【ལོ་བརྒྱའི་ལམ་བུར་འབད་པས་འཇུག རྒྱང་སྐྱོད་གསར་པ་འདི་ནས་རྩོམ། ཏང་དར་གཞི་རིམ་གྱི་མཁའ་དབྱིངས་ན་བསྐྱོད། 】 འབྲོག་པའི་སེམས་ནང་གི“སྨན་པ་བཟང་པོ”།

——ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཚུལ་ཁྲིམས་དར་རྒྱས།

ཚུལ་ཁྲིམས་དར་རྒྱས་ལ་འབྲོག་པ་རྣམས་ཀྱིས“མི་དམངས་ཀྱི་སྨན་པ་བཟང་པོ”ཞེས་འབོད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ་བ་བདུན་པར། ཉི་དྲོད་འཇམ་ལ་བསིལ་རླུང་ལྡང་བའི་མགོ་ལོག་རྩྭ་ཐང་གི་ཡངས་པའི་སྤང་ཐང་ན། མུ་ཏིག་ས་ལ་གཏོར་འདྲའི་འབྲོག་ལུག་དལ་བར་རྒྱུ་ཞིང་། སྦྲ་གོང་ན་མཆེད་པའི་དུ་བ་སྔོ་ལྷོག་ལྷོག་དཀར་པོ་སྤྲིན་འདབས་སུ་ཡལ་བ་དང་། རྒྱང་རིང་གི་རྫི་གླུ་སྙན་མོ་བསིལ་རླུང་ཁྲོད་ན་ལྡེམ་ཞིང་གཡོ།  

ཡུལ་འདི་ནི་མཐོ་ཞིང་བརྗིད་པའི་གངས་རི་ཆེན་པོ་ཞིག་གི་ཕ་རོལ་ཏུ་ཆགས་ཤིང་། ཡུལ་ཕྱིར་བསྐྱོད་དུས་ཀྱག་ཀྱོག་གི་རི་ལམ་ཕྲ་མོ་ཁོ་ནར་བརྒྱུད་ནས་འགྲོ་དགོས་པ་མ་ཟད་དེང་གི་དྲ་རྒྱ་སོགས་ལྟ་བུའི་འབྲེལ་ལམ་གཞན་གཅིག་ཀྱང་མེད་སྟབས། ཆ་སྙོམས་མཚོ་འཕགས་སྨི4000ཡིན་ན་ཡོད་པའི་ཡུལ་འདིའི་འབྲོག་པ་མང་ཚོགས་ལ་མཚོན་ན་ན་ཚ་བྱུང་དུས་ལམ་སེང་སྨན་པར་བསྟེན་དཀའ་བ་ནི་སེལ་ཐབས་བྲེལ་བའི་དཀའ་ཁག་ཆེན་པོ་ཞིག་ཏུ་གྱུར་ཡོད། 

ད་ལོར་ལོ་ན59ལ་སོན་པའི་ཚུལ་ཁྲིམས་དར་རྒྱས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་རྒྱས་ཀུན་ཕན་གསོ་རིག་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོ་ཡིན། ཁོའི་སྨན་པའི་ཕྱག་ལས་གཉེར་ནས་ལོ་ངོ40ལྷག་ཕྱིན་ཡོད་ཅིང་། དེའི་རིང་དུ་ཕ་ཡུལ་གྱི་རི་ལུང་ཀུན་ལ་གོམ་པས་འདེགས་འཇོག་མ་ལྷོད་པར་ཁྱིམ་ཚང་མང་པོ་ཞིག་དུ་ཕྱིན་ནས་བདེ་ཐང་གི་དངོས་གྲུབ་གྲངས་མེད་བསྩལ།

ལོ་ངོ40རིང་ལ། ཚུལ་ཁྲིམས་དར་རྒྱས་ཀྱིས་རྒན་རྒོན་ཁེར་ཧྲེང་བཅུ་ཕྲག་ལྷག་གཉོར་སྐྱོང་བྱས་ཤིང་། ནད་པ་མི་ཐེངས་ཁྲི50ལ་བརྒལ་བར་ནད་བཅོས་བྱས་པ་དང་། དཔལ་འབྱོར་གྱི་འཁོས་ཀ་ཞན་པའི་ནད་པའི་ཁུར་པོར་ཆག་ཡང་གཏང་ཆེད་སྨན་རིན་སྒོར་ཁྲི20མེད་པར་བཟོས་པ་དང་། མི་སྒེར་ནས་ནད་པར་སྨན་རིན་སྒོར་ཁྲི20ལྷག་ཚབ་སྤྲོད་བྱེད་རོགས་བྱས། ཞིང་འབྲོག་ཁུལ་དུ་སྨན་རྫས་དངོས་ཟོང་ཐེངས་བརྒྱ་ཕྲག་ལྷག་བསྐྱལ་པ་དང་། ལེ་དབར་འབུམ་ཕྲག་ཙམ་ཕྱིན་ནས་འོས་འགན་སྐོར་དཔྱད་དང་སྨན་བཅོས་ལ་གཞོལ་ཏེ། འབྲོག་པ་མང་ཚོགས་ལ་རིན་ཐང་སྒོར་འབུམ་གཉིས་ཀྱི་སྨན་སྦྱིན་གནང་ཡོད་པས། ཡུལ་དེའི་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ“མི་དམངས་ཀྱི་སྨན་པ་བཟང་པོ”ཞེས་འབོད་པ་རེད།

ཟླ6ཚེས28ཉིན། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་གི་ལས་དོན་པ། གཞི་རིམ་གྱི་སྔོན་ཐོན་ཏང་རྩ་འཛུགས་བཅས་ཀྱི་གཟེངས་རྟགས་ཚོགས་ཆེན་སྟེང་དུ། ཚུལ་ཁྲིམས་དར་རྒྱས་ལ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་བསྩལ།

ཚུལ་ཁྲིམས་དར་རྒྱས་ཀྱིས་གཟི་འགན་དེ་ཕྲག་ཏུ་བླངས་རྗེས་སྔར་བཞིན་འབྲོག་ཁུལ་དུ་རྐང་ཚུགས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་ཞུ་བསྒྲུབ་པའི་ཆོད་སེམས་ཇེ་བརྟན་དུ་གྱུར།

1962ལོའི་ཟླ9པར། ཚུལ་ཁྲིམས་དར་རྒྱས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཡུལ་དེར་སྨན་པ་དང་སྨན་རྫས་དཀོན་པའི་གནས་ཚུལ་འོག ན་ཚོད་ཕྲ་དུས་ནས་བཟུང་སྟེ་སྲོག་སྐྱོབ་ནད་བཅོས་ལ་བརྟེན་ནས་ཕ་ཡུལ་གྱི་མི་རྣམས་ལ་ངེས་དོན་ཕན་པའི་སྨན་པ་ཞིག་ཅིས་ཀྱང་བྱེད་དགོས་པའི་བློ་བཅོས་མིན་ཞིག་འཁྲུངས། ལོ9ཡི་སྟེང་ནས་བཟུང་ཡུལ་དེའི་སྨན་པ་རྒན་པ་ཞིག་གི་དྲུང་ནས་བོད་སྐད་ཡིག་དང་གསོ་རིག་སྨན་གཞུང་ལ་སྦྱངས་པའི་འགོ་བརྩམས།

ལོ19ཡི་སྟེང་དུ་དམག་ནང་དུ་ཞུགས་ནས་དམག་སྨན་བྱས། ཕྱིས་མགོ་ལོག་ཁུལ་འཕྲོད་བསྟེན་རིམས་འགོག་ས་ཚིགས་སུ་ལས་ཀ་བསྒྲུབས་ཤིང་། རིམས་ནད་ཆེད་ཚན་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས། སྨན་པའི་ཕྱག་ལས་གནང་རིང་ལ། གམ་དུ་ནད་པ་ཡོང་དུས་ཉིན་མཚན་དང་ཁ་ཆར་བུ་ཡུག་ལ་མི་བལྟས་པར་མ་སྐུལ་དང་ལེན་སྒོས་ནད་བརྟག་སྨན་བཅོས་བྱེད་རྒྱུ་དགའ་བ་མ་ཟད། དཀའ་ཚེགས་མི་འཛེམ་པར་ལེ་དབར་བཅུ་ཕྲག་མཚམས་ཀྱི་འབྲོག་སྡེ་རུ་བསྐྱོད་དེ་འབྲོག་པར་སྨན་བཅོས་བྱེད་པ་སོགས་ཁོ་ལ་མཚོན་ན་རྒྱུན་ལྡན་གྱི་འཚོ་བ་ཞིག་ཏུ་གྱུར་ཡོད།

ཁ་པར་རིམ་བཞིན་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས་ཡུལ་དེ་ཡང་རིམ་བཞིན་ཕྱི་ཕྱོགས་སུ་འབྲེལ་འདྲིས་ཐུབ་པ་བྱུང་བ་དང་། ཚུལ་ཁྲིམས་དར་རྒྱས་ཀྱི་ནད་པ་ཡང་ཇེ་མང་དུ་ཕྱིན།“ངས་ཁ་པར་གྱི་སྒོ་ནམ་ཡང་ཕྱེ་ནས་བཞག་པ་ཡིན། ཁ་པར་ཡོང་མ་ཐག་ཁ་ཆར་དང་དྲག་རླུང་སོགས་གནམ་གཤིས་ག་འདྲ་ཡིན་རུང་འཕྲུལ་རྟར་བྱོན་ནས་ལམ་སང་ནད་པའི་གམ་དུ་རྒྱུག་པ་ཡིན་ཟེར། ”

དེ་ལྟར་དུས་ཡུན་ཅུང་རིང་པོ་ཞིག་འགོར་རྗེས། ཚུལ་ཁྲིམས་དར་རྒྱས་ཀྱིས་འབྲོག་ཁུལ་གྱི་སྨན་པ་ཉུང་བའི་དཀའ་ཁག་འདི་ཐག་གཅོད་དགོས་ན་གསོ་རིག་གི་འཇོན་ལྡན་པ་མང་པོ་ལ་བརྟེན་དགོས་པ་རྟོགས་ནས2002ལོའི་ཟླ8པར། ཁྱིམ་ཀྱི་བསགས་ནོར་སྒོར་ཁྲི12ཡོད་པ་མ་རྩར་བཏང་ནས་མིང་ལ་གངས་ལྗོངས་དར་རྒྱས་ཀུན་ཕན་བོད་སྨན་སློབ་གྲྭ་ཞེས་པའི་ཐོག་མར་བཙུགས།

ཚུལ་ཁྲིམས་དར་རྒྱས་ཀྱིས་འདི་སྐད། ངེད་སློབ་གྲྭས་གཙོ་བོ་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་དཀའ་ངལ་ཅན་དང་བྱིས་པ་དབང་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་རུབ་བྱས་པ་ཡིན།   དམིགས་སུ་བོད་ཀྱི་གསོ་རིག་རྒྱུན་འཛིན་བྱ་བ་ཕྲག་འགན་དུ་བླངས་ཏེ། “ལག་རྩལ་རྒྱུན་འཛིན་དང་། དབུལ་པོར་རོགས་སྐྱོར། རང་ཁ་རང་གསོ། སྤྱི་ཚོགས་ལ་ལག་རྗེས་འཇོག”ཆེད་དང་། སྨན་པའི་འཇོན་མི་སྐྱེད་སྲིང་བྱས་ནས་ཞིང་འབྲོག་ཁུལ་གྱི་སྨན་པ་ཉུང་བའི་དཀའ་གནད་ཐག་གཅོད་དང་། ས་གནས་རང་གི་སྨན་བཅོས་འཕྲོད་བསྟེན་དང་མི་རིགས་བྱ་གཞག་གོང་སྤེལ་ལ་སྐུལ་འདེད་གཏང་བའི་ཆེད་དུ་ཡིན་ཞེས་ངོ་སྤྲོད་གནང་བྱུང་།

སློབ་གྲྭ་དེ་གཉེར་ནས་ད་ལྟའི་བར་དུ། ཞིང་ཆེན་ཡོངས་དང་ཐ་ན་བོད་ལྗོངས་དང་། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ས་ཁུལ་གྱི་བོད་རྒྱ་ཧོར་སོག་གི་དཀའ་ངལ་ཅན་དང་དབང་སྐྱོན་ཅན་གྱི་བྱིས་པ1600ལ་རིན་མེད་སློབ་གཉེར་གྱི་གོ་སྐབས་སྤྲད་ནས་བོད་སྨན་གསོ་རིག་གི་ཆེད་ལས་ལག་རྩལ་འབྲིང་ཅན950ལྷག་སྐྱེད་སྲིང་བྱས་པ་དང་། དུས་ཐུང་གི་རིན་མེད་ཟབ་སྦྱོང་འཛིན་གྲྭ་སྐབས་དགུ་གཉེར་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣ་ཐེངས4000ལ་ཟབ་སྦྱོང་བྱས་མྱོང་བ་དང་།  སློབ་མ་དེ་དག་ཀྱང་ལས་ལམ་རྣམ་པ་སྣ་ཚོགས་བརྒྱུད་ནས་ལས་ཞུགས་ལས་རྐང་དུ་ཞུགས་ཐུབ་ཡོད་པ་རེད།

“ད་ལྟ་སློབ་གྲྭའི་ལས་ཞུགས་ཚད100%。”ཡིན་ཞེས་དོན་དག་དེ་དག་གླེང་ཡོང་དུས། ཚུལ་ཁྲིམས་དར་རྒྱས་ཀྱིས་དེ་ནི་རང་གི་གཟི་བརྗིད་ཅིག་བསམས་ཞོར། སློབ་མ་ལ་ལ་གཞུང་ཞབས་པར་རྒྱུགས་འཕྲོད་ཡོད། ལ་ལས་ཅང་སུའུ་དང་། ཧྲང་ཧའེ། པེ་ཅིང་སོགས་སུ་བོད་སྨན་གྱི་ཀུང་སི་གཉེར་ནས་གསོ་རིག་གི་ཕྱག་ལས་གནང་གི་ཡོད་ཅེས་བཤད་བྱུང་།

སློབ་གྲྭའི་གཞི་ཁྱོན་ཉིན་རེར་ཇེ་ཆེར་སོང་བ་དང་བསྟུན་ནས་སློབ་གྲྭ་དེ་ད་ལྟ་དམངས་གཉེར་ཕན་བདེ་ལམ་ལུགས་ཀྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་གྱུར་ཞིང་། མགོ་ལོག་ཁུལ་གྱི་དམངས་གཉེར་ལས་རིགས་ལག་རྩལ་སློབ་གྲྭ་དང་། རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་རིག་ཆེད་ལས་ཀྱི་དམངས་གཉེར་སློབ་གྲྭ་ཐོག་མར་གྱུར།

ཚུལ་ཁྲིམས་དར་རྒྱས་ནི་བོད་ཀྱི་གསོ་རིག་ལ་འཇོན་ཞིང་། ཁོག་ནད་ཚན་ཁག་དང་བྱིས་ནད་ཚན་ཁག་གི་བརྟག་དཔྱད་སྨན་བཅོས་ཕྱོགས་ལ་ཁྱད་དུ་འཕགས་པའི་སྨན་པ་ཞིག་ཡིན། ཁོས་སྔ་གཞུག་ཏུ་ཞིང་ཆེན་རིམ་པ་ཡན་གྱི་དུས་དེབ་དང་རིག་གཞུང་གྲོས་ཚོགས་སྣ་ཚོགས་སུ་དཔྱད་རྩོམ30སྤེལ་མྱོང་བ་མ་ཟད། བྱ་དགའ་ཡང་མི་ཉུང་བ་བླངས།

དེ་བཞིན་དུ་ཚུལ་ཁྲིམས་དར་རྒྱས་ཀྱིས་ཏང་གི་རྩ་འཛུགས་ཀྱི་འཚོ་བར་ཞུགས་པ་དེ་ཆེས་གཟབ་ནན་གྱི་དོན་དག་ཅིག་ཏུ་བརྩིས་ནས་ཏང་གི་སློབ་ཁྲིད་དང་། དཔེ་ཀློག་ཟིན་བྲིས་འདེབས་པའི་ཁྲོད་ཚང་མས་སྣེ་འཁྲིད་ཅིང་། ཆེད་མཁས་པའི་འཆད་འཁྲིད་དང་། ཏང་གི་བརྗོད་དོན་སློབ་ཁྲིད། སློབ་ཁྲིད་ཆེན་མོ་སོགས་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་དང་ཏང་གི་སྲིད་ཇུས་ཁྲིམས་སྲོལ་སྐོར་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་དྲིལ་སྒྲོག་བྱས། ཁོང་གི་སྣེ་འཁྲིད་འོག 2016、2017、2018ལོ་བཅས་བསྟུད་མར་ལོ་གསུམ་རིང་ལ་སློབ་གྲྭའི་ཏང་ཀྲི་པུའུ་མགོ་ལོག་ཁུལ་གྱི“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”སུ་བདམས།

2019ལོའི་ཟླ12པར་སློབ་གྲྭ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཏང་ཨུའི“གསར་པ་གཉིས”བཟོ་ཚོགས་ཨུ་ལྷན་གྱིས“མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རྩ་འཛུགས་ཏང་འཛུགས་ལས་དོན་དཔེ་སྟོན་ས་ཚིགས”སུ་གཏན་འཁེལ་བྱས།

གཤིས་ཀ་བབ་ཆགས་ལ་གཞུང་དྲང་པའི“རྩྭ་ཐང་གི་ལྷ་རྗེ”། གུང་ཁྲན་ཏང་ཡོན་དཀྱུས་མ། སློབ་གྲྭའི་སློབ་གཙོ་དཀྱུས་མ་ཚུལ་ཁྲིམས་དར་རྒྱས་ཀྱིས་བརྩེ་དྲོན་གྱི་སྦྲང་ཆར་རྩྭ་ཐང་དུ་གཏོར་ཞིང་། མི་ཚེ་ཡི་ལང་ཚོ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་བྱ་གཞག་ལ་ཕུལ་ཏེ། གཞན་ཕན་དོན་གཉེར་གྱི་ལྷག་བསམ་གཙང་མ་བསྣམས་ནས་བོད་ཀྱི་གསོ་རིག་འཇོན་མི་སྐྱེད་སྲིང་ལ་འབད་པ་ཧུར་ཐག་བྱས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་དང་། མེས་རྒྱལ་གྱི་རྒྱ་བོད་ལུགས་གཉིས་ཀྱི་གསོ་རིག་རྒྱུན་འཛིན་བྱ་གཞག་ལ་ཞབས་འདེགས་ཞུས་ནས་བསམ་སྤྱོད་གཉིས་ཀྱི་ཆ་ནས“མཐོ་སྒང་དུ་རྐང་ཚུགས་ཤིང་། ནུས་པ་ཅི་ལྕོགས་ཀྱིས་གཞན་དོན་ལྷུར་ལེན་ལ་བརྩོན་པའི”བླ་མེད་ཀུན་སྤྱོད་གསལ་དཀྲོད་བྱས། 

“འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་ཐེ་བོང་བསྒྲེངས་ནས་ཁྱེད་ནི‘སྨན་པ’བཟང་པོ་ཞིག་རེད་ཅེས་བསྟོད་བསྔགས་གནང་སྐབས། ཁོས་རང་ཉིད་ལ་སྨན་པའི་བྱམས་སེམས་ནི་ངས་ནམ་ཡང་འདོར་མི་རིགས་པའི་དམ་བཅའ་ཡིན་པ་རང་སྐུལ་རང་འདེབས་བྱས་པ་ཡིན་ཟེར། ”

ཁོན་ཐར་འཚོས་བསྒྱུར།