སྐྱོང་སྡེ་ཁག་ཏུ་ཞུ་ཚགས་འགོད་པ་མ་ཟད་གསལ་བསྒྲགས་ཀྱང་བྱ་དགོས།

འཛུགས་གཉེར་བྱེད་མཁན་བརྗེ་བ་དེ་ཁྲིམས་བཀོད་ཀྱི་ཆ་རྐྱེན་དང་མཐུན་ན། གཏན་ལ་ཕབ་པའི་དུས་ཡུན་ནང་ཚུན་དུ་མཆན་འགོད་ལས་ཁུངས་ཀྱིས་བརྗེ་བའི་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་བཅུ་གསུམ་པ། དམངས་གཉེར་སློབ་གྲྭ་མང་པོ་ཆབས་ཅིག་ཏུ་འཛུགས་གཉེར་བྱེད་པའམ་དོན་དངོས་ཚོད་འཛིན་བྱེད་པ་ཡིན་ན། འཛུགས་གཉེར་བྱེད་མཁན་ནམ་དོན་དངོས་ཚོད་འཛིན་བྱེད་མཁན་ལ་རང་གིས་སློབ་གྲྭ་འཛུགས་གཉེར་གྱི་བྱེད་སྒོ་དང་འཚམ་པའི་མ་དངུལ་དང་། མི་སྣ། རྩ་འཛུགས་ལས་ཁུངས་སོགས་ཀྱི་ཆ་རྐྱེན་དང་ནུས་པ་འཛོམས་དགོས་པ་མ་ཟད། འཛུགས་གཉེར་བྱས་པའི་དམངས་གཉེར་སློབ་གྲྭ་དེར་དོ་དམ་དང་ལྟ་སྐུལ་བྱེད་པའི་འགན་འཁྲི་འཁུར་དགོས།

དམངས་གཉེར་སློབ་གྲྭ་མང་པོ་ཆབས་ཅིག་ཏུ་འཛུགས་གཉེར་བྱེད་པའམ་དོན་དངོས་ཚོད་འཛིན་བྱེད་པའི་འཛུགས་གཉེར་བྱེད་མཁན་ནམ་དོན་དངོས་ཚོད་འཛིན་བྱེད་མཁན་གྱིས་རང་གིས་འཛུགས་གཉེར་བྱེད་པའམ་དོན་དངོས་ཚོད་འཛིན་བྱེད་པའི་དམངས་གཉེར་སློབ་གྲྭ་ལ་བསླབ་གཞི་དང་། བསླབ་ཚན། ལག་རྩལ་གྱི་རྒྱབ་སྐྱོར་སོགས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱེད་པ་དང་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་རྩ་འཛུགས་བྱེད་པ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པ་མ་ཟད། བབ་མཚུངས་ཀྱི་སྤུས་ཀའི་ཚད་གཞི་དང་འགན་སྲུང་རྐྱེན་སྲོལ་ཡང་གཟུག་དགོས།

དམངས་གཉེར་སློབ་གྲྭ་མང་པོ་ཆབས་ཅིག་ཏུ་འཛུགས་གཉེར་བྱེད་པའམ་དོན་དངོས་ཚོད་འཛིན་བྱེད་པ་ཡིན་ན། དེས་འཛུགས་གཉེར་བྱེད་པའམ་དོན་དངོས་ཚོད་འཛིན་བྱེད་པའི་དམངས་གཉེར་སློབ་གྲྭས་ཁྲིམས་ལྟར་རང་རྐྱ་འཕེར་བར་སློབ་གཉེར་བྱེད་སྒོ་སྤེལ་ཐུབ་པ་འགན་སྲུང་བྱ་དགོས་པ་དང་། སློབ་གྲྭ་གནས་ཡུན་དུ་རྒྱུ་ནོར་ཡོད་ཚད་སློབ་གྲྭས་ཁྲིམས་ལྟར་དོ་དམ་དང་བེད་སྤྱོད་བྱ་དགོས། འཛུགས་གཉེར་བྱེད་པའམ་དོན་དངོས་ཚོད་འཛིན་བྱེད་པའི་ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭའི་ངོ་བོ་བསྒྱུར་ཏེ། ཐད་ཀར་རམ་གཞན་བརྒྱུད་ཀྱིས་སློབ་གཉེར་ཡོང་འབབ་ལེན་མི་ཆོག་ལ། ཁྲོམ་རའི་དབང་སྒྱུར་གོ་གནས་གང་བྱུང་དུ་སྤྱད་དེ་འགྲན་རྩོད་ཕྱིར་འབུད་དང་བཀག་སྡོམ་བྱེད་མི་ཆོག

སྤྱི་ཚོགས་རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་ཟླ་སྒྲིལ་གྱི་ཉོ་སྒྲུབ་དང་གྲོས་ཆིངས་ཀྱི་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱད་དེ་འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭ་དང་སློབ་སྔོན་སློབ་གསོ་ལག་བསྟར་བྱེད་པའི་ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭར་ཚོད་འཛིན་བྱེད་མི་ཆོག

དོན་ཚན་བཅུ་བཞི་བ། རྒྱལ་ཁབ་ཀྱིས་ཁས་ལེན་པའི་སློབ་གསོའི་རྒྱུགས་ལེན་དང་། ལས་རིགས་ཐོབ་ཐང་རྒྱུགས་ལེན། ལས་རིགས་ནུས་རྩལ་རིམ་པའི་རྒྱུགས་ལེན་སོགས་ལག་བསྟར་བགྱིད་པའི་ལས་ཁུངས་ཀྱིས་རང་གི་རྒྱུགས་ལེན་བྱ་དང་འབྲེལ་བའི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པའམ་འཛུགས་གཉེར་བྱེད་པར་ཞུགས་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།

དོན་ཚན་བཅོ་ལྔ་བ། དམངས་གཉེར་སློབ་གྲྭ་འཛུགས་པར་ཞིབ་མཆན་འགོད་པའི་དབང་ཚད་ནི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལག་ལེན་དུ་བསྟར་དགོས།

ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་འགན་འཁྲི་བསྒྲུབ་དགོས། འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭ་འཛུགས་ན། ས་གནས་དེ་གའི་འགན་བབས་སློབ་གསོ་གོང་སྤེལ་འཆར་གཞི་དང་མཐུན་དགོས།

དོན་ཚན་བཅུ་དྲུག་པ། དམངས་གཉེར་སློབ་གྲྭས་སྦྲེལ་དྲའི་ལག་རྩལ་སྤྱད་དེ་དྲ་ཐོག་ནས་སློབ་གསོའི་བྱེད་སྒོ་སྤེལ་བར་རྒྱལ་ཁྱབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན།

སྦྲེལ་དྲའི་ལག་རྩལ་སྤྱད་དེ་དྲ་ཐོག་ནས་སློབ་གསོའི་བྱེད་སྒོ་སྤེལ་ན། རྒྱལ་ཁབ་ཀྱི་སྦྲེལ་དྲ་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་དགོས། སྦྲེལ་དྲའི་ལག་རྩལ་སྤྱད་དེ་དྲ་ཐོག་ནས་སློབ་གསོའི་བྱེད་སྒོ་སྤེལ་བའི་དམངས་གཉེར་སློབ་གྲྭས་བབ་མཚུངས་ཀྱི་སློབ་གཉེར་ཆོག་འཐུས་ལེན་དགོས།

དམངས་གཉེར་སློབ་གྲྭས་སྦྲེལ་དྲའི་ལག་རྩལ་སྤྱད་དེ་དྲ་ཐོག་ནས་སློབ་གསོའི་བྱེད་སྒོ་སྤེལ་ན། སྦྲེལ་དྲའི་བདེ་འཇགས་དོ་དམ་ལམ་ལུགས་དང་བདེ་འཇགས་སྲུང་སྐྱོང་ལག་རྩལ་གྱི་ཐབས་བཀོད་ཁྲིམས་ལྟར་བཙུགས་ཏེ་དོན་འཁྱོལ་བྱ་དགོས་པ་དང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཁྱབ་བསྒྲགས་སམ་བརྒྱུད་གཏོང་བྱ་རྒྱུ་གཏན་འགོག་བྱས་པའི་ཆ་འཕྲིན་མཐོང་ཚེ། འཕྲལ་མར་བརྒྱུད་གཏོང་བྱེད་མཚམས་འཇོག་དགོས་པ་དང་། དེ་མེད་པར་གཏོང་ཐབས་སོགས་སྤྱད་ནས་ཆ་འཕྲིན་ཁྱབ་འགྱེད་འགྲོ་བར་སྔོན་འགོག་དང་འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱ་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས།

རྒྱལ་ཁབ་གཞན་གྱི་མི་སྣས་སྦྲེལ་དྲའི་ལག་རྩལ་སྤྱད་དེ་དྲ་ཐོག་ནས་སློབ་གསོའི་བྱེད་སྒོ་སྤེལ་ན། སློབ་གསོའི་སྐོར་དང་ཕྱི་རྒྱལ་བས་ཀྲུང་གོར་ལས་ཀ་གཉེར་བར་དོ་དམ་སྐོར་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་བརྩི་སྲུང་བྱ་དགོས།

དོན་ཚན་བཅུ་བདུན་པ། དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མཁན་གྱིས་གྲབས་འཛུགས་ཀྱི་ཆོག་མཆན་ཡི་གེ་བླངས་ཉིན་ནས་བཟུང་ལོ3ནང་ཚུན་དུ་གྲབས་འཛུགས་བྱ་བ་བསྒྲུབས་ཚར་ན། དངོས་སུ་འཛུགས་རྒྱུའི་རེ་ཞུ་འདོན་ཆོག

དམངས་གཉེར་སློབ་གྲྭས་གྲབས་འཛུགས་བྱེད་ཡུན་དུ་སློབ་མ་སྡུད་མི་ཆོག

དོན་ཚན་བཅོ་བརྒྱད་པ། བསླབ་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭ་དངོས་སུ་འཛུགས་རྒྱུའི་རེ་ཞུ་བཏོན་ན། མཆན་འགོད་ལས་ཁུངས་ཀྱིས་རེ་ཞུ་བདག་སྤྲོད་བྱས་རྗེས་ཆེད་མཁས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ནས་གྲོས་དཔྱད་བྱ་དགོས་པ་དང་། ཆེད་མཁས་ཨུ་ཡོན་ལྷན་ཁང་གིས་འདྲི་རྟོག་བསམ་འཆར་གདོན་དགོས།

དོན་ཚན་བཅུ་དགུ་བ། དམངས་གཉེར་སློབ་གྲྭའི་སྒྲིག་ཡིག་ནང་གཤམ་གསལ་གྱི་དོན་ཚན་གཙོ་བོ་གཏན་འབེབས་བྱ་དགོས་པ་སྟེ།

(གཅིག)སློབ་གྲྭའི་མིང་དང་སྡོད་གནས། སློབ་གྲྭ་འཛུགས་གནས། ཁྲིམས་མིའི་ངོ་བོ།

(གཉིས)འཛུགས་གཉེར་བྱེད་མཁན་གྱི་ཁེ་དབང་དང་འོས་འགན་དང་། འཛུགས་གཉེར་བྱེད་མཁན་བརྗེ་བསྒྱུར་དང་ཁེ་དབང་བཤུག་སྤྲོད་བྱེད་ཐབས།

(གསུམ)སློབ་གྲྭ་འཛུགས་གཉེར་བྱེད་པའི་དམིགས་དོན་དང་། འཕེལ་རྒྱས་གནས་ངེས། རིམ་པ། རིགས་སྣ། གཞི་ཁྱོན། རྣམ་པ་སོགས།

(བཞི)སློབ་གྲྭ་འཛུགས་གཉེར་གྱི་མ་དངུལ་དང་ཐོ་འགོད་མ་རྩ། རྒྱུ་ནོར་གྱི་ཡོང་ཁུངས་དང་ངོ་བོ་སོགས།

(ལྔ)ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་དང་ལྟ་སྐུལ་ལས་ཁུངས་བཅས་འཛུགས་སྟངས་དང་། མི་སྣ་གྲུབ་ཚུལ། འགན་འཁུར་ཡུན་ཚད། གཞུང་དོན་གྲོས་མོལ་བྱེད་སྲོལ་སོགས།

(དྲུག)སློབ་གྲྭའི་ཏང་རྩ་འཛུགས་ཀྱི་འགན་འཁུར་པའམ་འཐུས་ཚབ་སློབ་གྲྭའི་ཇུས་གཅོད་ལས་ཁུངས་དང་ལྟ་སྐུལ་ལས་ཁུངས་སུ་ཞུགས་པའི་གོ་རིམ།

(བདུན)སློབ་གྲྭའི་ཁྲིམས་བཀོད་འཐུས་ཚབ་པ།

(བརྒྱད)སློབ་གྲྭ་རང་གིས་གཉེར་མཚམས་འཇོག་པའི་རྒྱུ་མཚན་དང་། རྒྱུ་ནོར་ལྷག་མ་ཐག་གཅོད་བྱེད་ཐབས་དང་གོ་རིམ།

(དགུ)སྒྲིག་ཡིག་བཟོ་བཅོས་གོ་རིམ།

དམངས་གཉེར་སློབ་གྲྭས་སྒྲིག་ཡིག་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས་པ་དང་། སྒྲིག་ཡིག་ལ་བཟོ་བཅོས་བརྒྱག་དགོས་ན་སྔོན་ལ་སྤྱི་བསྒྲགས་བྱས་ཏེ། ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་བྱ་དགོས། བཟོ་བཅོས་བརྒྱབ་རྗེས་གཙོ་སྐྱོང་སྡེ་ཁག་ཏུ་ཞུ་ཚགས་འགོད་པའམ་ཡང་ན་ཞིབ་དཔྱད་ཆོག་མཆན་དགོད་དགོས།

དོན་ཚན་ཉི་ཤུ་བ། དམངས་གཉེར་སློབ་གྲྭར་མིང་གཅིག་མ་གཏོགས་སྤྱོད་མི་རུང་།

དམངས་གཉེར་སློབ་གྲྭའི་མིང་དེ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་དགོས་པ་ལས། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་མི་ཆོག་ལ། གོ་ལོག་ཐེབས་ཤས་ཆེ་བའི་ཡི་གེའམ་ཡང་ན་སྤྱི་བྱིངས་ལམ་ལོག་ཏུ་ཁྲིད་ཤས་ཆེ་བའི་ཁྲིམས་མི་གཞན་གྱི་མིང་ཡོད་མི་ཆོག ཁེ་གཉེར་རང་བཞིན་གྱི་དམངས་གཉེར་སློབ་གྲྭས་སློབ་གྲྭའི་སྒོ་བྱང་དང་། བསླབས་འབྲས་གསལ་ཐོ། མཐར་ཕྱིན་འཛིན་ཡིག སློབ་བསྒྲིལ་འཛིན་ཡིག བསླབས་གནས་འཛིན་ཡིག་དང་འབྲེལ་ཡོད་དཔང་ཡིག སློབ་མ་བསྡུ་བའི་བརྡ་ཁྱབ་དང་སྒྲིག་ཡིག་གནད་བསྡུས་བཅས་ཀྱི་ཐོག་ཏུ་མཆན་འགོད་ལས་ཁུངས་ཀྱིས་ཆོག་མཆན་གནང་ཡོད་པའི་ཁྲིམས་མིའི་བསྡུས་མིང་སྤྱོད་ཆོག་པ་ཡིན།

དོན་ཚན་ཉེར་གཅིག་པ། དམངས་གཉེར་སློབ་གྲྭའི་འཛུགས་གཉེར་མ་དངུལ་དང་ཐོ་འགོད་མ་རྩ་དེ་སློབ་གྲྭའི་རིགས་སྣ་དང་རིམ་པ། སློབ་གྲྭ་འཛུགས་གཉེར་གྱི་གཞི་ཁྱོན་བཅས་དང་འཚམ་དགོས། དམངས་གཉེར་སློབ་གྲྭ་དངོས་སུ་འཛུགས་སྐབས། སློབ་གྲྭ་འཛུགས་གཉེར་གྱི་མ་དངུལ་དང་ཐོ་འགོད་མ་རྩ་ཁ་ཚང་སྤྲད་དགོས།

དོན་ཚན་ཉེར་གཉིས་པ། དངོས་སུ་འཛུགས་པར་ཆོག་མཆན་ཐོབ་པའི་དམངས་གཉེར་སློབ་གྲྭ་ལ་མཆན་འགོད་ལས་ཁུངས་ཀྱིས་སློབ་གྲྭ་འཛུགས་གཉེར་ཆོག་འཐུས་དཔང་ཡིག་སྤྲད་དགོས་པ་མ་ཟད་སྤྱི་ཚོགས་ལ་སྤྱི་བསྒྲགས་ཀྱང་བྱ་དགོས།

སློབ་གྲྭ་འཛུགས་གཉེར་ཆོག་འཐུས་དུས་ཡུན་དེ་དམངས་གཉེར་སློབ་གྲྭའི་འཛུགས་གཉེར་རིམ་པ་དང་རིགས་སྣ་ལ་འཚམ་དགོས། དམངས་གཉེར་སློབ་གྲྭས་ཆོག་འཐུས་དུས་ཡུན་ནང་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་བསྒྲུབས་མེད་ན། དུས་ཡུན་ལོངས་རྗེས་རང་ཤུགས་སུ་དུས་ཡུན་སྲིང་བ་དང་ལག་ཁྱེར་གསར་པ་བརྗེ་ཆོག་པ་ཡིན།

དམངས་གཉེར་སློབ་གྲྭ་འཛུགས་གཉེར་ཆོག་འཐུས་དཔང་ཡིག་ལ་དོ་དམ་བྱེད་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་སོ་སོར་གཏན་ལ་དབབ་དགོས།

དོན་ཚན་ཉེར་གསུམ་པ། དམངས་གཉེར་སློབ་གྲྭས་སློབ་ཁུལ་གསར་འཛུགས་བྱེད་ན་མཆན་འགོད་ལས་ཁུངས་ལ་སྡོད་གནས་བསྒྱུར་རྒྱུའི་རེ་ཞུ་དབུལ་དགོས། ཡན་ལག་སློབ་གྲྭ་འཛུགས་ན་ཡན་ལག་སློབ་གྲྭ་གནས་སའི་མཆན་འགོད་ལས་ཁུངས་ལ་ལོགས་སུ་སློབ་གྲྭ་འཛུགས་གཉེར་ཆོག་འཐུས་རེ་ཞུ་བྱ་དགོས་པ་མ་ཟད། དེ་སྔའི་མཆན་འགོད་ལས་ཁུངས་སུ་ཞུ་ཚགས་ཀྱང་དགོད་དགོས།

དོན་ཚན་ཉེར་བཞི་བ། དམངས་གཉེར་སློབ་གྲྭས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཁྲིམས་མི་ཐོ་འགོད་བྱེད་པའི་རེ་ཞུ་དབུལ་དགོས་པ་དང་། ཐོ་འགོད་ལས་ཁུངས་ཀྱིས་ཁྲིམས་ལྟར་བསྒྲུབ་དགོས།

ལེའུ་གསུམ་པ། དམངས་གཉེར་སློབ་གྲྭའི་རྩ་འཛུགས་དང་བྱེད་སྒོ།

དོན་ཚན་ཉེར་ལྔ་བ། དམངས་གཉེར་སློབ་གྲྭའི་ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་ཀྱི་འགན་འཁུར་པ་ཡིན་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཐོབ་ཐང་ཡོད་དགོས་པ་དང་། ཆབ་སྲིད་ཀྱི་དབང་ཆ་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་དགོས་ལ། ཀྲུང་གོའི་རྒྱལ་མཚམས་ནང་ཁུལ་དུ་གཏན་སྡོད་བྱས་ཤིང་། ཀུན་སྤྱོད་བཟང་བ། བསམ་བཞིན་བྱས་ཉེས་བསགས་པའི་ཟིན་ཐོའམ་ཡང་ན་སློབ་གསོའི་ཁྱབ་ཁོངས་སུ་ལས་གཉེར་མི་ལེགས་པའི་ཟིན་ཐོ་མེད་པ་བཅས་ཡིན་དགོས།

དམངས་གཉེར་སློབ་གྲྭའི་ཁྲིམས་བཀོད་འཐུས་ཚབ་པ་ནི་དམངས་གཉེར་སློབ་གྲྭའི་ཇུས་གཅོད་ལས་ཁུངས་ཀྱི་འགན་འཁུར་པའམ་ཡང་ན་སློབ་གཙོ་ཡིན་དགོས།

དོན་ཚན་ཉེར་དྲུག་པ། དམངས་གཉེར་སློབ་གྲྭའི་ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་ནི་སློབ་གྲྭ་འཛུགས་གཉེར་བྱེད་མཁན་ནམ་དེའི་འཐུས་ཚབ་དང་། སློབ་གཙོ། ཏང་རྩ་འཛུགས་ཀྱི་འགན་འཁུར་པ། དགེ་བཟོ་པའི་འཐུས་ཚབ་སོགས་ཀྱིས་མཉམ་དུ་གྲུབ་པ་ཡིན་དགོས། དམངས་གཉེར་སློབ་གྲྭའི་ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་བྱིངས་ཀྱི་འཐུས་ཚབ་སྡུད་པ་དང་། དགོས་མཁོར་གཞིགས་ནས་ཁེར་ཚུགས་ལས་འཛིན་ནམ་ཁེར་ཚུགས་རྐང་བདག་འཇོག་པར་སྐུལ་མ་གཏང་དགོས། འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭའི་ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་ཀྱི་ཁོངས་མི་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཐོབ་ཐང་ཡོད་དགོས་པ་མ་ཟད། མཆན་འགོད་ལས་ཁུངས་ཀྱིས་མངག་གཏོང་བྱས་པའི་འཐུས་ཚབ་ཀྱང་ཡོད་དགོས།

དམངས་གཉེར་སློབ་གྲྭའི་ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་ཀྱིས་ལོ་རེར་ཉུང་མཐའ་ཡང་གྲོས་ཚོགས་ཐེངས2འཚོག་དགོས། ཁོངས་མིའི1/3ཡན་གྱིས་གྲོས་འགོ་བཏོན་ན་ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་དག་གི་ཇུས་གཅོད་ལས་ཁུངས་ཀྱི་གནས་སྐབས་གྲོས་ཚོགས་འཚོགས་ཆོག གཤམ་གསལ་གྱི་དོན་དག་གལ་ཆེན་གྲོས་བསྡུར་བྱེད་པར་ཁོངས་མིའི2/3ཡན་འཐད་པ་བྱུང་ན་ད་གཟོད་གྲོས་འཆམ་བྱུང་བ་ཡིན་ཏེ།

(གཅིག)སློབ་གྲྭ་འཛུགས་གཉེར་བྱེད་མཁན་བརྗེ་བ།

(གཉིས)སློབ་གཙོ་གདན་ཞུ་བསྐོ་འཇོག་དང་གདན་ཞུ་མཚམས་འཇོག་པ།

(གསུམ)སློབ་གྲྭའི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པ།

(བཞི)གོང་སྤེལ་འཆར་འགོད་གཏན་ལ་འབེབས་པ།

(ལྔ)སྔོན་རྩིས་དང་ངེས་རྩིས་ཞིབ་བཤེར་གཏན་འབེབས་བྱེད་པ།

(དྲུག)སློབ་གྲྭ་ཁ་གྱེས་ཟུར་འཛུགས་དང་ཟླ་སྒྲིལ་དང་མཇུག་སྒྲིལ་བྱ་རྒྱུ་ཐག་གཅོད་པ།

(བདུན)སློབ་གྲྭའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་དོན་དག་གལ་ཆེན་གཞན་དག།

དོན་ཚན་ཉེར་བདུན་པ། དམངས་གཉེར་སློབ་གྲྭར་ལྟ་སྐུལ་ལས་ཁུངས་གཟུག་དགོས། ལྟ་སྐུལ་ལས་ཁུངས་སུ་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འཐུས་ཚབ་ཡོད་དགོས་པ་མ་ཟད། དགེ་བཟོ་པའི་འཐུས་ཚབ1/3ལས་ཉུང་མི་རུང་། དགེ་བཟོ་པའི་མི་གྲངས་མི20ལས་ཉུང་བའི་དམངས་གཉེར་སློབ་གྲྭར་ལྟ་ཞིབ་པ1ནས2བཞག་པས་ཆོག

ལྟ་སྐུལ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་སློབ་གྲྭའི་སྒྲིག་ཡིག་ལྟར་སློབ་གྲྭའི་འཛུགས་གཉེར་བྱ་སྤྱོད་ལ་ལྟ་སྐུལ་བྱ་དགོས། ལྟ་སྐུལ་ལས་ཁུངས་ཀྱི་འགན་འཁུར་པའམ་ལྟ་ཞིབ་པ་སློབ་གྲྭའི་ཇུས་གཅོད་ལས་ཁུངས་ཀྱི་ཚོགས་འདུར་ཟུར་ཞུགས་བྱ་དགོས།

ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་ཀྱི་ཁོངས་མི་དང་དེའི་གཉེན་ཉེས་ལྟ་སྐུལ་ལས་ཁུངས་ཀྱི་ཁོངས་མིའམ་ལྟ་ཞིབ་པའི་འགན་གཅིག་ལྕོགས་སམ་ཁུར་ལེན་བྱེད་མི་ཆོག

དོན་ཚན་ཉེར་བརྒྱད་པ། དམངས་གཉེར་སློབ་གྲྭའི་སློབ་གཙོས་ཁྲིམས་ལྟར་རང་རྐྱ་འཕེར་བར་སློབ་གསོ་སློབ་ཁྲིད་དང་སྲིད་འཛིན་དོ་དམ་གྱི་འགན་དབང་བཀོལ་སྤྱོད་བྱ་དགོས།

དམངས་གཉེར་སློབ་གྲྭའི་ནང་ཁུལ་གྱི་རྩ་འཛུགས་ལས་ཁུངས་འཛུགས་པའི་ཇུས་གཞི་སློབ་གཙོས་གདོན་དགོས་པ་དང་། ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།

དོན་ཚན་ཉེར་དགུ་བ། དམངས་གཉེར་སློབ་གྲྭས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རང་བདག་གིས་སློབ་གསོ་དང་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་དགོས་པ་དང་། རྒྱལ་མཚམས་ཕྱི་རོལ་གྱི་བསླབ་གཞི་བཀོལ་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།

མཐོ་རིམ་སློབ་གསོ་དང་འབྲིང་རིམ་ལས་རིགས་ལག་རྩལ་གྱི་བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་སློབ་གྲྭ་འཛུགས་གཉེར་གྱི་དམིགས་དོན་དང་གསོ་སྐྱོང་དམིགས་འབེན་ལྟར་རང་བདག་གིས་ཆེད་ལས་བཀོད་སྒྲིག་དང་། བསླབ་ཚན་སྒྲིག་འཛུགས། བསླབ་གཞི་འདེམ་སྤྱོད་བཅས་བྱེད་ཆོག

མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་དང་འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་རྒྱལ་ཁབ་ཀྱི་བསླབ་ཚན་ཚད་གཞི་གཞིར་བཟུང་ནས་ཁྱད་ཆོས་ལྡན་པའི་བསླབ་ཚན་རང་བདག་གིས་སྒྲིག་འཛུགས་བྱས་ཏེ། སློབ་གསོ་དང་སློབ་ཁྲིད་གསར་གཏོད་བྱེད་ཆོག་ལ། རང་བདག་གིས་བཀོད་སྒྲིག་བྱས་པའི་བསླབ་ཚན་དེ་སློབ་གསོ་གཙོ་སྐྱོང་གི་སྲིད་འཛིན་སྡེ་ཁག་ལ་ཞུ་ཚགས་དགོད་དགོས། འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་རྒྱལ་མཚམས་ཕྱི་རོལ་གྱི་བསླབ་གཞི་བཀོལ་མི་ཆོག

སློབ་སྔོན་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་བྱིས་སྙོར་དང་སློབ་གསོའི་བྱེད་སྒོ་སྤེལ་ན། བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ། རོལ་རྩེད་དང་བྱེད་སྒོ་གཙོ་ཡིན་པའི་བསླབ་ཚན་བཀོད་སྒྲིག་དང་གསར་སྤེལ་བྱ་དགོས།

ལས་རིགས་རྩལ་ནུས་གཙོ་ཡིན་པའི་ལས་རིགས་ཐོབ་ཐང་གསོ་སྦྱོང་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པའི་དམངས་གཉེར་སློབ་གྲྭས་གསོ་སྦྱོང་གི་ཆེད་ལས(ལས་རིགས་དང་ལས་སྣ)དང་འཚམ་པའི་རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་དང་འབྲེལ་ཡོད་ལས་རིགས་གསོ་སྦྱོང་གི་བླང་བྱ་ལྟར་གསོ་སྦྱོང་བྱེད་སྒོ་སྤེལ་ཆོག་མོད། སློབ་མར་ལྟ་སྐུལ་དོ་དམ་ལས་གཡོལ་བར་ངན་སྐུལ་དང་རྩ་འཛུགས་བྱེད་མི་ཆོག་ལ། ཚུལ་མིན་གྱི་བྱེད་ཐབས་ལ་བརྟེན་ནས་ལས་རིགས་ཐོབ་ཐང་དཔང་ཡིག་དང་བསླབས་འབྲས་དཔང་ཡིག་སོགས་ཐོབ་ཐབས་བྱེད་མི་ཆོག

དོན་ཚན་སུམ་ཅུ་བ། དམངས་གཉེར་སློབ་གྲྭས་སློབ་མ་བསྡུ་བའི་སྒྲིག་ཡིག་གནད་བསྡུས་སམ་སློབ་མ་བསྡུ་བའི་བརྡ་ཁྱབ་ཀྱི་ཁ་དན་ལྟར་བབ་མཚུངས་ཀྱི་བསླབ་ཚན་བཀོད་སྒྲིག་བྱེད་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཀ་ཁག་ཐེག་བྱ་དགོས།

དམངས་གཉེར་སློབ་གྲྭས་ཚད་གཞི་དང་མཐུན་པའི་སློབ་ཁང་དང་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་འདོན་སྤྲོད་བྱ་དགོས།

དོན་ཚན་སོ་གཅིག་པ། སློབ་སྔོན་སློབ་གསོ་དང་བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭར་རིམ་པ་དང་རིགས་སྣ་གཅིག་པའི་གཞུང་གཉེར་སློབ་གྲྭ་དང་འདྲ་མཉམ་ཡིན་པའི་སློབ་མ་བསྡུ་དབང་ཡོད་ལ། མཆན་འགོད་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་སློབ་གྲྭ་འཛུགས་གཉེར་གཞི་ཁྱོན་ནང་དུ་སློབ་མ་བསྡུ་བའི་ཚད་གཞི་དང་བྱེད་ཐབས་རང་བདག་གིས་གཏན་འཁེལ་བྱེད་ཆོག་པ་དང་། གཞུང་གཉེར་སློབ་གྲྭ་དང་དུས་མཉམ་དུ་སློབ་མ་སྡུད་ཆོག།

འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་མཆན་འགོད་ལས་ཁུངས་ཀྱི་བདག་སྐྱོང་ས་ཁོངས་ནང་དུ་སློབ་མ་བསྡུ་དགོས་པ་དང་། མཆན་འགོད་ལས་ཁུངས་གནས་སའི་གཅིག་གྱུར་གྱི་དོ་དམ་ནང་དུ་འཇུག་དགོས། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་གཙོ་བོར་སློབ་གྲྭ་གནས་སའི་ཆུས་བཙུགས་པའི་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་སློབ་མ་བསྡུ་དགོས་པ་ཡིན་མོད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་འབྲེལ་ཡོད་གཏན་འབེབས་དང་མཐུན་ན། ས་ཁོངས་ལས་བརྒལ་ནས་སློབ་མ་སྡུད་ཀྱང་ཆོག་པ་ཡིན། མཐོ་རིམ་གྱི་བསླབས་རིམ་སློབ་གསོ་དང་ལེན་བྱེད་མཁན་སློབ་མ་སྡུད་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་ས་གནས་གཞན་གྱི་དམངས་གཉེར་སློབ་གྲྭས་རང་ས་གནས་སུ་སློབ་མ་བསྡུ་བར་འདྲ་མཉམ་གྱི་ཐོབ་ཐང་འདོན་སྤྲོད་བྱ་དགོས་པ་ལས། ས་ཁོངས་ལས་བརྒལ་ནས་སློབ་མ་བསྡུ་བར་འགལ་རྐྱེན་བཟོས་ནས་ས་ཁུལ་བཀག་སྡོམ་བྱེད་མི་ཆོག

དམངས་གཉེར་སློབ་གྲྭས་སློབ་མ་སྡུད་སྐབས་སློབ་མ་བསྡུ་བའི་སྒྲིག་སྲོལ་བརྩི་སྲུང་དང་། སློབ་མ་བསྡུ་བའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ། མངོན་གསལ་དང་། འདྲ་མཉམ། དྲང་གཞག་བཅས་ཀྱི་སྒོ་ནས་སློབ་མ་བསྡུ་དགོས། འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་རིག་ཚན་ཤེས་བྱའི་སྐོར་གྱི་སློབ་ཞུགས་རྒྱུགས་ལེན་རྩ་འཛུགས་སམ་རྣམ་པ་བསྒྱུར་ནས་རྩ་འཛུགས་བྱེད་མི་ཆོག་ལ། སྔ་བསྣུར་གྱིས་སློབ་མ་བསྡུའང་མི་ཆོག

དམངས་གཉེར་སློབ་གྲྭས་རྒྱལ་མཚམས་ཕྱིའི་སློབ་མ་བསྡུ་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

དོན་ཚན་སོ་གཉིས་པ། མཐོ་རིམ་གྱི་བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭར་བསླབས་གནས་སྩོལ་པའི་ཆ་རྐྱེན་ལྡན་ན། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཞིབ་མཆན་བཀོད་ནས་འཐད་པ་བྱུང་རྗེས། བབ་མཚུངས་ཀྱི་བསླབ་གནས་སྩོལ་པའི་ཐོབ་ཐང་བླངས་ཆོག།

ལེའུ་བཞི་བ། དགེ་རྒན་དང་སློབ་གསོ་མྱོང་མཁན།

དོན་ཚན་སོ་གསུམ་པ། དམངས་གཉེར་སློབ་གྲྭས་གདན་ཞུ་བྱས་པའི་དགེ་རྒན་ནམ་སློབ་ཁྲིད་མི་སྣར་བབ་མཚུངས་ཀྱི་དགེ་རྒན་ཐོབ་ཐང་ངམ་ཡང་ན་བབ་མཚུངས་ཀྱི་ཆེད་ལས་ཐོབ་ཐང་དང་འོས་ཐོབ་གཞན་དག་ཡོད་དགོས།

དམངས་གཉེར་སློབ་གྲྭར་ཆེད་བསྐོས་དགེ་རྒན་ཁ་གྲངས་ངེས་ཅན་ཡོད་དགོས་པ་དང་། དེ་ལས་སློབ་སྔོན་སློབ་གསོ་དང་བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆེད་བསྐོས་དགེ་རྒན་བཀོད་སྒྲིག་བྱ་དགོས།

དམངས་གཉེར་སློབ་གྲྭས་དགེ་རྒན་གདན་ཞུ་བྱེད་སྟངས་གསར་གཏོད་དང་། ཆ་འཕྲིན་ལག་རྩལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་ཁྲིད་ཀྱི་ལས་ཕྱོད་དང་ཆུ་ཚད་ཇེ་མཐོར་གཏོང་བར་བསྟོད་སྐུལ་བྱ་དགོས།

དོན་ཚན་སོ་བཞི་བ། དམངས་གཉེར་སློབ་གྲྭས་རང་བདག་སྒོས་དགེ་རྒན་དང་ལས་བྱེད་མི་སྣ་གཞན་དག་གདན་ཞུ་བསྐོ་འཇོག་བྱ་དགོས་པ་མ་ཟད། གདན་ཞུ་བསྐོ་འཇོག་བྱས་པའི་མི་སྣ་དང་ཁྲིམས་ལྟར་ངལ་རྩོལ་ལམ་གདན་ཞུའི་གན་རྒྱ་བཞག་སྟེ་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་སོགས་ཁ་གསལ་བཟོ་དགོས།

དམངས་གཉེར་སློབ་གྲྭས་ཆེད་བསྐོས་དགེ་རྒན་གདན་ཞུ་བསྐོ་འཇོག་བྱེད་ན། གན་རྒྱའི་ནང་དུ་དགོས་ངེས་ཀྱི་དོན་ཚན་ཁྲིམས་ལྟར་ཁ་ཆད་བསྒོ་དགོས་པ་ལས་གཞན། ད་དུང་དགེ་རྒན་གྱི་ལས་གནས་དང་དེའི་འགན་འཁྲིའི་བླང་བྱ། དགེ་རྒན་གྱི་ཀུན་སྤྱོད་དང་ལས་སྒོར་དཔྱད་ཞིབ་བྱེད་ཐབས། ཕན་བདེའི་ཐོབ་ཐང་། གསོ་སྦྱོང་དང་རྒྱུན་མཐུད་སློབ་གསོ་སོགས་ཀྱི་དོན་ཚན་ལའང་ཁ་ཆད་བསྒོ་དགོས།

གཞུང་གཉེར་སློབ་གྲྭའི་དགེ་རྒན་གྱིས་རང་ཡོད་སའི་སློབ་གྲྭ་འཐད་པ་མ་བྱུང་བར་དམངས་གཉེར་སློབ་གྲྭ་རུ་འགན་གཅིག་ལྕོགས་ཀྱིས་སྒྲུབ་མི་ཆོག

དམངས་གཉེར་སློབ་གྲྭས་ཕྱི་རྒྱལ་གྱི་མི་སྣ་གདན་ཞུ་བསྐོ་འཇོག་བྱེད་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་དུ་བསྟར་དགོས།

དོན་ཚན་སོ་ལྔ་བ། དམངས་གཉེར་སློབ་གྲྭས་དགེ་རྒན་གསོ་སྦྱོང་ལམ་ལུགས་བཙུགས་ཏེ། གདན་ཞུས་དགེ་རྒན་གྱིས་བབ་མཚུངས་ཀྱི་བསམ་བློ་ཆབ་སྲིད་གསོ་སྦྱོང་དང་ལས་སྒོའི་གསོ་སྦྱོང་དང་ལེན་བྱེད་པར་ཆ་རྐྱེན་འདོན་སྤྲོད་བྱ་དགོས།

དོན་ཚན་སོ་དྲུག་པ། དམངས་གཉེར་སློབ་གྲྭས་དགེ་བཟོ་པའི་ཐོབ་ཐང་ལ་ཁྲིམས་ལྟར་འགན་སྲུང་བྱ་དགོས་པ་དང་། སློབ་གྲྭས་ཐོ་འགོད་བྱས་པའི་ཁྲིམས་མིའི་རིགས་སྣ་ལྟར་དུས་ཐོག་ཏུ་གླ་ཕོགས་འདང་ངེས་སྟེར་བ་དང་། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དང་སྡོད་ཁང་སྤྱི་གསོག་མ་དངུལ་འདང་ངེས་སྤྲད་དགོས། དམངས་གཉེར་སློབ་གྲྭས་འབྲེལ་ཡོད་གཏན་འབེབས་ལྟར་དགེ་བཟོ་པར་ལས་རིགས་ཀྱི་ལོ་ཕོགས་སམ་ཁེ་ལས་ཀྱི་ལོ་ཕོགས་སོགས་རྒན་གསོའི་འགན་བཅོལ་ཁ་གསབ་ཀྱི་ལམ་ལུགས་འཛུགས་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱེད་པ་ཡིན།

སློབ་སྔོན་སློབ་གསོ་དང་བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་སློབ་ཡོན་གྱི་ཡོང་སྒོའི་ཁྲོད་ནས་བསྡུར་ཚད་ངེས་ཅན་ཞིག་བླངས་ཏེ་ཆེད་སྤྱོད་མ་དངུལ་ལམ་ཐེབས་རྩ་གཟུག་དགོས་པ་དང་། དེར་སློབ་གྲྭས་དོ་དམ་བྱས་ཏེ་དགེ་བཟོ་པའི་ལས་རིགས་ལ་སྐུལ་སློང་བྱེད་པའམ་ཐོབ་ཐང་འགན་སྲུང་ཇེ་མང་དུ་གཏོང་བར་སྤྱད་དགོས།

དོན་ཚན་སོ་བདུན་པ། སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དམངས་གཉེར་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་ཆེད་བསྐོས་དགེ་རྒན་གྱི་ངལ་རྩོལ་དང་གདན་ཞུའི་གན་རྒྱ་ཞུ་ཚགས་འགོད་པའི་ལམ་ལུགས་འཛུགས་པ་དང་གཅིག་གྱུར་གྱི་ཡིག་ཚགས་བཟོས་ཏེ། དགེ་རྒན་གྱི་སློབ་ཁྲིད་ལོ་ཚད་དང་ལས་ཞུགས་ལོ་ཚད་ཟིན་ཐོར་དགོད་དགོས་པ་དང་། གསོ་སྦྱོང་དང་། དཔྱད་ཞིབ། ཆེད་ལས་ལག་རྩལ་གྱི་གོ་གནས་དཔྱད་བསྡུར་གདན་ཞུ། གཟེངས་བསྟོད་བྱ་དགའ། ཁེ་དབང་སྲུང་སྐྱོང་སོགས་ཀྱི་ཐད་ལ་གཅིག་འདོམས་ཀྱིས་འཆར་འགོད་དང་གཅིག་གྱུར་གྱིས་དོ་དམ་བྱ་དགོས་ཤིང་། གཞུང་གཉེར་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་གདན་ཞུས་དགེ་རྒན་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས།

དམངས་གཉེར་ལས་རིགས་སློབ་གྲྭ་དང་མཐོ་རིམ་སློབ་གྲྭས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རང་བདག་གིས་དགེ་རྒན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་དཔྱད་བསྡུར་དང་གདན་ཞུ་བྱ་དགོས།

སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དགེ་རྒན་རྣམས་གཞུང་གཉེར་སློབ་གྲྭ་དང་དམངས་གཉེར་སློབ་གྲྭའི་བར་དུ་ལུགས་མཐུན་གྱིས་འགྲོ་འོང་བྱེད་ཐུབ་པར་ཁག་ཐེག་བྱ་དགོས་པ་དང་། དམངས་གཉེར་སློབ་གྲྭས་དགེ་བཟོ་པའི་འཐུས་མིའི་ཚོགས་ཆེན་ལམ་ལུགས་འཐུས་ཚང་དུ་འཛུགས་པར་མཛུབ་སྟོན་དང་ལྟ་སྐུལ་བྱ་དགོས།

དོན་ཚན་སོ་བརྒྱད་པ། བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་ཁྲིམས་ལྟར་སློབ་ཁོངས་དང་སློབ་ཁྲིད་དོ་དམ་ལམ་ལུགས་བཙུགས་ཏེ། གཙོ་སྐྱོང་སྡེ་ཁག་ལ་ཞུ་ཚགས་དགོད་དགོས།

དོན་ཚན་སོ་དགུ་བ། དམངས་གཉེར་སློབ་གྲྭ་དང་དེའི་དགེ་རྒན། ལས་བྱེད་པ། སློབ་གསོ་མྱོང་མཁན་བཅས་ཀྱིས་སྲིད་གཞུང་གིས་བཙུགས་པའི་འབྲེལ་ཡོད་ཀྱི་ཚན་ཞིབ་ལས་གཞི་དང་དཔྱོད་དོན་སོགས་རེ་ཞུ་བྱེད་ན། རིམ་པ་དང་རིགས་སྣ་གཅིག་པའི་གཞུང་གཉེར་སློབ་གྲྭ་དང་དེའི་དགེ་རྒན་དང་། ལས་བྱེད་པ། སློབ་གསོ་མྱོང་མཁན་བཅས་དང་གཅིག་མཚུངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཆོག། འབྲེལ་ཡོད་ཀྱི་ལས་གཞི་དོ་དམ་སྡེ་ཁག་གིས་གཏན་འབེབས་ལྟར་ཚན་ཞིབ་ལས་གཞི་དང་དཔྱོད་དོན་གྱི་མ་དངུལ་དུས་ཐོག་ཏུ་ཁ་ཚང་བར་སྤྲད་དགོས།

རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དམངས་གཉེར་སློབ་གྲྭའི་སློབ་གསོ་མྱོང་མཁན་ལ་སློབ་རིམ་འཕར་བ་དང་། ལས་ཞུགས། སྤྱི་ཚོགས་གཟིགས་སྐྱོང་། སྔོན་ཐོན་དཔྱད་འདེམ་ལ་ཞུགས་པ་བཅས་དང་། དེ་བཞིན་སློབ་རོགས་དངུལ་བུན་དང། བྱ་དགའི་སློབ་དངུལ་དང་སློབ་སྐྱོར་རོགས་དངུལ་སོགས་རྒྱལ་ཁབ་ཀྱི་རོགས་དངུལ་ལེན་པའི་ཐད་ནས། རིམ་པ་དང་རིགས་སྣ་གཅིག་པའི་གཞུང་གཉེར་སློབ་གྲྭའི་སློབ་གསོ་མྱོང་མཁན་དང་གཅིག་མཚུངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཆོག་པར་འགན་སྲུང་བྱ་དགོས།

བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་སློབ་མར་རོགས་དངུལ་སྤྲོད་པ་དང་བྱ་དགའ་སྟེར་བའི་ལམ་ལུགས་གཟུག་དགོས་པ་མ་ཟད། ས་གནས་དེ་གའི་རིམ་པ་དང་རིགས་སྣ་གཅིག་པའི་གཞུང་གཉེར་སློབ་གྲྭ་ལས་མི་དམའ་བའི་ཚད་གཞི་ལྟར། སློབ་ཡོན་གྱི་ཡོང་སྒོའི་ནང་ནས་བབ་མཚུངས་ཀྱི་མ་དངུལ་བླངས་ནས་སློབ་མར་རོགས་དངུལ་དང་བྱ་དགའ་སྤྲོད་པར་སྤྱད་དགོས།

དོན་ཚན་བཞི་བཅུ་བ། སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག དེ་མིན་འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་ཀྱིས་འབྲེལ་ཡོད་ཀྱི་བྱ་དགའ་དང་ཕུལ་བྱུང་དཔྱད་འདེམ་དང་། རིག་རྩལ་ལུས་རྩལ་བྱེད་སྒོ་དང་དཔྱོད་དོན། ལས་གཞི་འོས་འགུགས་བཅས་ལ་རྩ་འཛུགས་བྱེད་ན། དམངས་གཉེར་སློབ་གྲྭ་དང་དེའི་དགེ་རྒན་དང་། ལས་བྱེད་པ། སློབ་གསོ་མྱོང་མཁན་བཅས་ལ་གོ་སྐབས་གཅིག་མཚུངས་འདོན་སྤྲོད་བྱ་དགོས།

ལེའུ་ལྔ་བ། དམངས་གཉེར་སློབ་གྲྭའི་རྒྱུ་ནོར་དང་ནོར་དོན་དོ་དམ།

དོན་ཚན་ཞེ་གཅིག་པ། དམངས་གཉེར་སློབ་གྲྭས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཉེར་བཅའ་ཁྲིམས》དང་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་རྩིས་གཉེར་ལམ་ལུགས་ལྟར་རྩིས་གཉེར་ཞིབ་རྩིས་རྒྱག་པ་དང་། ནོར་དོན་རྩིས་གཉེར་གྱི་སྙན་ཞུ་བཟོ་དགོས།

དོན་ཚན་ཞེ་གཉིས་པ། དམངས་གཉེར་སློབ་གྲྭས་སློབ་གྲྭ་འཛུགས་གཉེར་མ་གནས་ཞིབ་རྩིས་ལམ་ལུགས་གཟུག་དགོས་ཤིང་། སློབ་གྲྭ་འཛུགས་གཉེར་མ་གནས་དང་ཁྲོམ་རའི་དགོས་མཁོ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས། དྲང་གཞག་དང་ཁྲིམས་མཐུན། གཞུང་དྲང་ཡིད་རྟོན་བཅས་ཀྱི་རྩ་དོན་བརྩི་སྲུང་བྱེད་པ་དང་། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལ་བསམ་གཞིགས་བྱས་ཏེ། གྲོན་དངུལ་བསྡུ་བའི་རྣམ་གྲངས་དང་ཚད་གཞི་ལུགས་མཐུན་གྱིས་གཏན་འཁེལ་བྱ་དགོས། སློབ་གྲྭ་འཛུགས་གཉེར་བྱེད་པར་གཞུང་གཉེར་སློབ་གྲྭ་ཐེ་ཞུགས་བྱས་ཡོད་པ་དང་རྒྱལ་དབང་རྒྱུ་ནོར་བཀོལ་སྤྱོད་བཀོལ་བྱས་ཡོད་པའམ་ཡང་ན་སྲིད་གཞུང་གིས་སློབ་མར་གནང་བའི་ཆ་སྙོམས་ཁ་གསབ་གྲོན་དངུལ་དང་ལེན་བྱས་ཡོད་པའི་ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭ་ཡིན་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དེའི་གྲོན་དངུལ་བསྡུ་བར་ཚད་བཀག་མཐོ་ཤོས་གཏན་འབེབས་བྱེད་ཆོག

དོན་ཚན་ཞེ་གསུམ་པ། དམངས་གཉེར་སློབ་གྲྭའི་རྒྱུ་ནོར་ཁྲོད་ཀྱི་རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་དང་དོ་དམ་བྱེད་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་དུ་བསྟར་དགོས།

དམངས་གཉེར་སློབ་གྲྭས་ཁྲིམས་ལྟར་དང་ལེན་བྱས་པའི་ཞལ་འདེབས་རྒྱུ་ནོར་བཀོལ་སྤྱོད་དང་དོ་དམ་བྱེད་པར་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལག་ལེན་དུ་བསྟར་དགོས།

དོན་ཚན་ཞེ་བཞི་བ། ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭས་གྲོན་དངུལ་བསྡུ་ལེན་དང་བྱེད་སྒོ་སྒྲུབ་སྤེལ་གྱི་མ་དངུལ་གཏོང་ཡོང་བྱེད་པར་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་ཏུ་ཞུ་ཚགས་བཀོད་པའི་ཐོ་ཁོངས་བཀོལ་དགོས། འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཐོ་ཁོངས་དེར་ལྟ་སྐུལ་བྱ་དགོས།

ཁེ་གཉེར་རང་བཞིན་གྱི་དམངས་གཉེར་སློབ་གྲྭའི་ཡོང་འབབ་ཡོངས་རྫོགས་སློབ་གྲྭས་བཙུགས་པའི་དངུལ་ཁང་གི་བསྡོམས་རྩིས་ཐོ་ཁོངས་ནང་འཇུག་དགོས་པ་དང་། སློབ་གྲྭ་འཛུགས་གཉེར་གྱི་ལྷག་དངུལ་བགོ་བཤའ་རྒྱག་ན། ལོ་འཁོར་གྱི་ནོར་དོན་བསྡོམས་རྩིས་བྱས་ཚར་རྗེས་སུ་བརྒྱག་དགོས།

དོན་ཚན་ཞེ་ལྔ་བ། འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་ཁེ་འབྲེལ་ཡོད་ཕྱོགས་ལ་ཉོ་ཚོང་བྱེད་མི་ཆོག རིགས་གཞན་པའི་དམངས་གཉེར་སློབ་གྲྭས་ཁེ་འབྲེལ་ཡོད་ཕྱོགས་ལ་ཉོ་ཚོང་བྱེད་སྐབས། མངོན་གསལ་དང་། དྲང་གཞག དྲང་སྙོམས་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། ལུགས་མཐུན་གྱིས་རིན་གོང་གཏན་ལ་འབེབས་པ་དང་ཚད་ལྡན་སྒོས་ཇུས་གཅོད་བྱ་དགོས་པ་ལས། རྒྱལ་ཁབ་ཀྱི་ཁེ་ཕན་དང་། སློབ་གྲྭའི་ཁེ་ཕན། དགེ་སློབ་ཀྱི་ཁེ་དབང་བཅས་ལ་གནོད་འཚེ་གཏོང་མི་ཆོག

དམངས་གཉེར་སློབ་གྲྭས་ཁེ་འབྲེལ་ཡོད་ཕྱོགས་ལ་ཉོ་ཚོང་བྱས་པའི་ཆ་འཕྲིན་གསལ་བསྒྲགས་ལམ་ལུགས་གཟུག་དགོས། སློབ་གསོ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང། ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གིས་ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭ་དང་ཁེ་འབྲེལ་ཡོད་ཕྱོགས་བར་དུ་གྲོས་ཆིངས་འཇོག་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས་པ་མ་ཟད། ལོ་འཁོར་ལྟར་ཁེ་འབྲེལ་ཡོད་ཕྱོགས་ཀྱི་ཉོ་ཚོང་ལ་ཞིབ་བཤེར་བྱ་དགོས།

ནང་གསེས་དོན་ཚན་གོང་མར་འཁོད་པའི་ཁེ་འབྲེལ་ཡོད་ཕྱོགས་ཞེས་པ་ནི་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མཁན་དང་། དོན་དངོས་ཚོད་འཛིན་བྱེད་མཁན། སློབ་གཙོ། ལས་འཛིན་པ། རྐང་བདག ལྟ་ཞིབ་པ། ནོར་དོན་འགན་འཁུར་པ་སོགས་དང་གོང་གསལ་རྩ་འཛུགས་སམ་མི་སྒེར་བར་དུ་ཚོད་འཛིན་དང་ཤུགས་རྐྱེན་གཏོང་བའི་འབྲེལ་བ་ཡོད་ལ། དམངས་གཉེར་སློབ་གྲྭའི་ཁེ་ཕན་སྤོ་སྒྱུར་བྱེད་ཤས་ཆེ་བའི་རྩ་འཛུགས་སམ་མི་སྒེར་ལ་ཟེར།

དོན་ཚན་ཞེ་དྲུག་པ། རྩིས་གཉེར་ལོ་འཁོར་རེ་མཇུག་རྫོགས་སྐབས། དམངས་གཉེར་སློབ་གྲྭས་རྩིས་གཉེར་ལས་སྒྲུབ་ཁང་ལ་ལོ་འཁོར་གྱི་ནོར་དོན་སྙན་ཞུར་རྩིས་བཤེར་བྱེད་དུ་འཇུག་དགོས། ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭས་རྩིས་བཤེར་བྱས་པའི་ལོ་འཁོར་གྱི་ཚད་བཀག་རང་བཞིན་མིན་པའི་རྒྱུ་ནོར་གྱི་འཕར་འབོར་ཁེར་གཙང་གི་ཁྲོད་ནས་དང་། ཁེ་གཉེར་རང་བཞིན་གྱི་དམངས་གཉེར་སློབ་གྲྭས་རྩིས་བཤེར་བྱས་པའི་ལོ་འཁོར་གྱི་ཁེ་འབབ་ཁེར་གཙང་གི་ཁྲོད་ནས། ལོ་འཁོར་གྱི་ཚད་བཀག་རང་བཞིན་མིན་པའི་རྒྱུ་ནོར་གྱི་འཕར་གྲངས་ཁེར་གཙང་ངམ་ཡང་ན་ཁེ་འབབ་ཁེར་གཙང་གི10%ལས་མི་ཉུང་བའི་བསྡུར་ཚད་ལྟར་འཕེལ་རྒྱས་ཐེབས་རྩ་བླངས་ཏེ། སློབ་གྲྭ་འཕེལ་རྒྱས་སུ་གཏོང་བར་སྤྱད་དགོས།

ལེའུ་དྲུག་པ། དོ་དམ་དང་ལྟ་སྐུལ།

དོན་ཚན་ཞེ་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དམངས་གཉེར་སློབ་གསོའི་ལས་དོན་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་གཟུག་དགོས། སློབ་གསོ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། དམངས་སྲིད། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་འགན་འཁྲི་ལྟར་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དམངས་གཉེར་སློབ་གྲྭའི་ལོ་འཁོར་ཞིབ་བཤེར་དང་ལོ་འཁོར་སྙན་ཞུའི་ལམ་ལུགས་འཛུགས་པ་དང་། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།

སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་དམངས་གཉེར་སློབ་གྲྭའི་ཡིད་རྟོན་ཡིག་ཚགས་དང་། འཛུགས་གཉེར་བྱེད་མཁན་དང་སློབ་གཙོའི་ལས་གཉེར་ཡིད་རྟོན་ལམ་ལུགས་གཟུག་དགོས། དམངས་གཉེར་སློབ་གྲྭར་ཁྲིམས་བསྟར་ལྟ་སྐུལ་བྱས་པའི་གནས་ཚུལ་དང་ཆད་པ་བཅད་པ་དང་ཐག་གཅོད་བྱས་པའི་འབྲས་བུ་ཟིན་ཐོར་དགོད་དགོས་པ་དང་། ཁྲིམས་བསྟར་དང་ལྟ་སྐུལ་མི་སྣས་མིང་རྟགས་བཀོད་རྗེས་ཡིག་ཚགས་སུ་འཇུག་དགོས་པ་མ་ཟད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཁྲིམས་བསྟར་ལྟ་སྐུལ་བྱས་འབྲས་ཡོངས་བསྒྲགས་ཀྱང་བྱ་དགོས། འབྲེལ་ཡོད་ཀྱི་ཡིད་རྟོན་ཡིག་ཚགས་དང་ཡིད་རྟོན་ཟིན་ཐོ་དག་ཁྲིམས་ལྟར་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་དང་རྒྱལ་ཁབ་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ཏུ་འཇུག་དགོས།

དོན་ཚན་ཞེ་བརྒྱད་པ། མཆན་འགོད་ལས་ཁུངས་ཀྱིས་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མཁན་གྱི་གནས་ཚུལ་དང་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་སོགས་ལ་ཞིབ་མཆན་བཀོད་པའི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱ་དགོས།

སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་ཕྱོགས་གསུམ་པའི་ལས་ཁུངས་ལ་དུས་བཅད་ལྟར་རྩ་འཛུགས་སམ་མངག་བཅོལ་བྱས་ཏེ་དམངས་གཉེར་སློབ་གྲྭའི་འཛུགས་གཉེར་ཆུ་ཚད་དང་སློབ་གསོའི་སྤུས་ཚད་ལ་དཔྱད་དཔོག་བྱེད་དུ་འཇུག་དགོས་པ་དང་། དཔྱད་དཔོག་བྱས་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།

དོན་ཚན་ཞེ་དགུ་བ། སློབ་གསོའི་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་སློབ་སྔོན་སློབ་གསོ་དང་བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭའི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསལ་ཐོ་གཏན་ལ་ཕབ་སྟེ། དམངས་གཉེར་སློབ་གྲྭས་དུས་བཅད་ལྟར་སྤྱི་ཚོགས་ལ་སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་དང་སློབ་གསོའི་སྤུས་ཚད་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་ལྟ་སྐུལ་བྱ་དགོས།

ཁེ་གཉེར་རང་བཞིན་གྱི་དམངས་གཉེར་སློབ་གྲྭས་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་དང་རྒྱལ་ཁབ་ཀྱི་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བརྒྱུད་དེ་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱ་དགོས།

དམངས་གཉེར་སློབ་གྲྭས་ཁྲིམས་ལྟར་ལས་རིགས་རྩ་འཛུགས་འཛུགས་པ་དང་། བབ་མཚུངས་ཀྱི་སྤུས་ཚད་ཚད་གཞི་ཞིབ་འཇུག་གཏན་འབེབས་བྱེད་པ། བདེན་དཔང་ར་སྤྲོད་མ་ལག་འཛུགས་པ། ལས་རིགས་ཀྱི་ཆོས་ཉིད་དང་ཁྱད་ཆོས་ཀྱི་བླང་བྱ་མཚོན་པའི་གན་རྒྱའི་དཔེ་སྟོན་ཡིག་ཆ་བཟོ་བ་བཅས་ལ་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་དང་སྐུལ་མ་གཏང་དགོས།

དོན་ཚན་ལྔ་བཅུ་བ། དམངས་གཉེར་སློབ་གྲྭ་གཉེར་མཚམས་བཞག་ན། སློབ་གྲྭ་འཛུགས་གཉེར་ཆོག་འཐུས་དཔང་ཡིག་ཕྱིར་སྤྲད་དེ་ཐོ་འགོད་ལས་ཁུངས་སུ་ཐོ་ཁོངས་ནས་བསུབ་པའི་འགྲོ་ལུགས་བསྒྲུབ་དགོས་པ་མ་ཟད། སྤྱི་ཚོགས་ལ་སྤྱི་བསྒྲགས་ཀྱང་བྱ་དགོས།

དམངས་གཉེར་སློབ་གྲྭ་རང་སྟེང་གིས་གཉེར་མཚམས་འཇོག་ན། ཟླ་6གི་སྔོན་ལ་གཉེར་མཚམས་འཇོག་རྩིས་ཡོད་པའི་སྤྱི་བསྒྲགས་སྤེལ་བ་དང་། བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་གཉེར་མཚམས་འཇོག་པའི་ཇུས་གཞི་གཏན་ལ་དབབ་དགོས།

དམངས་གཉེར་སློབ་གྲྭས་དོན་དངོས་སུ་སློབ་མ་བསྡུས་མེད་ཅིང་སློབ་གྲྭ་གཉེར་བའི་བྱ་སྤྱོད་ཀྱང་བསྒྲུབས་མེད་ན། སློབ་གྲྭ་འཛུགས་གཉེར་ཆོག་འཐུས་དཔང་ཡིག་གི་དུས་ཡུན་ལོངས་རྗེས་རང་ཤུགས་སུ་རྩིས་མེད་དུ་སོང་བ་ཡིན་ལ། མཆན་འགོད་ལས་ཁུངས་ཀྱིས་དེ་སྤྱི་བསྒྲགས་བྱ་དགོས། དམངས་གཉེར་སློབ་གྲྭ་རང་གིས་རྩ་འཛུགས་བྱས་ནས་ཞིབ་རྩིས་བརྒྱབ་རྗེས། ཐོ་འགོད་ལས་ཁུངས་སུ་ཐོ་ཁོངས་ནས་བསུབ་པའི་འགྲོ་ལུགས་བསྒྲུབ་དགོས།

མ་དངུལ་གྱིས་བུ་ལོན་འཇལ་མ་ཐུབ་པའི་རྐྱེན་གྱིས་མུ་མཐུད་དུ་སློབ་གྲྭ་གཉེར་ཐབས་བྲལ་ཏེ་གཉེར་མཚམས་བཞག་པའི་དམངས་གཉེར་སློབ་གྲྭ་ཡིན་ན། མི་དམངས་ཁྲིམས་ཁང་ལ་མ་རྩ་སྟོངས་པའི་ཞིབ་རྩིས་རྒྱག་རྒྱུའི་རེ་ཞུ་དབུལ་དགོས།

དོན་ཚན་ང་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་ལྟ་སྐུལ་སློབ་སྟོན་ལས་ཁུངས་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་སློབ་གསོ་ལྟ་སྐུལ་སློབ་སྟོན་བྱེད་འགན་འཁུར་བའི་ལས་ཁུངས་ཀྱིས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་དམངས་གཉེར་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་གཏོང་བའི་ཁྲིམས་བཀོད་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོ་ལྟ་སྐུལ་སློབ་སྟོན་བྱེད་འགན་འཁུར་བའི་ལས་ཁུངས་ཀྱིས་ཁྲིམས་ལྟར་དམངས་གཉེར་སློབ་གྲྭར་ལྟ་སྐུལ་སློབ་སྟོན་བྱེད་པ་མ་ཟད། ལྟ་སྐུལ་སློབ་སྟོན་བྱས་འབྲས་ཡོངས་བསྒྲགས་ཀྱང་བྱ་དགོས་པ་དང་། དམངས་གཉེར་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་འགན་འཁྲི་སློབ་སྐུལ་ལམ་ལུགས་གཟུག་དགོས།

ལེའུ་བདུན་པ། རྒྱབ་སྐྱོར་དང་བྱ་དགའ།

དོན་ཚན་ང་གཉིས་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་དམངས་གཉེར་སློབ་གྲྭར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཁྲིམས་ལྟར་འཐུས་ཚང་དུ་གཏང་དགོས་པ་དང་། སློབ་གྲྭ་གཉེར་བའི་སྤུས་ཚད་མཐོ་ཞིང་ཁྱད་ཆོས་མངོན་པར་གསལ་བ། སྤྱི་ཚོགས་ཕན་འབྲས་འབུར་དུ་ཐོན་པའི་དམངས་གཉེར་སློབ་གྲྭར་དམིགས་བསལ་གྱིས་སྔོན་ལ་རོགས་སྐྱོར་བྱ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིམ་པ་དང་རིགས་སྣ་གཅིག་པའི་གཞུང་གཉེར་སློབ་གྲྭའི་སློབ་མ་རེའི་ཆ་སྙོམས་གྲོན་དངུལ་སོགས་འབྲེལ་ཡོད་ཀྱི་གྲོན་དངུལ་ཚད་གཞི་དང་རྒྱབ་སྐྱོར་སྲིད་ཇུས་ལ་གཞིགས་ནས། ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭར་ཁ་གསབ་རོགས་དངུལ་འོས་འཚམ་སྤྲོད་ཆོག

ས་གནས་མི་དམངས་སྲིད་གཞུང་གིས་བེད་མེད་དུ་བསྐྱུར་བའི་རྒྱལ་དབང་རྒྱུ་ནོར་བོགས་གཏོང་བ་དང་བཤུག་སྤྲོད་བྱེད་སྐབས་ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭར་དམིགས་བསལ་གྱིས་སྔོན་ལ་རོགས་སྐྱོར་བྱ་དགོས།

དོན་ཚན་ང་གསུམ་པ། དམངས་གཉེར་སློབ་གྲྭས་ཁྲིམས་ལྟར་ཞལ་འདེབས་རྒྱག་མཁན་གྱི་མིང་དེ་སློབ་གྲྭའི་སློབ་ཁང་ངམ་ཡང་ན་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་བཀོད་དང་འཚོ་བའི་སྒྲིག་བཀོད་གཞན་དག་གི་མིང་དུ་འདོགས་ཆོག ཞལ་འདེབས་རྒྱག་མཁན་གྱིས་དམངས་གཉེར་སློབ་གྲྭ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་དམིགས་བསལ་བཞག་ཡོད་ན། མཐོ་རིམ་གྱི་བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭ་ལ་རྒྱལ་ཁབ་ཀྱི་གཏན་འབེབས་ཆ་རྐྱེན་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་བཀོད་པ་དང་། རིགས་གཞན་པའི་དམངས་གཉེར་སློབ་གྲྭ་ལ་རྒྱལ་ཁབ་ཀྱི་གཏན་འབེབས་ཆ་རྐྱེན་ལྟར་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གམ་ཡང་ན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་བཀོད་ཚེ། ཞལ་འདེབས་རྒྱག་མཁན་གྱི་མིང་དེ་སློབ་གྲྭའི་མིང་དུ་འདོགས་ཆོག

དོན་ཚན་ང་བཞི་བ། དམངས་གཉེར་སློབ་གྲྭས་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག། དེ་ལས་ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭས་གཞུང་གཉེར་སློབ་གྲྭ་དང་གཅིག་མཚུངས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག།

དོན་ཚན་ང་ལྔ་བ། ས་གནས་མི་དམངས་སྲིད་གཞུང་གིས་བེད་མེད་དུ་བསྐྱུར་བའི་སློབ་ར་ཕྱོགས་བསྡུས་སྒོས་བེད་སྤྱོད་པའི་ཇུས་གཞི་བཟོ་སྐབས། ས་གནས་དེ་གའི་དམངས་གཉེར་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོར་བསམ་གཞིགས་བྱ་དགོས།

ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭ་གསར་སྐྲུན་དང་རྒྱས་སྐྲུན་བྱེད་ན། ས་གནས་མི་དམངས་སྲིད་གཞུང་གིས་གཞུང་གཉེར་སློབ་གྲྭ་དང་འདྲ་མཉམ་ཡིན་པའི་རྩ་དོན་ལྟར། གཏོང་སྤྲོད་སོགས་ཀྱི་རྣམ་པས་ས་ཆ་སྤྱོད་པར་གཟིགས་སྐྱོང་གནང་དགོས།

སློབ་སྔོན་སློབ་གསོ་དང་བསླབས་རིམ་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭས་ས་ཆ་བེད་སྤྱོད་དགོས་ན། ས་གནས་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་གྲོས་ཆིངས་འཇོག་པ་དང་འོས་འགུག་བྱེད་པ། ཧབ་འཚོང་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ས་ཆ་མཁོ་སྤྲོད་བྱེད་ཆོག་ལ། ཡུན་རིང་བོགས་གཏོང་དང་། སྔོན་ལ་བོགས་གཏོང་དང་རྗེས་སུ་བཤུག་སྤྲོད། བོགས་གཏོང་བཤུག་སྤྲོད་སྦྲགས་མ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ས་ཆ་མཁོ་སྤྲོད་བྱེད་ཀྱང་ཆོག་ལ། ས་ཆ་བཤུག་སྤྲོད་བྱས་རིན་དང་བོགས་དངུལ་ནི་དུས་བཅད་ནང་ཚུན་དུ་གན་རྒྱའི་ཁ་ཆད་ལྟར་དུས་བགོས་ནས་འཇལ་ཆོག

དོན་ཚན་ང་དྲུག་པ། ནུབ་རྒྱུད་ས་ཁུལ་དང་། བས་མཐའི་ས་ཁུལ། གྲངས་ཉུང་མི་རིགས་ས་ཁུལ་བཅས་སུ་འཛུགས་གཉེར་བྱས་པའི་དམངས་གཉེར་སློབ་གྲྭས་རང་སྟེང་འཕེལ་རྒྱས་གཏོང་བར་དངུལ་བུན་གཡར་རྒྱུའི་རེ་ཞུ་བཏོན་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཡིད་རྟོན་དངུལ་བུན་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག།

དོན་ཚན་ང་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་དམངས་གཉེར་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཆེད་སྤྱོད་མ་དངུལ་བཙུགས་ནས། དམངས་གཉེར་སློབ་གྲྭའི་སློབ་གསོའི་སྤུས་ཚད་དང་སློབ་གཉེར་ཆུ་ཚད་ཇེ་མཐོར་གཏོང་བ་དང་། འཛུགས་གཉེར་བྱེད་མཁན་ལ་བྱ་དགའ་སྟེར་བ་སོགས་སུ་སྤྱོད་ཆོག

སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ཁྲིམས་ལྟར་དམངས་གཉེར་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཐེབས་རྩ་ཚོགས་པའམ་ཆེད་སྤྱོད་ཐེབས་རྩ་བཙུགས་ནས་དམངས་གཉེར་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱ་དགོས།

དོན་ཚན་ང་བརྒྱད་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་སློབ་སྔོན་སློབ་གསོ་དང་འགན་བབས་སློབ་གསོའམ་ཡང་ན་སྤྱི་པའི་སློབ་གསོའི་ཞབས་ཕྱི་གཞན་དག་ལག་བསྟར་བྱེད་པའི་དགོས་མཁོར་གཞིགས་ནས། དམངས་གཉེར་སློབ་གྲྭ་དང་གྲོས་ཆིངས་བཞག་སྟེ། ཞབས་ཕྱི་ཉོ་སྒྲུབ་སོགས་བྱེད་ཐབས་ཀྱིས་དེར་བབ་མཚུངས་ཀྱི་སློབ་གསོའི་ལས་འགན་འཁུར་བར་མངག་བཅོལ་བྱེད་ཆོག

དམངས་གཉེར་སློབ་གྲྭར་ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོ་དང་འགན་བབས་སློབ་གསོའམ་ཡང་ན་སྤྱི་པའི་སློབ་གསོའི་ལས་འགན་གཞན་པ་འཁུར་བར་མངག་བཅོལ་བྱེད་ན། ས་གནས་དེ་གའི་འབྲེལ་ཡོད་སློབ་གསོའི་དུས་རིམ་གྱི་མངག་བཅོལ་གྲོས་ཆིངས་ལྟར་སློབ་གསོའི་གྲོན་དངུལ་འོས་འཚམ་གཏོང་སྤྲོད་བྱ་དགོས།

དོན་ཚན་ང་དགུ་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྲིད་གཞུང་གི་གསབ་དངུལ་སྤྲོད་པ་དང་། ཁ་གསབ་ཀྱི་ཚབ་ཏུ་བྱ་དགའ་སྟེར་བ་སོགས་བྱེད་ཐབས་སྤྱད་དེ་ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭས་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་བྱེད་པར་བསྟོད་སྐུལ་དང་རྒྱབ་སྐྱོར་བྱེད་ཆོག

དོན་ཚན་དྲུག་ཅུ་བ། འགན་བཅོལ་ལས་ཁུངས་ཀྱིས་དམངས་གཉེར་སློབ་གྲྭར་འཚམ་པའི་འགན་བཅོལ་ཐོན་རྫས་གསར་གཏོད་བྱེད་པ་དང་། ལས་རིགས་རོགས་རེས་འགན་བཅོལ་སོགས་ཀྱི་རྐྱེན་སྲོལ་འཚོལ་ཞིབ་ཀྱིས་བཙུགས་ཏེ། དམངས་གཉེར་སློབ་གྲྭའི་ཆག་སྒོ་ཆེན་པོ་ཐག་གཅོད་དང་། གཉེར་མཚམས་བཞག་རྗེས་ཀྱི་རྗེས་འཇུག། དགེ་བཟོ་པའི་ཁེ་དབང་འགན་སྲུང་སོགས་ཀྱི་དོན་དག་ལ་ཉེན་ཁ་འགན་སྲུང་འདོན་སྤྲོད་བྱེད་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་དང་རྒྱབ་སྐྱོར་བྱ་དགོས།

དངུལ་རྩ་ལས་ཁུངས་ཀྱིས་ཉེན་ཁ་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་དམངས་གཉེར་སློབ་གྲྭའི་ཁྱད་ཆོས་དང་འཚམ་པའི་དངུལ་རྩའི་ཐོན་རྫས་གསར་སྤེལ་བྱེད་ཆོག དམངས་གཉེར་སློབ་གྲྭས་མ་འོངས་པའི་གཉེར་སྐྱོང་ཡོང་འབབ་དང་ཤེས་བྱའི་ཐོན་དངོས་བདག་དབང་སོགས་ལ་བརྟེན་ནས་མ་དངུལ་བསྡུ་རུབ་བྱེད་ཆོག

དོན་ཚན་རེ་གཅིག་པ། དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་དང་སྲོལ་ཡིག་འདིའི་ནང་གཏན་ལ་ཕབ་པའི་རྒྱབ་སྐྱོར་དང་བྱ་དགའ་སྤྲོད་ཐབས་ལས་གཞན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ད་དུང་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ས་ཁུལ་དེ་གའི་དམངས་གཉེར་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་དང་བྱ་དགའ་སྤྲོད་ཐབས་གཏན་འབེབས་བྱེད་ཆོག

རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ད་ཡོད་ཀྱི་དམངས་གཉེར་སློབ་གྲྭར་རིགས་དབྱེ་དོ་དམ་གྱི་བཅོས་སྒྱུར་བྱེད་སྐབས། འབྲེལ་ཡོད་ཀྱི་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བཏང་སྟེ། སློབ་གསོ་མྱོང་མཁན་དང་དགེ་བཟོ་པ་དང་འཛུགས་གཉེར་བྱེད་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ནས་དམངས་གཉེར་སློབ་གྲྭའི་རིགས་དབྱེ་དོ་དམ་གྱི་བཅོས་སྒྱུར་ལ་བརྟན་བརླིང་རིམ་ལྡན་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱ་དགོས།

ལེའུ་བརྒྱད་པ། བཅའ་ཁྲིམས་འགན་འཁྲི།

དོན་ཚན་རེ་གཉིས་པ། དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མཁན་དང་དོན་དངོས་ཚོད་འཛིན་བྱེད་མཁན། ཇུས་གཅོད་ལས་ཁུངས་སམ་ཡང་ན་ལྟ་སྐུལ་ལས་ཁུངས་ཀྱི་ཁོངས་མིར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གམ་ཡང་ན་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་འགན་འཁྲིའི་ལས་བགོས་ལྟར་བཀའ་བབས་ནས་དུས་བཅད་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན། བསྡུས་པའི་གྲོན་དངུལ་ཕྱིར་བསློགས་རྗེས་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏང་དགོས། གནས་ཚུལ་ཚབས་ཆེན་ཡིན་ན་ལོ1ནས5ཡི་ནང་དུ་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་མཁན་ནམ་དོན་དངོས་ཚོད་འཛིན་བྱེད་མཁན་དང་། ཇུས་གཅོད་ལས་ཁུངས་སམ་ལྟ་སྐུལ་ལས་ཁུངས་ཀྱི་ཁོངས་མི་གསར་དུ་བྱེད་མི་ཆོག གནས་ཚུལ་ཧ་ཅང་ཚབས་ཆེ་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་ན། དམངས་གཉེར་སློབ་གྲྭ་གཉེར་མཁན་ནམ་དོན་དངོས་ཚོད་འཛིན་བྱེད་མཁན་དང་། ཇུས་གཅོད་ལས་ཁུངས་སམ་ལྟ་སྐུལ་ལས་ཁུངས་ཀྱི་ཁོངས་མི་དུས་གཏན་དུ་བྱེད་མི་ཆོག བདེ་སྲུང་དོ་དམ་དང་འགལ་བའི་བྱ་སྤྱོད་སྤེལ་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་སྲུང་དོ་དམ་གྱི་ཆད་པ་གཅད་དགོས་ལ། བྱས་ཉེས་བསགས་ཡོད་ན་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་བྱ་དགོས་ཏེ།

(གཅིག)སློབ་གྲྭ་འཛུགས་གཉེར་བྱེད་པར་བརྟེན་ནས་ཁྲིམས་མིན་གྱིས་མ་དངུལ་བསྡུ་རུབ་བྱས་པའམ་ཡང་ན་སློབ་ཞུགས་དང་འབྲེལ་བའི་གྲོན་དངུལ་བསྡུ་ལེན་བྱས་པ།

(གཉིས)དུས་ལྟར་མ་རྩ་ཁ་ཚང་འཇོག་པའི་འོས་འགན་མ་བསྒྲུབས་པའམ་ཡང་ན་མ་རྩ་ལྐོག་འཐེན་དང་སློབ་གྲྭ་འཛུགས་གཉེར་གྱི་གྲོན་དངུལ་གཞན་སྤྱོད་བྱས་པ།

(གསུམ)སློབ་གྲྭའི་ཁྲིམས་མིའི་རྒྱུ་ནོར་བཙན་བཟུང་བྱས་པའམ་ཡང་ན་ཁྲིམས་མིན་གྱིས་སློབ་གྲྭ་ནས་ཁེ་ཕན་བླངས་པ།

(བཞི)འགན་བབས་སློབ་གསོ་ལག་བསྟར་བྱེད་པའི་དམངས་གཉེར་སློབ་གྲྭ་དང་ཁེ་འབྲེལ་ཉོ་ཚོང་བྱས་པའམ་ཡང་ན་དམངས་གཉེར་སློབ་གྲྭ་གཞན་པ་དང་ཁེ་འབྲེལ་ཉོ་ཚོང་བྱས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སློབ་གྲྭའི་ཁེ་ཕན། དགེ་སློབ་ཀྱི་ཁེ་དབང་བཅས་ལ་གནོད་འཚེ་བཏང་བ།

(ལྔ)སློབ་གྲྭ་འཛུགས་གཉེར་ཆོག་འཐུས་དཔང་ཡིག་རྫུན་བཟོ་དང་བཟོ་བཅོས། ཉོ་ཚོང་། བོགས་གཏོང་། གཞན་གཡར་བཅས་བྱས་པ།

(དྲུག)སློབ་གྲྭའི་སྒྲིག་ལམ་ལ་འགལ་རྐྱེན་བཟོས་པའམ་ཡང་ན་སློབ་གྲྭའི་ཇུས་གཅོད་དང་དོ་དམ་ལ་ཁྲིམས་མིན་གྱིས་ཐེ་གཏོགས་བྱས་པ།

(བདུན)སློབ་གྲྭའི་མིང་དང་རིམ་པ། རིགས་སྣ། འཛུགས་གཉེར་བྱེད་མཁན་བཅས་རང་དགར་བརྗེས་པ།

(བརྒྱད)སློབ་གྲྭའི་བརྟན་རླིང་དང་བདེ་འཇགས་ལ་གནོད་སྐྱོན་དང་སློབ་གྲྭའི་ཁྲིམས་མིའི་ཁེ་དབང་ལ་གནོད་འཚེ་བཏང་བའམ་ཡང་ན་དགེ་བཟོ་པ་དང་སློབ་གསོ་མྱོང་མཁན་གྱི་ཁེ་དབང་ལ་གནོད་པའི་བྱ་སྤྱོད་གཞན་དག་ཡོད་པ།

དོན་ཚན་རེ་གསུམ་པ། དམངས་གཉེར་སློབ་གྲྭར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དོན་ཚན་རེ་གཉིས་པའི་གཏན་འབེབས་ལྟར་ཆད་པ་གཅད་དགོས་ཏེ།

(གཅིག)རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་ལ་རྒྱབ་འགལ་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་དང་བྲལ་བའམ་ཡང་ན་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་འགན་འཁྲི་སྒྲུབ་པར་འགན་སྲུང་མ་བྱས་པ།

(གཉིས)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་དང་འགལ་ནས་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ།

(གསུམ)ལས་འཛིན་ལྷན་ཚོགས་དང་རྐང་བདག་ལྷན་ཚོགས་སམ་ཡང་ན་རྣམ་པ་གཞན་གྱི་ཇུས་གཅོད་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་མེད་པ།

(བཞི)སློབ་ཁྲིད་ཆ་རྐྱེན་གྱིས་སློབ་ཁྲིད་ཀྱི་རེ་བ་སྐོང་མི་ཐུབ་པ་མངོན་གསལ་ཡིན་ལ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཤིན་ཏུ་ཞན་ཡང་དུས་ཐོག་ཏུ་བྱེད་ཐབས་སྤྱད་མེད་པ།

(ལྔ)སློབ་ཁང་དང་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་གཞན་དག་ལ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད་ཀྱང་དུས་ཐོག་ཏུ་བྱེད་ཐབས་སྤྱད་མེད་པ།

(དྲུག)སློབ་གསོ་མྱོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པ།

(བདུན)རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེ་དགེ་རྒན་གདན་ཞུ་བསྐོ་འཇོག་དང་གདན་ཞུ་མཚམས་འཇོག་བྱས་པའམ་ཡང་ན་བཅའ་ཁྲིམས་ལྟར་དགེ་བཟོ་པའི་ཐོབ་ཐང་འགན་སྲུང་མ་བྱས་པ།

(བརྒྱད)གཏན་འབེབས་དང་འགལ་ནས་སློབ་མ་བསྡུས་པའམ་ཡང་ན་སློབ་མ་བསྡུ་བའི་གོ་རིམ་ཁྲོད་ཟོལ་བཅོས་རྫུན་བཟོ་བྱས་པ།

(དགུ)སློབ་གྲྭ་འཛུགས་གཉེར་ཆོག་འཐུས་དཔང་ཡིག་གི་ཁྱབ་ཁོངས་ལས་བརྒལ་ཏེ་རང་དགར་སློབ་གྲྭ་འཛུགས་སའི་སྡོད་གནས་བསྒྱུར་བའམ་ཡན་ལག་སློབ་གྲྭ་བཙུགས་པ།

(བཅུ)སློབ་གྲྭ་འཛུགས་གཉེར་ཆ་རྐྱེན་དང་སློབ་གསོའི་སྤུས་ཚད་ཡོངས་བསྒྲགས་བྱེད་པའི་འབྲེལ་ཡོད་དཔྱད་ཡིག་དང་ནོར་དོན་གནས་ཚུལ་སོགས་ཀྱི་ཆ་འཕྲིན་གསལ་བསྒྲགས་བྱེད་པའི་འོས་འགན་ཁྲིམས་ལྟར་མ་བསྒྲུབས་པའམ་ཡང་ན་གསལ་བསྒྲགས་བྱས་པའི་དཔྱད་ཡིག་དོན་དངོས་དང་མི་མཐུན་པ།

(བཅུ་གཅིག)རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་རྩིས་གཉེར་ལམ་ལུགས་ལྟར་རྩིས་གཉེར་ཞིབ་རྩིས་དང་ནོར་དོན་རྩིས་གཉེར་སྙན་ཞུ་བཟོ་འགོད་མ་བྱས་པར་ནོར་དོན་དང་རྒྱུ་ནོར་གྱི་དོ་དམ་འཁྲུག་པའམ་ཡང་ན་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ཏེ་དངུལ་བསྡུའི་རྣམ་གྲངས་མང་དུ་བཏང་བ་དང་དངུལ་བསྡུའི་ཚད་གཞི་མཐོ་རུ་བཏང་བ།

(བཅུ་གཉིས)དོ་དམ་འཁྲུག་ནས་སློབ་གསོ་དང་སློབ་ཁྲིད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་བྱ་སྤྱོད་གཞན་ཡོད་པ།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གོང་གསལ་ནང་གསེས་དོན་ཚན་དུ་གཏན་ལ་ཕབ་པའི་གནས་ཚུལ་ལ་ཆད་པ་གཅོད་པའི་གཏན་འབེབས་གཞན་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་རེ་བཞི་བ། དམངས་གཉེར་སློབ་གྲྭར་དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དོན་ཚན་རེ་གཉིས་པའམ་ཡང་ན་སྲོལ་ཡིག་འདིའི་དོན་ཚན་རེ་གསུམ་པར་གཏན་ལ་ཕབ་པའི་ཁྲིམས་འགལ་གནས་ཚུལ་ཡོད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གམ་ཡང་ན་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་འགན་འཁྲིའི་ལས་བགོས་ལྟར་སློབ་གྲྭའི་ཇུས་གཅོད་ལས་ཁུངས་ཀྱི་འགན་འཁུར་པ་དང་སློབ་གཙོ་དང་ཐད་ཀའི་འགན་འཁུར་མི་སྣར་ཐ་ཚིག་བསྒྲག་དགོས། གནས་ཚུལ་ཚབས་ཆེན་ཡིན་ན་ལོ1ནས5ཡི་ནང་དུ་དམངས་གཉེར་སློབ་གྲྭའི་ཇུས་གཅོད་ལས་ཁུངས་ཀྱི་འགན་འཁུར་པའམ་སློབ་གཙོ་གསར་དུ་བྱེད་མི་ཆོག གནས་ཚུལ་ཧ་ཅང་ཚབས་ཆེ་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་ན། དམངས་གཉེར་སློབ་གྲྭའི་ཇུས་གཅོད་ལས་ཁུངས་ཀྱི་འགན་འཁུར་པའམ་ཡང་ན་སློབ་གཙོ་དུས་གཏན་དུ་བྱེད་མི་ཆོག

དམངས་གཉེར་སློབ་གྲྭ་མང་པོ་མཉམ་དུ་འཛུགས་གཉེར་བྱས་པའམ་དོན་དངོས་ཚོད་འཛིན་བྱས་པའི་འཛུགས་གཉེར་བྱེད་མཁན་ནམ་དོན་དངོས་ཚོད་འཛིན་བྱེད་མཁན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ། རང་གིས་འཛུགས་གཉེར་བྱས་པའམ་དོན་དངོས་ཚོད་འཛིན་བྱས་པའི་དམངས་གཉེར་སློབ་གྲྭའི་དོ་དམ་ལྷོད་གཡེང་དུ་བཏང་ནས་ཤུགས་རྐྱེན་ངན་པ་བཟོས་ན། རྫོང་རིམ་པ་ཡན་གྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གམ་ཡང་ན་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་འགན་འཁྲིའི་ལས་བགོས་ལྟར་བཀའ་བབས་ནས་དུས་བཅད་ལྟར་དག་ཐེར་བྱེད་དུ་འཇུག་དགོས་ལ། དག་བཅོས་མི་བྱེད་པའམ་ཡང་ན་དག་བཅོས་བྱས་རྗེས་སྔར་བཞིན་གནད་དོན་རིགས་འདྲ་བ་བྱུང་ན། ལོ1ནས5ཡི་ནང་དམངས་གཉེར་སློབ་གྲྭ་གསར་པ་འཛུགས་གཉེར་བྱེད་མི་ཆོག། གནས་ཚུལ་ཚབས་ཆེན་ཡིན་ན། ལོ10ཡི་ནང་དུ་དམངས་གཉེར་སློབ་གྲྭ་གསར་པ་འཛུགས་གཉེར་བྱེད་མི་ཆོག

དོན་ཚན་རེ་ལྔ་བ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་དམངས་གཉེར་སློབ་གྲྭ་འཛུགས་གཉེར་བྱེད་པ་དང་འཛུགས་གཉེར་བྱེད་པར་ཞུགས་པའམ་ཡང་ན་དམངས་གཉེར་སློབ་གྲྭ་གྲབས་འཛུགས་བྱེད་ཡུན་དུ་སློབ་མ་བསྡུས་ན། དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དོན་ཚན་རེ་བཞི་བའི་གཏན་འབེབས་ལྟར་ཆད་པ་གཅད་དགོས།

ལེའུ་དགུ་བ། ཞར་བྱུང་དོན་ཚན།

དོན་ཚན་རེ་དྲུག་པ། སྲོལ་ཡིག་འདིའི་ནང་འཁོད་པའི་ད་ཡོད་དམངས་གཉེར་སློབ་གྲྭ་ཞེས་པ་ནི2016ལོའི་ཟླ11ཚེས7ཉིན《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས〉ལ་བཟོ་བཅོས་བརྒྱབ་པའི་སྐོར་གྱི་ཆོད་དོན》ཁྱབ་བསྒྲགས་མ་བྱས་གོང་དུ་བཙུགས་པའི་དམངས་གཉེར་སློབ་གྲྭ་ལ་ཟེར་བ་ཡིན།

དོན་ཚན་རེ་བདུན་པ། སྲོལ་ཡིག་འདིའི་ནང་གཏན་ལ་ཕབ་པའི་རྒྱབ་སྐྱོར་དང་བྱ་དགའ་སྤྲོད་ཐབས་དེ་ཀྲུང་ཕྱི་མཉམ་ལས་ཀྱི་སློབ་གྲྭ་འཛུགས་གཉེར་ལས་ཁུངས་ལའང་སྤྱོད་འཐུས་པ་ཡིན།

དོན་ཚན་རེ་བརྒྱད་པ། སྲོལ་ཡིག་འདི2021ལོའི་ཟླ9བའི་ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས།