ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།

ཨང736པ།

《བརྫད་འབུད་ཆོག་འཐུས་དོ་དམ་སྲོལ་ཡིག》ལ་2020ལོའི་ཟླ12པའི་ཚེས9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས117པ་སྟེང་ཡིད་འཐད་བྱུང་བ་སྟེ། ད་ལྟ་དངོས་སུ་ཁྱབ་བསྒྲགས་བྱས་པ་ཡིན། 2021ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

ཙུང་ལི།ལི་ཁེ་ཆང།

2021ལོའི་ཟླ་པའི1ཚེས24ཉིན།

བརྫད་འབུད་ཆོག་འཐུས་ཀྱི་དོ་དམ་སྲོལ་ཡིག

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། བརྫད་འབུད་ཆོག་འཐུས་ཀྱི་དོ་དམ་ལ་ཤུགས་བསྣན་ནས་ཁེ་ལས་དོན་ལས་སྡེ་ཚན་དང་ཐོན་སྐྱེད་བདག་གཉེར་མཁན་གཞན་དག་གི་བརྫད་འབུད་སྤྱོད་ལམ་ཚད་ལྡན་དུ་གཏོང་བ་དང་། རྫོད་དངོས་ཕྱིར་འབུད་ལ་ཚོད་འཛིན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་ལེགས་བཅོས་བཅས་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ལ་གཞི་བྱས་ཏེ། སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བརྫད་འབུད་ཆོག་འཐུས་དོ་དམ་ལག་བསྟར་བྱེད་པའི་ཁེ་ལས་དོན་ལས་སྡེ་ཚན་དང་ཐོན་སྐྱེད་བདག་གཉེར་མཁན་གཞན་པས(གཤམ་ནས་བརྫད་འབུད་སྡེ་ཚན་ཟེར་རྒྱུ)སྲོལ་ཡིག་འདིའི་གཏན་འབེབས་ལྟར་བརྫད་འབུད་ཆོག་འཐུས་དཔང་ཡིག་རེ་ཞུ་བྱས་ཏེ་ལེན་དགོས། བརྫད་འབུད་ཆོག་འཐུས་དཔང་ཡིག་བླངས་མེད་པ་དག་གིས་རྫོད་དངོས་ཕྱིར་འབུད་བྱས་མི་ཆོགརྫོད་དངོས་ཐོན་ཚད་དང་ཕུད་ཚད།ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས།བརྫད་འབུད་སྡེ་ཚན་ལ་བརྫད་འབུད་ཆོག་འཐུས་རིགས་དབྱེ་དོ་དམ་ལག་བསྟར་བྱེད་དགོས་ཏེ།

(གཅིག) རྫོད་དངོས་ཐོན་ཚད་དང་ཕུད་ཚད་ཡང་ན་ཁོར་ཡུག་ལ་ཤུགས་རྐྱེན་ལ་ཐེབས་ཚད་ཅུང་ཆེ་བའི་བརྫད་འབུད་སྡེ་ཚན་ལ། བརྫད་འབུད་ཆོག་འཐུས་གཙོ་གནད་དོ་དམ་ལག་བསྟར་བྱེད་དགོས།

(གཉིས) རྫོད་དངོས་ཐོན་ཚད་དང་ཕུད་ཚད་ཡང་ན་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཅུང་ཆུང་བའི་བརྫད་འབུད་སྡེ་ཚན་ལ། བརྫད་འབུད་ཆོག་འཐུས་སྟབས་བདེའི་དོ་དམ་ལག་བསྟར་བྱེད་དགོས།

བརྫད་འབུད་ཆོག་འཐུས་ཀྱི་དོ་དམ་ལག་བསྟར་བྱ་རྒྱུའི་བརྫད་འབུད་སྡ་ཚན་གྱི་ཁྱབ་ཁོངས་དང་།ལག་བསྟར་གོ་རིམ།དོ་དམ་རིགས་སྣའི་མིང་བཅས་ནི་རྒྱབ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུགགཅོ་སྐྱོང་སྡེ་ཁག་གིས་འགོད་དགོས་པ་མ་ཟད་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་དང་ལག་བསྟར་བྱེད་དགོས། བརྫད་འབུད་ཆོག་འཐུས་ལག་བསྟར་བྱུ་རྒྱུའི་བརྫད་འབུད་སྡེ་ཚན་གྱི་ཁྱབ་ཁོངས་དང་ལག་བསྟར་གོ་རིམ།དོ་དམ་རིགས་སྣའི་མིང་ཐོ་གཏན་ཁེལ་བྱ་དགོས་ན། འབྲེལ་ཡོད་སྡེ་ཁག་དང་ལས་རིགས་མཐུན་ཚོགས། ཁེ་ལས་དོན་ལས་སྡེ་ཚན་དང་སྤྱི་ཚོགས་བྱིངས་དམངས་སོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

དོན་ཚན་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་བརྫད་འབུད་ཆོག་འཐུས་ལ་གཅིག་གྱུར་གྱིས་ལྟ་སྐུལ་དོ་དམ་བྱེད་དགོས།

ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག གཅོ་སྐྱོང་སྡེ་ཁག་གིས་རང་སྲིད་འཛིན་ཁྱབ་ཁོངས་དེ་གའི་བརྫད་འབུད་ཆོག་འཐུས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས།

དོན་ཚན་བཞི་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་བྱས་ཏེ།དྲ་ཐོག་ནས་བརྫད་འབུད་ཆོག་འཐུས་སྒྲུབ་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ཞིབ་བཤེར་དང་ཐག་གཅོད། ཆ་འཕྲིན་ཡོངས་བསྒྲགས་སོགས་རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་བརྒྱུད་ནས་སྒྲུབ་དགོས།

དོན་ཚན་ལྔ་བ། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བརྫད་འབུད་ཆོག་འཐུས་ཀྱི་དོ་དམ་བྱ་བར་མཁོ་བའི་གྲོན་དངུལ་རིམ་པ་དེ་གའི་སྔོན་རྩིས་ནང་འགོད་དགོས།

ལེའུ་གཉིས་པ། རེ་ཞུ་དང་ཞིབ་མཆན།

 དོན་ཚན་དྲུག་པ། བརྫད་འབུད་སྡེ་ཚན་གྱིས་ཐོན་སྐྱེད་བདག་གཉེར་བྱེད་ཡུལ་གནས་སའི་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་(གཤམ་ནས་མཆན་འགོད་སྡེ་ཁག་ཟེར་རྒྱུ)ལ་བརྫད་འབུད་ཆོག་འཐུས་དཔང་ཡིག་རེ་ཞུ་བྱས་ཏེ་ལེན་དགོས།

བརྫད་འབུད་སྡེ་ཚན་དུ་རྫོད་དངོས་ཕྱིར་འབུད་པའི་ཐོན་སྐྱེད་བདག་གཉེར་བྱེད་ཡུལ་གཉིས་ཡན་ཡོད་ཚེ། ཐོན་སྐྱེད་བདག་གཉེར་བྱེད་ཡུལ་སོ་སོའི་བརྫད་འབུད་ཆོག་འཐུས་དཔང་ཡིག་ལེན་དགོས།

དོན་ཚན་བདུན་པ། རེ་ཞུ་ཞུས་ཏེ་བརྫད་འབུད་ཆོག་འཐུས་དཔང་ཡིག་ལེན་ན་རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་ནས་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་རེ་ཞུ་རེའུ་མིག་སྤྲད་ཆོག་ལ། འཕྲིན་ཡིག་སྐུར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཀྱང་སྤྲད་ཆོག བརྫད་འབུད་ཆོག་འཐུས་དཔང་ཡིག་གི་རེ་ཞུ་རེའུ་མིག་ལ་གཤམ་གྱི་དོན་ཚན་འདི་དག་འདུ་སྟེ།

(གཅིག ) བརྫད་འབུད་སྡེ་ཚན་གྱི་མིང་དང་སྡོད་གནས།ཁྲིམས་བཀོད་ཚབ་མིའམ་འགན་འཁུར་བ་གཙོ་བོ། ཐོན་སྐྱེད་བདག་གཉེར་བྱེད་ཡུལ། གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་སོགས་ཀྱི་ཆ་འཕྲིན།

(གཉིས།) བཟོ་སྐྲུན་ལས་གཞིའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་སྙན་ཞུ་ཡི་གེའི་(རེའུ་མིག)ཆོག་མཆན་ཡིག་ཆའམ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་ཐོ་འགོད་རེའུ་མིག་གྲབས་ཐོ་འགོད་རྒྱུའི་རྒྱུ་ཆ།

(གསུམ) རྫོད་དངོས་འབུད་སྣེ་དང་ཐོན་སྐྱེད་སྒྲིག་ཆས་སམ་འཁོར་ཁང་གཙོ་བོ།བཟོ་མཚམས་བཅས་ཀྱིས་རེ་ཞུ་བྱས་ཡོད་པའི་རྫོད་དངོས་ཕྱིར་འབུད་ཀྱི་རིགས་སྣ་དང་ཕྱིར་འབུད་ཀྱི་གར་ཚད་དང་ཕྱིར་འབུད་ཀྱི་གྲངས་ཚད་བཅས་གཞིར་གཟུང་སྟེ། ལག་བསྟར་བྱེད་པའི་རྫོད་དངོས་ཕྱིར་འབུད་ཚད་གཞི་དང་གཙོ་གནད་ཀྱི་རྫོད་དངོས་ཕྱིར་འབུད་བསྡོམས་འབོར་ཚོད་འཛིན་དམིགས་ཚད་ལག་བསྟར་བྱེད་དགོས།

(བཞི ) སྦགས་བཙོག་འགོག་བཅོས་སྒྲིག་ཆས་དང་རྫོད་དངོས་འབུད་སྣེའི་འཇོག་ས་དང་ཁ་གྲངས།རྫོད་དངོས་འབུད་སྟངས་དང་ཕྱིར་འབུད་ཁྱབ་ཡུལ། རང་ཉིད་ལྟ་བཤེར་ཇུས་གཞི་སོགས་ཆ་འཕྲིན།

(ལྔ ) ཐོན་སྐྱེད་སྒྲིག་ཆས་གཙོ་བོ་དང་ཐོན་རྫས་དང་ཐོན་ནུས་གཙོ་བོ།མ་བཅོས་དང་ཟུར་སྤྱོད་རྒྱུ་ཆ་གཙོ་བོ།རྫོད་དངོས་ཐོན་པ་དང་འབུད་པའི་ལྷུ་ཚིགས་སོགས་ཀྱི་ཆ་འཕྲིན་དེ་དག་དང་།ཚོང་ལས་གསང་བ་སོགས་ཡོངས་བསྒྲགས་བྱེད་མི་ཆོག་པའི་གནས་ཚུལ་དང་འབྲེལ་ཡོད་མེད་ཀྱི་གསལ་བཤད།

དོན་ཚན་བརྒྱད་པ། གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ཚེ།བརྫད་འབུད་ཆོག་འཐུས་དཔང་ཡིག་ཐོབ་པར་རེ་ཞུ་བྱས་ཏེ་ལེན་ན་ད་དུང་འབྲེལ་ཡོད་ཀྱི་རྒྱུ་ཆ་སྤྲོད་དགོས་ཏེ།

(གཅིག) བརྫད་འབུད་ཆོག་འཐུས་ཀྱི་གཙོ་གནད་དོ་དམ་ལག་བསྟར་བྱེད་པར་གཏོགས་ན། བརྫད་འབུད་སྡེ་ཚན་གྱིས་རེ་ཞུ་མ་བྱས་སྔོན་དུ་རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དོ་དམ་ཆ་འཕྲིན་ལས་སྟེགས་སུ་སྡེ་ཚན་གྱི་གཞི་རྩའི་ཆ་འཕྲིན་དང་རེ་ཞུ་བྱེད་རྩིས་ཡོད་པའི་ཆོག་འཐུས་དོན་ཚན་ཡོངས་བསྒྲགས་བྱས་པའི་གསལ་བཤད་རྒྱུ་ཆ་སྤྲོད་དགོས།

(གཉིས ) གྲོང་རྡལ་དང་བཟོ་ལས་ཀྱི་བཙོག་ཆུ་གཅིག་བསྡུས་གཙང་བཟོ་སྒྲིག་ཆས་ལ་གཏོགས་ན།བརྫད་འབུད་སྡེ་ཚན་གྱི་བརྫད་འབུད་ཁྱབ་ཁོངས་དང་སྦུག་དྲའི་བཀོད་སྒྲིག མཇུག་མཐའི་འབུད་ཁྱབ་ཡུལ་སོགས་གསལ་བཤད་རྒྱུ་ཆ་སྤྲོད་དགོས།

(གསུམ ) གཙོ་གནད་རྫོད་དངོས་ཕྱིར་འབུད་ཀྱི་གསར་སྐྲུན་དང་བསྒྱུར་སྐྲུན།རྒྱས་སྐྲུན་ལས་གཞི་དང་ལག་རྩལ་བསྒྱུར་བཀོད་ལག་བསྟར་གྱི་ལས་གཞི་ལ་གཏོགས་ན།བརྫད་འབུད་སྡེ་ཚན་གྱིས་རྫོད་དངོས་ཕྱིར་འབུད་གྲངས་ཚད་སྙུང་འཕྲི་ཚབ་བྱེད་བྱས་ཏེ་གཙོ་གནད་རྫོད་དངོས་ཕྱིར་འབུད་བསྡོམས་འབོར་ཚོད་འཛིན་དམིགས་ཚད་ཐོབ་པའི་གསལ་བཤད་རྒྱུ་ཆ་སྤྲོད་དགོས།

དོན་ཚན་དགུ་བ། མཆན་འགོད་སྡེ་ཁག་ལ་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་རེ་ཞུ་འབྱོར་ན།གཤམ་གྱི་གནས་ཚུལ་ལ་གཞིགས་ཏེ་སོ་སོར་ཐག་གཅོད་དགོས་ཏེ།

(གཅིག) ཁྲིམས་ལྟར་བརྫད་འབུད་ཆོག་འཐུས་དཔང་ཡིག་ལེན་མི་དགོས་ན། དུས་ཐོག་ཏུ་བརྫད་འབུད་ཆོག་འཐུས་དཔང་ཡིག་ལེན་མི་དགོས་པའི་གསལ་བརྡ་གཏོང་དགོས།

(གཉིས) མཆན་འགོད་སྡེ་ཁག་དེ་གའི་འགན་དབང་ཁྱབ་ཁོངས་སུ་མི་གཏོགས་ན་དུས་ཐོག་ཏུ་བདག་སྤྲོད་མི་བྱེད་པ་ཐག་གཅོད་དགོས་པར་མ་ཟད། བརྫད་འབུད་སྡེ་ཚན་ལ་མཆན་འགོད་དབང་ཆ་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་ལ་རེ་ཞུ་བྱེད་དགོས་པའི་གསལ་བརྡ་གཏོང་དགོས།

(གསུམ) རེ་ཞུ་རྒྱུ་ཆ་ལ་སྐབས་ཐོག་ཏུ་དག་བཅོས་བྱས་ཆོག་པའི་ནོར་འཁྲུལ་ཡོད་ན།བརྫད་འབུད་སྡེ་ཚན་ལ་སྐབས་ཐོག་དེར་དག་བཅོས་བྱེད་དུ་འཇུག་དགོས།

(བཞི) རེ་ཞུ་རྒྱུ་ཆ་ཁ་མི་ཚང་བའམ་ཁྲིམས་བཀོད་རྣམ་པ་དང་མི་མཐུན་ན། སྐབས་ཐོག་དེའམ་ཡང་ན་ཉིན3གྱི་ནང་དུ་གསལ་བརྡ་ཡི་གེའི་བྱིན་ནས་བརྫད་འབུད་སྡེ་ཚན་གྱིས་ཁ་གསབ་རྒྱག་དགོས་པའི་རྒྱུ་ཆ་དག་ཐེངས་གཅིག་གིས་གསལ་བརྡ་གཏོང་དགོས།དུས་འགྱངས་ཀྱང་གསལ་བརྡ་མ་བཏང་ན།རེ་ཞུ་རྒྱུ་ཆ་འབྱོར་བའི་ཉིན་ནས་བཟུང་བདག་སྤྲོད་བྱས་ཟིན་པར་བརྩིས་ཆོག

(ལྔ) མཆན་འགོད་སྡེ་ཁག་དེ་གའི་འགན་དབང་ཁྱབ་ཁོངས་སུ་གཏོགས་ཤིང་། རེ་ཞུ་རྒྱུ་ཆ་ཁ་ཚང་ལ་དང་ཁྲིམས་བཀོད་རྣམ་པ་དང་མཐུན་པའམ། ཡང་ན་བརྫད་འབུད་སྡེ་ཚན་གྱི་བླང་བྱ་ལྟར་རེ་ཞུ་རྒྱུ་ཆ་ཁ་ཚང་ཡང་དག་བརྒྱབ་ན། དེ་བདག་སྤྲོད་བྱེད་དགོས།

མཆན་འགོད་སྡེ་ཁག་གིས་རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་སུ་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་རེ་ཞུ་བདག་སྤྲོད་བྱས་པའམ་ཡང་ན་བདག་སྤྲོད་མི་བྱེད་པའི་ཆོད་དོན་ཡོངས་བསྒྲགས་བྱེད་དགོས་ཤིང་། དུས་མཉམ་དུ་བརྫད་འབུད་སྡེ་ཚན་ལ་མཆན་འགོད་སྡེ་ཁག་གི་ཆེད་སྤྱོད་ཐམ་ག་བརྒྱབ་ཅིང་ཟླ་ཚེས་གསལ་པོར་བཀོད་པའི་དཔང་འཛིན་སྤྲོད་དགོས།

དོན་ཚན་བཅུ་བ།  མཆན་འགོད་སྡེ་ཁག་གིས་བརྫད་འབུད་སྡེ་ཚན་གྱིས་སྤྲད་པའི་རེ་ཞུ་རྒྱུ་ཆ་ལ་ཞིབ་བཤེར་བྱེད་དགོས་པར་མ་ཟད། བརྫད་འབུད་སྡེ་ཚན་གྱི་ཐོན་སྐྱེད་བདག་གཉེར་བྱེད་ཡུལ་དངོས་སུ་སོང་ནས་ཞིབ་བཤེར་བྱས་ཆོག

མཆན་འགོད་སྡེ་ཁག་གིས་ལག་རྩལ་ལས་ཁུངས་རྩ་འཛུགས་བྱས་ནས་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་རེ་ཞུ་རྒྱུ་ཆ་ལ་ལག་རྩལ་དཔྱད་དཔོག་བྱས་ཆོག་པར་མ་ཟད།འབྲེལ་ཡོད་འགྲོ་གྲོན་ཡང་འགན་འཁུར་དགོས།ལས་ཁུངས་ཀྱིས་རང་གིས་བཏོན་པའི་ལག་རྩལ་དཔྱད་དཔོག་བསམ་འཆར་ལ་འགན་འཁུར་དགོས་པ་དང་བརྫད་འབུད་སྡེ་ཚན་ལ་གྲོན་དངུལ་ཅི་ཡང་བསྡུ་མི་ཆོག

དོན་ཚན་བཅུ་གཅིག་པ། གཤམ་གྱི་ཆ་རྐྱེན་དག་འཛོམས་པའི་བརྫད་འབུད་སྡེ་ཚན་ལ་བརྫད་འབུད་ཆོག་འཐུས་དཔང་ཡིག་སྤྲོད་དགོས་ཏེ།

(གཅིག) ཁྲིམས་ལྟར་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་སྙན་ཞུ་ཡི་གེའི(རེའུ་མིག)ཆོག་མཆན་བཀོད་ཡིག་བླངས་ཡོད་པའམ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་ཐོ་འགོད་རེའུ་མིག་གྲབས་ཐོ་འགོད་པའི་འགྲོ་ལུགས་བསྒྲུབས་ཟིན་པ།

(གཉིས) རྫོད་དངོས་ཕྱིར་འབུད་དེ་རྫོད་དངོས་ཕྱིར་འབུད་ཚད་གཞིའི་བླང་བྱ་དང་འཚམ་ལ།གཙོ་གནད་རྫོད་དངོས་ཕྱིར་འབུད་དེ་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་རེ་ཞུ་དང་བཤེར་སྤྲོད་ལག་རྩལ་ཚད་ལྡན། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་སྙན་ཞུ་ཡི་གེའི(རེའུ་མིག)ཆོག་མཆན་བཀོད་ཡིག གཙོ་གནད་རྫོད་དངོས་ཕྱིར་འབུད་བསྡོམས་འབོར་ཚོད་འཛིན་བཅས་ཀྱི་བླང་བྱ་དང་འཚམ་པ།དེའི་ནང་དུ་བརྫད་འབུད་སྡེ་ཚན་གྱི་ཐོན་སྐྱེད་བདག་གཉེར་བྱེད་ཡུལ་རྒྱལ་ཁབ་ཀྱི་ཁོར་ཡུག་སྤུས་ཚད་ཚད་གཞི་ལ་སླེབས་མེད་པའི་གཙོ་གནད་ས་ཁོངས་དང་འབབ་ཡུལ་དུ་ཡོད་ན།ད་དུང་འབྲེལ་ཡོད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་བཅོས་སྐོར་གྱི་དམིགས་བསལ་བླང་བྱ་དང་ཡང་འཚམ་དགོས།

(གསུམ) རྫོད་དངོས་འགོག་བཅོས་སྒྲིག་ཆས་སྤྱད་ན་ཆོག་འཐུས་ཀྱི་ཕྱིར་འབུད་གར་ཚད་ཀྱི་བླང་བྱ་ལ་ཐོན་ཐུབ་པའམ་ཡང་ན་རྫོད་དངོས་འགོག་བཅོས་ཀྱི་སྤྱོད་ཆོག་ལག་རྩལ་དང་འཚམ་པ།

(བཞི) རང་ཉིད་ལྟ་བཤེར་ཇུས་གཞིའི་ལྟ་བཤེར་གནས་དང་དམིགས་ཚད། ཐེངས་གྲངས་སོགས་རྒྱལ་ཁབ་ཀྱི་རང་ཉིད་ལྟ་བཤེར་ཚད་ལྡན་དང་འཚམ་པ་བཅས་ཡིན།

དོན་ཚན་བཅུ་གཉིས་པ། བརྫད་འབུད་ཆོག་འཐུས་ལ་སྟབས་བདེ་དོ་དམ་ལག་བསྟར་བྱེད་པའི་བརྫད་འབུད་སྡེ་ཚན་ཡིན་ན།མཆན་འགོད་སྡེ་ཁག་གིས་རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན20ནང་དུ་ཞིབ་མཆན་འགོད་མིན་ཐག་གཅོད་བྱེད་དགོས། ཆ་རྐྱེན་དང་འཚམ་ན་བརྫད་འབུད་ཆོག་འཐུས་དཔང་ཡིག་སྤྲོད་དགོས་ཤིང་།ཆ་རྐྱེན་དང་མི་འཚམ་ན་ཆོག་འཐུས་མི་འགོད་པར་ཡིག་ཐོག་གི་གསལ་བཤད་བྱེད་དགོས།

བརྫད་འབུད་ཆོག་འཐུས་ལ་གཙོ་གནད་དོ་དམ་ལག་བསྟར་བྱེད་པའི་བརྫད་འབུད་སྡེ་ཚན་ཡིན་ན།མཆན་འགོད་སྡེ་ཁག་གིས་རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན30ནང་དུ་ཞིབ་མཆན་འགོད་མིན་ཐག་གཅོད་བྱེད་དགོས། ཡུལ་དངོས་སུ་ཞིབ་བཤེར་བྱེད་དགོས་ཚེ།རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན45ནང་དུ་ཞིབ་མཆན་འགོད་མིན་ཐག་གཅོད་བྱེད་དགོས།ཆ་རྐྱེན་དང་འཚམ་ན་བརྫད་འབུད་ཆོག་འཐུས་དཔང་ཡིག་སྤྲོད་དགོས་ཤིང་། ཆ་རྐྱེན་དང་མི་འཚམ་ན་ཆོག་འཐུས་མི་འགོད་པར་ཡིག་ཐོག་གི་གསལ་བཤད་བྱེད་དགོས།མཆན་འགོད་སྡེ་ཁག་གིས་རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་བརྒྱུད་ནས་གཅིག་གྱུར་གྱི་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་སྒྲིག་ཨང་འགྲུབ་པར་བྱེད་དགོས།

དོན་ཚན་བཅུ་གསུམ་པ། བརྫད་འབུད་ཆོག་འཐུས་དཔང་ཡིག་སྟེང་གཤམ་གྱི་ཆ་འཕྲིན་དག་འགོད་དགོས་ཏེ།
      (གཅིག)
བརྫད་འབུད་སྡེ་ཚན་གྱི་མིང་དང་སྡོད་གནས།ཁྲིམས་བཀོད་ཚབ་མིའམ་འགན་འཁུར་བ་གཙོ་བོ། ཐོན་སྐྱེད་བདག་གཉེར་བྱེད་ཡུལ་སོགས།
      (གཉིས)བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གོ་ཆོད་དུས་ཡུན་དང་དཔང་སྤྲོད་ལས་ཁུངས། དཔང་སྤྲོད་ཟླ་ཚེས། དཔང་ཡིག་གི་སྒྲིག་ཨང་དང་རྩ་གཉིས་ཨང་རིས་སོགས་ཡོད་པ།
      (གསུམ)རྫོད་དངོས་ཐོན་པ་དང་འབུད་པའི་ལྷུ་ཚིགས།སྦགས་བཙོག་འགོག་བཅོས་སྒྲིག་བཀོད་སོགས།
      (བཞི)  རྫོད་དངོས་འབུད་སྣེའི་འཇོག་ས་དང་ཁ་གྲངས།རྫོད་དངོས་ཕྱིར་འབུད་བྱེད་སྟངས་དང་ཕྱིར་འབུད་ཁྱབ་ཡུལ་སོགས།
      (ལྔ)རྫོད་དངོས་ཕྱིར་འབུད་ཀྱི་རིགས་སྣ་དང་ཕྱིར་འབུད་ཀྱི་གར་ཚད། ཕྱིར་འབུད་གྲངས་ཚད་སོགས།
      (དྲུག)སྦགས་བཙོག་འགོག་བཅོས་སྒྲིག་བཀོད་ཀྱི་འཁོར་སྐྱོད་དང་སྲུང་སྐྱོང་གི་བླང་བྱ་དང་རྫོད་དངོས་འབུད་སྣེ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་བླང་བྱ་སོགས།
      (བདུན)དམིགས་བསལ་གྱི་དུས་མཚམས་སུ་རྫོད་དངོས་ཕྱིར་འབུད་བཀག་འགོག་གམ་ཚོད་འཛིན་བྱེད་པའི་བླང་བྱ་སོགས།

(བརྒྱད)རང་ཉིད་ཀྱི་ལྟ་བཤེར་དང་། ཁོར་ཡུག་དོ་དམ་གྱི་སྙེགས་ཐོའི་ཟིན་བྲིས། བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུའི་ནང་དོན་དང་ཐེངས་གྲངས་སོགས་ཀྱི་བླང་བྱ།

(དགུ)བརྫད་འབུད་སྡེ་ཚན་གྱི་ཁོར་ཡུག་ཆ་འཕྲིན་ཡོངས་བསྒྲགས་ཀྱི་བླང་བྱ།

(བཅུ)རླུང་ཁམས་རྫོད་དངོས་རྩ་འཛུགས་མེད་པར་ཕྱིར་འབུད་བྱེད་པའི་གནས་ཚུལ་ཡོད་སྐབས། རྩ་འཛུགས་མེད་པའི་ཕྱིར་འབུད་ལ་ཚོད་འཛིན་བྱེད་པའི་བླང་བྱ།

(བཅུ་གཅིག)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ན་བརྫད་འབུད་སྡེ་ཚན་གྱིས་བརྩི་སྲུང་བྱེད་དགོས་པའི་རྫོད་དངོས་ཕྱིར་འབུད་ཚོད་འཛིན་གྱི་བླང་བྱ་གཞན་དག

དོན་ཚན་བཅུ་བཞི་པ། བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གོ་ཆོད་དུས་ཡུན་ནི་ལོ་5ཡིན།

བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གོ་ཆོད་དུས་ཡུན་རྫོགས་རྗེས། བརྫད་འབུད་སྡེ་ཚན་གྱིས་ད་དུང་མུ་མཐུད་དུ་རྫོད་དངོས་ཕྱིར་འབུད་བྱེད་དགོས་ཚེ། བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གོ་ཆོད་དུས་ཡུན་མ་རྫོགས་སྔོན་གྱི་ཉིན60ནང་མཆན་འགོད་སྡེ་ཁག་ལ་རེ་ཞུ་འབུལ་དགོས། མཆན་འགོད་སྡེ་ཁག་གིས་རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན20ནང་ཞིབ་བཤེར་བྱས་ཚར་དགོས།ཆ་རྐྱེན་དང་འཚམ་ན་དུས་ཡུན་སྲིང་ཆོག་ལ་ཆ་རྐྱེན་དང་མི་འཚམ་ན་དུས་ཡུན་བསྲིངས་མི་ཆོག་པར་མ་ཟད་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས།བརྫད་འབུད་སྡེ་ཚན་གྱི་མིང་དང་སྡོད་གནས།ཁྲིམས་བཀོད་ཚབ་མིའམ་འགན་འཁུར་གཙོ་བོ་བཅས་བརྗེ་དགོས་ན། བརྗེས་ཉིན་ནས་བཟུང་ཉིན30ནང་། མཆན་འགོད་སྡེ་ཁག་ལ་བརྫད་འབུད་ཆོག་འཐུས་དཔང་ཡིག་བརྗེ་བའི་འགྲོ་ལུགས་སྒྲུབ་རྒྱུའི་རེ་ཞུ་འབུལ་དགོས།

དོན་ཚན་བཅོ་ལྔ་པ། བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གོ་ཆོད་དུས་ཡུན་ནང་། བརྫད་འབུད་སྡེ་ཚན་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། བརྫད་འབུད་ཆོག་འཐུས་དཔང་ཡིག་ལེན་པའི་རེ་ཞུ་ཡང་བསྐྱར་འབུལ་དགོས་ཏེ།

(གཅིག)རྫོད་དངོས་ཕྱིར་འབུད་ཀྱི་ལས་གཞི་གསར་སྐྲུན་དང་བསྒྱུར་སྐྲུན། རྒྱས་བསྐྲུན་བྱེད་དགོས་པ།

གཉིས) ཐོན་སྐྱེད་བདག་གཉེར་བྱེད་ཡུལ་དང་རྫོད་དངོས་འབུད་སྣེ་འཇོག་སའམ་རྫོད་དངོས་ཕྱིར་འབུད་བྱེད་སྟངས། ཕྱིར་འབུལ་ཁྱབ་ཡུལ་བཅས་ལ་འགྱུར་ལྡོག་བྱུང་བ།

 (གསུམ) རྫོད་དངོས་འབུལ་སྣེའི་ཁ་གྲངས་སམ་ཡང་ན་རྫོད་དངོས་ཕྱིར་འབུད་ཀྱི་རིགས་སྣ་དང་ཕྱིར་འབུད་ཀྱི་གྲངས་ཚད། ཕྱིར་འབུད་ཀྱི་གར་ཚད་བཅས་ཇེ་མང་དུ་སོང་པ།

དོན་ཚན་བཅུ་དྲུག་པ།   བརྫད་འབུད་སྡེ་ཚན་གྱིས་སྤྱོད་འཐུས་པའི་རྫོད་དངོས་ཕྱིར་འབུད་ཚད་གཞི་དང་གཙོ་གནད་རྫོད་དངོས་སྤྱི་འབོར་ཚོད་འཛིན་གྱི་བླང་བྱར་འགྱུར་ལྡོག་བྱུང་ནས།བརྫད་འབུད་ཆོག་འཐུས་དཔང་ཡིག་བརྗེ་དགོས་ན། མཆན་འགོད་སྡེ་ཁག་གིས་ཁྲིམས་ལྟར་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་འབྲེལ་ཡོད་དོན་ཚན་བརྗེ་སྒྱུར་བྱས་ཆོག

ལེའུ་གསུམ་པ། བརྫད་འབུད་དོ་དམ།

དོན་ཚན་བཅུ་བདུན་པ།  བརྫད་འབུད་ཆོག་འཐུས་དཔང་ཡིག་ནི་བརྫད་འབུད་སྡེ་ཚན་ལ་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ལྟ་སྐུལ་དོ་དམ་བྱེད་པའི་གཞི་འཛིན་ས་གཙོ་བོ་ཡིན།   བརྫད་འབུད་སྡེ་ཚན་གྱིས་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་བརྩི་སྲུང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དོ་དམ་གྱི་བླང་བྱ་ལྟར་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་འཁོར་སྐྱོད་དང་སྲུང་སྐྱོང་བྱེད་དགོས་ཤིང་། ཁོར་ཡུག་དོ་དམ་ལམ་ལུགས་བཙུགས་ནས་རྫོད་དངོས་ཕྱིར་འབུད་ལ་ཚོད་འཛིན་ནན་མོ་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ།   བརྫད་འབུད་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གི་གཏན་འཁེལ་ལྟར་ཚད་ལྡན་ཅན་གྱི་རྫོད་དངོས་འབུད་སྣེ་འཛུགས་སྐྲུན་བྱེད་དགོས་མ་ཟད་མཚོན་རྟགས་བྱང་བུའང་འཇོག་དགོས། རྫོད་དངོས་འབུད་སྣའི་འཇོག་ས་དང་ཁ་གྲངས།རྫོད་དངོས་ཕྱིར་འབུད་བྱེད་སྟངས་དང་།རྫོད་དངོས་ཕྱིར་འབུལ་ཁྱབ་ཡུལ་བཅས་ནི་བརྫད་འབུད་ཆོག་འཐུས་དཔང་ཡིག་སྟེང་ཏུ་གཏན་ལ་ཕབ་པ་དང་མཐུན་དགོས།  གསར་སྐྲུན་དང་སྒྱུར་སྐྲུན་དང་།རྒྱས་སྐྲུན་གྱི་ལས་གཞི་དང་ལག་རྩལ་སྒྱུར་བཀོད་བྱེད་པའི་བརྫད་འབུལ་སྡེ་ཚན་གྱིས་བརྫད་སྐྱོན་འགོག་བཅོས་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་མཉམ་དུ། ཚད་ལྡན་ཅན་གྱི་རྫོད་དངོས་འབུད་སྣེ་སྐྲུན་དགོས།

དོན་ཚན་བཅུ་དགུ་བ།   བརྫད་འབུད་སྡེ་ཚན་གྱིས་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་དང་འབྲེལ་ཡོད་ཀྱི་ཚད་གཞི་ཚད་ལྡན་གཞིར་བཟུང་ནས། ཁྲིམས་ལྟར་རང་ཉིད་ལྟ་བཤེར་བྱེད་དགོས་བ་མ་ཟད། ཐོག་མའི་ལྟ་བཤེར་ཟིན་བྲིས་ཡང་ཉར་ཚགས་བྱེད་དགོས།ཐོག་མའི་ལྟ་བཤེར་ཟིན་བྲིས་གྱི་ཉར་ཚགས་བྱེད་ཡུན་ལོ5ལས་ཉུང་མི་ཆོག བརྫད་འབུད་སྡེ་ཚན་གྱིས་ངེས་པར་དུ་རང་ཉིད་ལྟ་བཤེར་གྱི་གཞི་གྲངས་ཀྱི་དོན་དངོས་རང་བཞིན་དང་ཡང་དག་རང་བཞིན་ལ་འགན་འཁུར་དགོས་པ་ལས་གཡོ་བཅོས་དང་རྫུན་བཟོ་བྱས་མི་ཆོག

དོན་ཚན་ཉི་ཤུ་པ།   བརྫད་འབུད་ཆོག་འཐུས་ཀྱི་གཙོ་གནད་དོ་དམ་ལག་བསྟར་བྱེད་པའི་བརྫད་འབུད་སྡེ་ཚན་གྱིསཁྲིམས་ལྟར་རྫོད་དངོས་ཕྱིར་འབུད་ཀྱི་རང་འགུལ་ལྟ་བཤེར་སྒྲིག་ཆས་སྒྲིག་སྦྱོར་དང་བཀོལ་སྤྱོད།སྲུང་སྐྱོང་བྱེད་དགོས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གི་ལྟ་སྐུལ་ཚོད་འཛིན་གྱི་སྒྲིག་ཆས་དང་དྲ་སྦྲེལ་བྱེད་དགོས། བརྫད་འབུད་སྡེ་ཚན་གྱིས་རྫོད་དངོས་ཕྱིར་འབུད་ཀྱི་རང་འགུལ་ལྟ་བཤེར་སྒྲིག་ཆས་ལས་གཞི་གྲངས་བརྒྱུད་འདྲེན་བྱས་པ་རྒྱུན་ལྡན་མིན་པ་ཤེས་ན། དུས་ཐོག་ཏུ་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་པར་མ་ཟད་ཞིབ་བཤེར་དང་སླར་གསོ་བྱེད་དགོས།

དོན་ཚན་ཉེར་གཅིག་པ།   བརྫད་འབུད་སྡེ་ཚན་གྱིས་ཁོར་ཡུག་དོ་དམ་གྱི་སྟེགས་ཐོ་ཟིན་བྲིས་རྩིས་ལམ་ལུགས་འཛུགས་དགོས་པ་དང་།བརྫད་འབུད་ཆོག་འཐུས་དཔང་ཡིག་ནང་གཏན་ལ་ཕབ་པའི་རྣམ་བཞག་དང་ནང་དོན།ཐེངས་གྲངས་བཅས་གཞིར་བཟུང་ནས།ཐོན་སྐྱེད་སྒྲིག་བཀོད་གཙོ་བོ་དང་སྦགས་བཙོག་འགོག་བཅོས་སྒྲིག་བཀོད་ཀྱི་འཁོར་སྐྱོད་གནས་ཚུལ་དང་བརྫད་དངོས་ཕྱིར་འབུད་ཀྱི་གར་ཚད་དང་ཕྱིར་འབུད་ཀྱི་གྲངས་ཚད་ཇི་མ་ཇི་བཞིན་དུ་ཟིན་བྲིས་འགོད་དགོས།ཁོར་ཡུག་དོ་དམ་གྱི་སྟེགས་ཐོ་ཟིན་བྲིས་ཉར་ཚགས་བྱེད་ཡུན་ལོ5ལས་ཉུང་མི་རུང་། བརྫད་འབུད་སྡེ་ཚན་གྱིས་རྫོད་དངོས་ཕྱིར་འབུད་རྫོད་དངོས་ཕྱིར་འབུད་ཀྱི་ཚད་གཞི་སོགས་ལས་བརྒལ་པ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་ཤེས་ཚེ།འཕྲལ་མར་བྱེད་ཐབས་སྤྱད་ནས་གནོད་འཚེའི་ངན་འབྲས་སེལ་ཐབས་བྱེད་པའམ་ཇེ་ཆུང་དུ་གཏོང་དགོས་ལ། ཁོར་ཡུག་དོ་དམ་གྱི་སྟེགས་ཐོར་ཟིན་བྲིས་ཇི་མ་ཇི་བཞིན་དུ་འགོད་དགོས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་གཙོ་སྐྱོང་སྡེ་ཁག་ལ་སྙན་ཞུ་ཕུལ་ནས་རྒྱུ་རྐྱེན་གསལ་བཤད་བྱེད་དགོས།རྫོད་དངོས་ཕྱིར་འབུད་ཀྱི་ཚད་གཞི་བརྒལ་བ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་འོག་ཏུ་བྱུང་བའི་རྗོད་དངོས་ཕྱིར་འབུད་རྣམས་ཕྱིར་འབུད་སྡེ་ཚན་གྱི་རྫོད་དངོས་ཕྱིར་འབུད་གྲངས་ཚད་ཀྱི་ནང་དུ་བརྩི་དགོས།

དོན་ཚན་ཉེར་གཉིས་པ།   བརྫད་འབུད་སྡེ་ཚན་གྱིས་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ནང་གཏན་ལ་ཕབ་པའི་དང་ཐེངས་གྲངས་དང་།དུས་ཚོད་ཀྱི་བླང་བྱ་ལྟར།མཆན་འགོད་མཁན་སྡེ་ཁག་ལ་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུ་ཕུལ་ནས། རྫོད་དངོས་ཕྱིར་འབུལ་བྱེད་ཚུལ་དང་ཕྱིར་འབུད་ཀྱི་གར་ཚད།ཕྱིར་འབུད་ཀྱི་ཚད་སོགས་ཇི་མ་ཇི་བཞིན་སྙན་ཞུ་འབུལ་དགོས། བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གོ་ཆོད་དུས་ཡུན་ནང་ཐོན་སྐྱེད་བྱེད་མཚམས་བཞག་ན། བརྫད་འབུད་སྡེ་ཚན་གྱིས་བརྫད་འབུད་ཆོག་འཐུས་སྙན་ཞུའི་ནང་རྫོད་དངོས་ཕྱིར་འབུད་ཀྱི་འགྱུར་ལྡོག་བྱུང་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས་པར་མ་ཟད་རྒྱུ་རྐྱེན་གསལ་བཤད་བྱེད་དགོས། བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུའི་ནང་དུ་སྙན་སེང་ཞུས་པའི་རྫོད་དངོས་ཕྱིར་འབུད་གྲངས་ཚད་དེ་ལོ་འཁོར་དེའི་སྐྱེ་ཁམས་ཁོར་ཡུག་གི་བསྡོམས་རྩིས་དང་གཙོ་གནད་རྫོད་དངོས་ཕྱིར་འབུད་ཀྱི་བྱས་བསྡོམས་འབོར་དཔྱད་ཞིབ།བརྫད་ཁུངས་ཕྱིར་འབུད་ཀྱི་གསལ་ཐོ་སྒྲིག་བཟོ་བཅས་ཀྱི་གཞི་འཛིན་ས་བྱེད་ཆོག

དོན་ཚན་ཉེར་གསུམ་པ།   བརྫད་འབུད་སྡེ་ཚན་གྱིས་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ནང་གཏན་ལ་ཕབ་པ་ལྟར། རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་སུ་རྫོད་དངོས་ཕྱིར་འབུལ་ཆ་འཕྲིན་ཇི་མ་ཇི་བཞིན་དུ་ཡོངས་བསྒྲགས་བྱེད་དགོས།རྫོད་དངོས་ཕྱིར་འབུད་ཆ་འཕྲིན་ནང་དུ་རྫོད་དངོས་ཕྱིར་འབུད་ཀྱི་རིགས་སྣ་དང་ཕྱིར་འབུད་ཀྱི་གར་ཚད།ཕྱིར་འབུད་ཀྱི་གྲངས་ཚད་དེ་མིན་བརྫད་སྐྱོན་འགོག་བཅས་སྒྲིག་བཀོད་འཁོར་སྐྱོད་ཀྱི་གནས་ཚུལ་དང་།བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུ།རང་ཉིད་ལྟ་བཤེར་གྱི་གཞི་གྲངས་སོགས་འདུས་ཡོད།དེ་དག་ལས་ཆུའི་རྫོད་དངོས་གྲོང་སྲིད་ཆུ་འབུད་སྦུག་དྲར་ཕུད་ཡོད་ན།ད་དུང་བརྫད་ཆུ་གྲོང་སྲིད་ཆུ་འབུད་སྦུག་དྲར་མཐུད་པའི་གནས་ས་དང་། ཕྱིར་འབུད་བྱེད་སྟངས་སོགས་ཀྱི་ཆ་འཕྲིན་ཡང་འདུ་དགོས།

དོན་ཚན་ཉེར་བཞི་བ།   རྫོད་དངོས་ཐོན་ཚད་དང་ཕྱིར་འབུད་གྲངས་ཚད་དང་ཁོར་ཡུག་ལ་ངན་ཤུགས་ཐེབས་ཚད་བཅས་ཧ་ཅང་ཆུང་བའི་ཁེ་ལས་དོན་ལས་སྡེ་ཚན་དང་ཐོན་སྐྱེད་བདག་གཉེར་བྱེད་མཁན་གཞན་དག་གིས་བརྫད་འབུད་ཐོ་འགོད་རེའུ་མིག་འགོད་དགོས་པ་ལས་བརྫད་འབུད་ཆོག་འཐུས་དཔང་་ཡིག་ལེན་པར་རེ་ཞུ་འབུལ་མི་དགོས།

བརྫད་འབུད་ཐོ་འགོད་རེའུ་མིག་འགོད་དགོས་པའི་ཁེ་ལས་དོན་ལས་སྡེ་ཚན་དང་ཐོན་སྐྱེད་བདག་གཉེར་བྱེད་མཁན་གཞན་དག་གི་ཁྱབ་ཁོངས་ཀྱི་མིང་ཐོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་གཏན་ལ་ཕབ་ནས་ཁྱབ་བསྒྲགས་ཀྱང་བྱེད་དགོས།བརྫད་འབུད་ཐོ་འགོད་རེའུ་མིག་འགོད་དགོས་པའི་ཁེ་ལས་དོན་ལས་སྡེ་ཚན་དང་ཐོན་སྐྱེད་བདག་གཉེར་བྱེད་མཁན་གཞན་དག་གི་ཁྱབ་ཁོངས་ཀྱི་མིང་ཐོ་སྒྲིག་བཟོ་བྱེད་དགོས་ན།འབྲེལ་ཡོད་སྡེ་ཁག་དང་ལས་རིགས་མཐུན་ཚོགས།ཁེ་ལས་དོན་ལསསྡེ་ཚན། སྤྱི་ཚོགས་བྱིངས་དམངས་སོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།བརྫད་འབུད་ཐོ་འགོད་རེའུ་མིག་འགོད་དགོས་པའི་ཁེ་ལས་དོན་ལས་སྡེ་ཚན་དང་ཐོན་སྐྱེད་བདག་གཉེར་བྱེད་མཁན་གཞན་དག་གིས་རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་སུ་གཞི་རྩའི་ཆ་འཕྲིན་དང་རྫོད་དངོས་ཕྱིར་འབུད་གྱི་ཁྱབ་ཡུལ།ལག་བསྟར་གྱི་རྫོད་དངོས་ཕྱིར་འབུད་ཚད་གཞི་དང་སྦགས་བཙོག་འགོག་བཅོས་བྱེད་ཐབས་སོགས་ཆ་འཕྲིན་འགོད་དགོས་ཤིང་། བཀོད་པའི་ཆ་འཕྲིན་ལ་འགྱུར་ལྡོག་བྱུང་ན་འགྱུར་ལྡོག་བྱུང་ཉིན་ནས་ཉིན20ནང་དུ་སྒྱུར་དགོས།

ལེའུ་བཞི་བ། ལྟ་སྐུལ་ཞིབ་བཤེར།

དོན་ཚན་ཉེར་ལྔ་བ།   སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བརྫད་འབུལ་ཆོག་འཐུས་ཀྱི་སྒྲུབ་སྒང་དང་བསྒྲུབས་རྗེས་སུ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱག་དགོས་ཤིང་། བརྫད་འབུད་ཆོག་འཐུས་ཀྱི་ཁྲིམས་བསྟར་ཞིབ་བཤེར་དེ་སྐྱེ་ཁམས་ཁོར་ཡུག་ཁྲིམས་བསྟར་ལོ་འཁོར་གྱི་འཆར་གཞིའི་ནང་དུ་ལེན་དགོས་ལ། བཙོག་འབུལ་ཆོག་འཐུས་དོ་དམ་གྱི་རིགས་སྣ་དང་བརྫད་འབུད་སྡེ་ཚན་གྱི་ཡིད་རྟོན་ཟིན་ཐོ།སྐྱེ་ཁམས་ཁོར་ཡུག་དོ་དམ་གྱི་དགོས་མཁོ་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་སྟེ་ཞིབ་བཤེར་ཐེངས་གྲངས་དང་ཞིབ་བཤེར་བྱེད་སྟངས་གྱི་གཏན་འཁེལ་ལུགས་མཐུན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་བཙོག་འབུལ་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་སྟེང་ཁྲིམས་བསྟར་ཞིབ་བཤེར་གྱི་དུས་ཚོད་དང་ནང་དོན་མཇུག་འབྲས་ཆད་གཅོད་ཐག་གཅོད་བཅས་འགོད་དགོས་ཤིང་དུས་མཉམ་དུ་ཆད་ཐག་གཅོད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཡིད་རྟོན་ཆ་འཕྲིན་གྱི་མ་ལག་ནང་དུ་བཅུག་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་ཉེར་དྲུག་པ།  བཙོག་འབུལ་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གི་ལྟ་སྐུལ་ཞིབ་བཤེར་ལ་རམ་འདེགས་བྱས་ཏེ། གནས་ཚུལ་ཇི་མ་ཇི་བཞིན་དུ་ཡར་ཞུ་བྱེད་དགོས་བར་མ་ཟད།བླང་བྱ་ལྟར་བརྫད་འབུད་ཆོག་འཐུས་དཔང་ཡིག་དང་ཁོར་ཡུག་དོ་དམ་སྟེགས་ཐོའི་ཟིན་བྲིས།བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུ།རང་ཉིད་ལྟ་བཤེར་གཞི་གྲངས་སོགས་འབྲེལ་ཡོད་རྒྱུ་ཆ་འདོན་སྤྲོད་བྱེད་དགོས།བརྫད་འབུད་ཆོག་འཐུས་དཔང་ཡིག་རྫུན་བཟོ་དང་སྒྱུར་བཟོ་དང་བཤུག་སྤྲོད་བཅས་གཏན་ནས་བྱེད་མི་ཆོག

དོན་ཚན་ཉེར་བདུན་པ།  སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་བརྒྱུད་ནས་བརྫད་འབུད་སྡེ་ཁག་གི་རྫོད་དངོས་ཕྱིར་འབུད་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཚོད་འཛིན་བྱས་ཆོག་ལ། བརྫད་འབུད་སྡེ་ཚན་གྱི་རྫོད་དངོས་ཕྱིར་འབུད་ཀྱི་གར་ཚད་དེ་ཕྱིར་འབུད་བྱས་ཆོག་འཐུས་ཀྱི་གར་ཚད་ལས་བརྒལ་ཡོད་པ་ཤེས་ཚེ། བརྫད་འབུད་སྡེ་ཚན་ལ་བརྫད་འབུད་ཆོག་འཐུས་དཔང་ཡིག་དང་ཁོར་ཡུག་དོ་དམ་སྟེགས་ཐོའི་ཟིན་བྲིས།བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུ།རང་ཉིད་ལྟ་བཤེར་ཚད་ལེན་གྱི་གཞི་གྲངས་སོགས་འདོན་སྤྲོད་བྱ་རྒྱུའི་བླང་བྱ་འདོན་དགོས་པར་མ་ཟད།དགོས་ངེས་ཡོད་ན་རྩ་འཚུགས་བྱས་ཏེ་ཡུལ་དངོས་སུ་ལྟ་བཤེར་སྤེལ་ཆོག

དོན་ཚན་ཉེར་བརྒྱད་པ།  སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ཁྲིམས་བསྟར་གོ་རིམ་ཁྲོད་འཚོལ་སྡུད་བྱས་བའི་ལྟ་བཤེར་གཞི་གྲངས་དང་། བརྫད་འབུད་སྡེ་ཚན་གྱི་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ཁོར་ཡུག་དོ་དམ་སྟེགས་ཐོའི་ཟིན་བྲིས་།བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུ། རང་ཉིད་ལྟ་བཤེར་གྱི་གཞི་གྲངས་སོགས་འབྲེལ་ཡོད་རྒྱུ་ཆ་གཞིར་བཟུང་སྟེ། བརྫད་འབུད་སྡེ་ཚན་གྱི་གཏན་འབེབས་འཁོར་ཡུན་ནང་གི་རྫོད་དངོས་ཕྱིར་འབུད་གྲངས་ཚད་དང་།བརྫད་འབུད་སྡེ་ཚན་གྱི་སྦགས་བཙོག་འགོག་བཅོས་སྒྲིག་བཀོད་འཁོར་སྐྱོད་དང་སྲུང་སྐྱོང་དེ་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་ལ་འཚམ་མིན་དཔྱད་ཞིབ་བྱེད་དགོས།

དོན་ཚན་ཉེར་དགུ་པ།  སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ཡུལ་དངོས་ལྟ་བཤེར་དང་བརྫད་འབུད་སྡེ་ཚན་གྱི་རྫོད་དངོས་ཕྱིར་འབུད་ཀྱི་རང་འགུལ་ལྟ་བཤེར་སྒྲིག་ཆས། རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་བཅས་ལས་ཐོབ་པའི་བརྫད་འབུད་སྡེ་ཚན་གྱི་རྫོད་དངོས་ཕྱིར་འབུད་གཞི་གྲངས་ནི་རྫོད་དངོས་ཕྱིར་འབུད་ཀྱི་གར་ཚད་དེ་ཆོག་འཐུས་ཡོད་པའི་ཕྱིར་འབུད་གར་ཚད་དེ་ལས་བརྒལ་ཡོད་མེད་བརྡར་ཤ་གཅོད་པའི་ཁུངས་ལུང་དུ་བརྩིས་ཆོག  བརྫད་འབུད་སྡེ་ཚན་གྱིས་རང་ཉིད་ལྟ་བཤེར་གྱི་གཞི་གྲངས་དེ་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་དང་དེའི་ཁོངས་གཏོགས་ཀྱི་ལྟ་བཤེར་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་བསྟར་ལྟར་བྱེད་གོ་རིམ་ཁྲོད་འཚོལ་སྡུད་བྱས་པའི་ལྟ་བཤེར་གཞི་གྲངས་དང་གཅིག་མཐུན་མིན་ན།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་དང་དེའི་ཁོངས་གཏོགས་ཀྱི་ལྟ་བཤེར་ལས་ཁུངས་ཀྱིས་འཚོལ་སྡུད་བྱས་པའི་ལྟ་བཤེར་གཞི་གྲངས་དེ་སྲིད་འཛིན་ཁྲིམས་ལག་བསྟར་བྱེད་ཀྱི་གཞིར་འཛིན་ས་བྱེད་དགོས།

དོན་ཚན་སུམ་ཅུ་པ།  རྒྱལ་ཁབ་ཀྱིས་བརྫད་འབུད་སྡེ་ཚན་གྱིས་སྦགས་བཙོག་འགོག་བཅོས་ཀྱི་སྤྱོད་རུང་ལག་རྩལ་སྤྱོད་པར་སྐུལ་མ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་སྦགས་བཙོག་འགོག་བཅོས་ཀྱི་སྤྱོད་རུང་་ལག་རྩལ་གྱི་ཕྱོགས་སྟོན་གཏན་ལ་འབེབས་དགོས་པར་མ་ཟད་ཡོངས་བསྒྲགས་ཀྱང་བྱེད་དགོས།

བརྫད་འབུད་སྡེ་ཚན་གྱིས་སྦགས་བཙོག་འགོག་བཅོས་ཀྱི་སྤྱད་རུང་ལག་རྩལ་བཀོལ་སྤྱོད་བྱས་མེད་ན་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བརྫད་འབུད་ཆོག་འཐུས་དཔང་ཡིག་དང་ཁོར་ཡུག་དོ་དམ་རྩིས་ཁྲའི་ཟིན་ཐོ།བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུ།རང་ཉིད་ཞིབ་གཞི་གྲངས་སོགས་འབྲེལ་ཡོད་རྒྱུ་ཆ་གཞིར་བཟུང་ནས། སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་དང་དེའི་ཁོངས་གཏོགས་ལྟ་བཤེར་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་བསྟར་བརྒྱུད་རིམ་ནང་འཚོལ་སྡུད་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་བཅས་ལས།བརྫད་འབུད་སྡེ་ཚན་གྱིས་སྤྱོད་པའི་སྦགས་བཙོག་འགོག་བཅོས་ལག་རྩལ་བརྫད་འབུད་ཆོག་འཐུས་དཔང་ཡིག་གཏན་འཁེལ་བྱས་པ་ལ་བརྟན་པོ་ཐོན་ཐུབ་མིན་ལ་ཕྱོགས་བསྡུས་ཀྱི་བརྡར་ཤ་གཅོད་དགོས།སྦགས་བཙོག་འགོག་བཅོས་ཀྱི་བྱེད་འཐུས་ལག་རྩལ་མཛུབ་སྟོན་གཏན་འབེབས་བྱེད་པར། འབྲེལ་ཡོད་ལས་ཁུངས་དང་ལས་རིགས་མཐུན་ཚོགས།ཁེ་ལས་དོན་ལས་སྡེ་ཚན་དང་སྤྱི་ཚོགས་སྤྱི་དམངས་སོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་ལ་ཕབ་པ་ནང་བརྟན་པོར་ཐོན་མ་ཐུབ་ན། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བླང་བྱ་འདོན་དགོས་བར་མ་ཟད། ཞིབ་བཤེར་གྱི་ཐེངས་གྲངས་ཇེ་མང་དུ་གཏོང་དགོས།

དོན་ཚན་སོ་གཅིག་པ།  ལས་ཁུངས་དང་མི་སྒེར་གང་ཡིན་ཡང་བརྫད་འབུད་སྡེ་ཚན་ལ་སྲོལ་ཡིག་འདིའི་གཏན་ཁེལ་བྱས་བའི་བྱ་སྤྱོད་དང་འགལ་བ་ཡོད་པ་ཤེས་ཚེ།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་ལ་ཐེར་འདོན་བྱེད་པའི་དབང་ཆ་ཡོད།

ཐེར་འདོན་འབྱོར་བའི་སྐྱེ་ཁམས་ཁོར་ཡུག་གཅོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་ལ།འབྲེལ་ཡོད་གཏན་འབེབས་ལྟར་ཐེར་འདོན་བྱེད་མཁན་ལ་ཐག་གཅོད་འབྲས་བུ་ལན་སྤྲོད་བྱེད་དགོས་བར་མ་ཟད།ཐེར་འདོན་བྱེད་མཁན་གསང་རྒྱ་བྱེད་དགོས།

ལེའུ་ལྔ་པ། བཅའ་ཁྲིམས་འགན་འཁྲི།

དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ཞིབ་མཆན་འགོད་པའམ་ལྟ་སྐུལ་དོ་དམ་བྱེད་སྐབས་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་སྤེལ་ཡོད་ན།གོང་རིམ་ལས་ཁུངས་ཀྱིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་དགོས་པ་དང་།ཐད་ཀར་འགན་ཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་ཁུར་བ་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་གཅོད་དགོས་ཏེ།

(གཅིག) ཁྲིམས་བཀོད་ཀྱི་ཆ་རྐྱེན་དང་འཚམ་པའི་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་རེ་ཞུ་བདག་སྤྲོད་མི་བྱེད་པའམ་ཡང་ན་ཁྲིམས་བཀོད་དུས་ཡུན་ནང་ཞིབ་བཤེར་ཆོག་མཆན་མི་འགོད།

(གཉིས) ཁྲིམས་བཀོད་ཆ་རྐྱེན་དང་མི་འཚམ་པའི་བརྫད་འབུད་སྡེ་ཚན་ལ་བརྫད་འབུད་ཆོག་མཆན་དཔང་ཡིག་སྤྲོད་པ།

(གསུམ) མཆན་འགོད་དབང་ཚད་དང་འགལ་ནས་བརྫད་འབུད་ཆོག་འཐུས་དཔང་ཡིག་ལ་ཞིབ་མཆན་འགོད་པ།

(བཞི) ཁྲིམས་འགལ་བྱ་སྤྱོད་ཤེས་རྟོགས་བྱུང་ཡང་ཞིབ་གཅོད་མི་བྱེད་པ།

(ལྔ) ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་མ་བསྒྲུབས་པའི་བྱ་སྤྱོད་གཞན་དག

དོན་ཚན་སོ་གསུམ་པ།  སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།བརྫད་འབུད་སྡེ་ཚན་གྱིས་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་སྤེལ་ཡོད་ན།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་པའམ་ཡང་ན་ཐོན་སྐྱེད་ཚད་བཀག་དང་།ལས་མཚམས་བཞག་ནས་སྒྲིག་བཅོས་བྱེད་དུ་འཇུག་དགོས་ཤིང་སྒོར་ཁྲི20ཡན་ནས་སྒོར་ཁྲི100མན་གྱི་དངུལ་ཆད་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་ཐོབ་རྗེས་བཀའ་ཕབ་ནས་ལས་མཚམས་འཇོག་པ་དང་སྒོ་རྒྱག་ཏུ་འཇོག་དགོས་ཏེ།

(གཅིག) བརྫད་འབུད་ཆོག་འཐུས་དཔང་ཡིག་བླངས་མེད་པར་རྫོད་དངོས་འབུད་པ།

(གཉིས) བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གོ་ཆོད་དུས་ཡུན་རྫོགས་ཀྱང་རྒྱུན་མཐུད་རེ་ཞུ་མ་ཕུལ་པའམ་རྒྱུན་མཐུད་རེ་ཞུར་ཆོག་མཆན་མ་ཐོབ་པར་རྫོད་དངོས་འབུད་པ།

(གསུམ)བརྫད་འབུད་ཆོག་འཐུས་དཔང་ཡིག་ཁྲིམས་ལྟར་ཕྱིར་འཐེན་བྱས་པ་དང་ཐོ་ཁོངས་ནས་བསུབས་པ།རྩིས་མེད་དུ་བཏང་བའི་རྗེས་སུ་རྫོད་དངོས་འབུད་པ།

(བཞི) ཁྲིམས་ལྟར་ཡང་བསྐྱར་རེ་ཞུ་ཕུལ་ནས་བརྫད་འབུད་ཆོག་འཐུས་དཔང་ཡིག་ལེན་དགོས་ཀྱང་།ཡང་བསྐྱར་རེ་ཞུ་ཕུལ་ནས་བརྫད་འབུད་ཆོག་འཐུས་དཔང་ཡིག་མ་བླངས་པར་རྫོད་དངོས་འབུད་པ།

དོན་ཚན་སོ་བཞི་བ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།བརྫད་འབུད་སྡེ་ཚན་གྱིས་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་སྤེལ་ན།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་པའམ་ཡང་ན་ཐོན་སྐྱེད་ཚད་བཀག་དང་།ལས་མཚམས་བཞག་ནས་སྒྲིག་བཅོས་བྱེད་དུ་འཇུག་དགོས་ཤིང་སྒོར་ཁྲི20ཡན་ནས་སྒོར་ཁྲི100མན་གྱི་དངུལ་ཆད་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན་བརྫད་འབུད་ཆོག་འཐུས་དཔང་ཡིག་རྩིས་མེད་དུ་གཏོང་བ་དང་།ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་ཐོབ་རྗེས།བཀའ་ཕབ་ནས་ལས་མཚམས་འཇོག་པ་དང་སྒོ་རྒྱག་ཏུ་འཇོག་དགོས་ཏེ།

(གཅིག) ཆོག་འཐུས་ཀྱི་ཕྱིར་འབུད་གར་ཚད་དང་ཆོག་འཐུས་ཀྱི་ཕྱིར་འབུད་གྲངས་ཚད་ལས་བརྒལ་ནས་རྫོད་དངོས་འབུད་པ།

(གཉིས) གསང་སྦུག་དང་སིམ་ཁྲོན།སིམ་དོང་།འདྲེན་བླུག་བཅས་སམ་ཡང་ན་ལྟ་བཤེར་གཞི་གྲངས་གཡོ་བཅོས་དང་རྫུན་བཟོ་བྱེད་པ།ཡང་ན་བརྫད་སྐྱོན་འགོག་བཅོས་སྒྲིག་བཀོད་རྒྱུན་ལྡན་མིན་པར་འཁོར་བསྐྱོད་བྱེད་པ་སོགས་ལྟ་སྐུལ་དོ་དམ་ལ་གཡོལ་ཐབས་བྱེད་སྟངས་བརྒྱུད་ནས་ཁྲིམས་འགལ་གྱིས་རྫོད་དངོས་ཕྱིར་འབུད་པ།

དོན་ཚན་སོ་ལྔ་བ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།བརྫད་འབུད་སྡེ་ཚན་གྱིས་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་སྤེལ་ན།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་པ་དང་།སྒོར་ཁྲི5ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།སྒོར་ཁྲི20ཡན་ནས་སྒོར་ཁྲི་100མན་གྱི་དངུལ་ཆད་གཅོད་དགོས་ཤིང་།བཀའ་ཕབ་ནས་ཐོན་སྐྱེད་ཚད་བཀག་དང་ལས་མཚམས་འཇོག་ཏུ་འཇུག་དགོས་ཏེ།

(གཅིག) བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་ལྟར་རླུང་ཁམས་ཆེན་པོའི་བརྫད་སྐྱོན་ཚོད་འཛིན་མ་བྱས་པར་རྩ་འཛུགས་མེད་པར་རྫོད་དངོས་ཕྱིར་འབུད་པ།

(གཉིས) དམིགས་གསལ་དུས་སྐབས་སུ་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་ལྟར་རྫོད་དངོས་ཕྱིར་འབུད་པ་མཚམས་འཇོག་དང་ཚོད་འཛིན་མ་བྱས་པ།

དོན་ཚན་སོ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།བརྫད་འབུད་སྡེ་ཚན་གྱིས་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་སྤེལ་ན།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་པ་དང་སྒོར་ཁྲི2ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་གཅོད་དགོས།དག་བཅོས་བྱེད་ཁ་མི་ཉན་ན་བཀའ་ཕབ་ནས་ལས་མཚམས་བཞག་སྟེ་སྒྲིག་བཅོས་བྱེད་དུ་འཇུག་དགོས་ཏེ།

(གཅིག) རྫོད་དངོས་འབུད་སྣེའི་འཇོག་སའམ་ཁ་གྲངས་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་དང་མི་འཚམ་པ།

(གཉིས) རྫོད་དངོས་ཕྱིར་འབུད་བྱེད་སྟངས་སམ་ཕྱིར་འབུད་ཁྱབ་ཡུལ་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་དང་མི་འཚམ་པ།

(གསུམ) རྫོད་དངོས་ཕྱིར་འབུད་ཀྱི་རང་འགུལ་ལྟ་བཤེར་སྒྲིག་ཆས་ལ་གཏོར་བཤིག་བཏང་བའམ་ཡང་ན་རང་དགར་བསྣུར་བའམ་བསྒྱུར་བ།

(བཞི།)  བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་ལྟར་རྫོད་དངོས་ཕྱིར་འབུད་རང་འགུལ་ལྟ་བཤེར་སྒྲིག་ཆས་སྒྲིག་སྦྱོར་དང་བཀོལ་སྤྱོད་བྱས་མེད་པར་མ་ཟད།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གི་ལྟ་ཞིབ་ཚོད་འཛིན་སྒྲིག་ཆས་ལ་དྲ་སྦྲེལ་བྱས་མེད་པའམ་ཡང་ན་རྫོད་དངོས་ཕྱིར་འབུད་ཀྱི་རང་འགུལ་ལྟ་བཤེར་སྒྲིག་ཆས་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་མེད་པ།

(ལྔ) བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་ལྟར་རང་ཉིད་ལྟ་བཤེར་གྱི་ཇུས་གཞི་གཏན་ལ་མ་ཕབ་པར་རང་ཉིད་ལྟ་བཤེར་སྤེལ་བ།

(དྲུག) བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་ལྟར་ཐོག་མའི་ལྟ་བཤེར་ཟིན་བྲིས་ཉར་ཚགས་བྱས་མེད་པ།

(བདུན) བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་ལྟར་རྫོད་དངོས་ཕྱིར་འབུད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་མ་བྱས་པའམ་ཇི་མ་ཇི་བཞིན་དུ་ཡོངས་བསྒྲགས་མ་བྱས་པ།

(བརྒྱད) རྫོད་དངོས་ཕྱིར་འབུད་ཀྱི་རང་འགུལ་ལྟ་བཤེར་སྒྲིག་ཆས་ཀྱི་ལས་གཞི་གྲངས་བརྒྱུད་འདྲེན་བྱས་པ་རྒྱུན་ལྡན་མིན་པའམ་རྫོད་དངོས་ཕྱིར་ཕུད་པ་རྫོད་དངོས་ཕྱིར་འབུད་ཚད་གཞི་ལས་བརྒལ་བ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡང་སྙན་སེང་མི་ཞུ་བ།

(དགུ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་རྫོད་དངོས་ཕྱིར་འབུད་ཚོད་འཛིན་གྱི་བླང་བྱ་གཞན་དག་དང་འགལ་བའི་བྱ་སྤྱོད།

དོན་ཚན་སོ་བདུན་པ།  སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།བརྫད་འབུད་སྡེ་ཚན་གྱིས་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་སྤེལ་ན།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་དགོས་ཤིང་།ཐེངས་རེར་སྒོར་སྟོང5ཡན་ནས་སྒོར་ཁྲི2མན་གྱི་དངུལ་ཆད་གཅོད་དགོས།བཅའ་ཁྲིམས་ནང་ལོགས་སུ་གཏན་འབེབས་བྱས་ཡོད་ན་ གཏན་འབེབས་དེ་དང་བསྟུན་དགོས་ཏེ།

(གཅིག) ཁོར་ཡུག་དོ་དམ་སྟེགས་ཐོའི་ཟིན་བྲིས་ལམ་ལུགས་བཙུགས་མེད་པའམ།ཡང་ན་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་ལྟར་ཟིན་བྲིས་བཀོད་མེད་པ།

(གཉིས) ཐོན་སྐྱེད་སྒྲིག་བཀོད་གཙོ་བོ་དང་བརྫད་སྐྱོན་འགོག་བཅོས་སྒྲིག་བཀོད་ཀྱི་འཁོར་སྐྱོད་གནས་ཚུལ་ལམ་ཡང་ན་རྫོད་དངོས་ཕྱིར་འབུད་ཀྱི་གར་ཚད་དང་ཕྱིར་འབུད་ཀྱི་གྲངས་ཚད་ཇི་མ་ཇི་བཞིན་དུ་ཟིན་བྲིས་བཀོད་མེད་པ།

(གསུམ) བརྫད་འབུད་ཆོག་འཐུས་དཔང་ཡིག་གི་གཏན་འབེབས་ལྟར་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུ་མ་འབུལ་བ།

(བཞི) རྫོད་དངོས་ཕྱིར་འབུད་ཀྱི་བྱ་སྤྱོད་དམ་ཡང་ན་རྫོད་དངོས་ཕྱིར་འབུད་ཀྱི་གར་ཚད་དང་ཕྱིར་འབུད་ཀྱི་གྲངས་ཚད་ཇི་མ་ཇི་བཞིན་དུ་སྙན་སེང་མ་ཞུས་པ་བཅས་སོ།།

དོན་ཚན་སོ་བརྒྱད་པ། བརྫད་འབུད་སྡེ་ཚན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་རྫོད་དངོས་ཕྱིར་ཕུད་པར།དངུལ་ཆད་བཅད་པ་དང་བཀའ་ཕབ་ནས་དག་བཅོས་བྱེད་དུ་བཅུག་ཡོད་ན།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་རྩ་འཛུགས་བྱས་ནས་བསྐྱར་བཤེར་བྱེད་དགོས་པ་དང་།མུ་མཐུད་དུ་ཁྲིམས་འགལ་བྱ་སྤྱོད་སྤེལ་བའམ་ཡང་ན་བསྐྱར་བཤེར་ལ་ངོ་ཟློག་དང་བཀག་འགོག་བྱས་ཚེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ཉིན་གྲངས་བརྩིས་ནས་མུ་མཐུད་དུ་ཆད་པ་གཅོད་དགོས།

དོན་ཚན་སོ་དགུ་བ། བརྫད་འབུད་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གི་ལྟ་སྐུལ་ཞིབ་བཤེར་ལ་གཞོགས་འདེགས་བྱེད་ཁ་མི་ཉན་པ་དང་།ཡང་ན་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་སྐབས་གཡོ་ཟོལ་རྫུན་བཅོས་བྱས་ན།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་དགོས་ཤིང་།སྒོར་ཁྲི2ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་གཅོད་དགོས།

དོན་ཚན་བཞི་བཅུ་བ། བརྫད་འབུད་སྡེ་ཚན་གྱིས་མགོ་སྐོར་གཏོང་བ་དང་ལྐོག་རྔན་སྤྲོད་པ་སོགས་ཚུལ་དང་མི་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་བརྫད་འབུད་ཆོག་འཐུས་དཔང་ཡིག་བླངས་ན།མཆན་འགོད་སྡེ་ཁག་གིས་ཁྲིམས་ལྟར་བརྫད་འབུད་ཆོག་འཐུས་དཔང་ཡིག་ཕྱིར་འཐེན་བྱེད་དགོས་པ་དང་།སྒོར་ཁྲི20ཡན་ནས་སྒོར་ཁྲི50མན་གྱི་དངུལ་ཆད་གཅོད་དགོས་ལ།ལོ3གྱི་ནང་དུ་བརྫད་འབུད་ཆོག་འཐུས་དཔང་ཡིག་ལེན་པའི་རེ་ཞུ་བྱས་མི་ཆོག

དོན་ཚན་ཞེ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།བརྫད་འབུད་ཆོག་འཐུས་དཔང་ཡིག་རྫུན་བཟོ་དང་བཟོ་བཅོས།བཤུག་སྤྲོད་བྱས་ན་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་ཀྱི་དཔང་ཡིག་གཞུང་བཞེས་སམ་བརྫད་འབུད་ཆོག་འཐུས་དཔང་ཡིག་རྩིས་མེད་དུ་གཏོང་དགོས་ཤིང་།སྒོར་ཁྲི10ཡན་ནས་སྒོར་ཁྲི30མན་གྱི་དངུལ་ཆད་གཅོད་དགོས་ལ།ལོ3གྱི་ནང་དུ་བརྫད་འབུད་ཆོག་འཐུས་དཔང་ཡིག་ལེན་པར་རེ་ཞུ་བྱས་མི་ཆོག

དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།ཞིབ་བཤེར་མཆན་འགོད་སྡེ་ཁག་གི་མངག་བཅོལ་དང་དུ་བླངས་པའི་བརྫད་འབུད་ཆོག་འཐུས་ལག་རྩལ་ལས་ཁུངས་ཀྱིས་གཡོ་ཟོལ་རྫུན་བཅོས་བྱས་ཡོད་ན།མཆན་འགོད་སྡེ་ཁག་གིས་མངག་བཅོལ་འབྲེལ་བ་ཕྱིར་འཐེན་བྱེད་དགོས་པ་དང་།འབྲེལ་ཡོད་ཀྱི་ཆ་འཕྲིན་རྣམས་དེའི་ཡིད་རྟོན་ཟིན་བྲིས་སུ་བཀོད་ནས་རྒྱལ་ཡོངས་བརྫད་འབུད་ཆོག་འཐུས་དཔང་ཡིག་དོ་དམ་ཆ་འཕྲིན་ལས་སྟེགས་སྟེང་དུ་ཁྱབ་བསྒྲགས་བྱེད་དགོས་ལ།དུས་མཉམ་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཡིད་རྟོན་ཆ་འཕྲིན་མ་ལག་ནང་དུ་བཅུག་ནས་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱེད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།བརྫད་འབུད་ཆོག་འཐུས་ལག་རྩལ་གྱི་ཞབས་ཕྱི་གཉེར་རྒྱུ་གཏན་འགོག་བྱེད་དགོས།

དོན་ཚན་ཞེ་གསུམ་པ། བརྫད་འབུད་ཐོ་འགོད་རེའུ་མིག་སྐོང་དགོས་པའི་ཁེ་ལས་དོན་ལས་སྡེ་ཚན་དང་ཐོན་སྐྱེད་ལས་བདག་གཉེར་བྱེད་མཁན་གཞན་དག་གིས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་བརྫད་འབུད་ཆ་འཕྲིན་མ་བསྐངས་ན།སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་ནས་དག་བཅོས་བྱེད་དུ་འཇུག་དགོས་ཤིང་།སྒོར་ཁྲི5མན་ཆད་ཀྱི་དངུལ་ཆད་བཅད་ཆོག

དོན་ཚན་ཞེ་བཞི་བ། བརྫད་འབུད་སྡེ་ཚན་གྱིས་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་སྤེལ་ཡོད་ཀྱང་བྱས་ཉེས་སུ་གྲུབ་མེད་ན།སྲོལ་ཡིག་འདིའི་གཏན་འབེབས་ལྟར་ཆད་པ་གཅོད་པ་ལས་གཞན།དེར་ཐད་ཀར་འགན་ཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་ཁུར་བ་མི་སྣ་གཞན་དག་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་བཀག་སྐྱིལ་བྱེད་དགོས་ཏེ།

(གཅིག) བརྫད་འབུད་ཆོག་འཐུས་དཔང་ཡིག་བླངས་མེད་པར་རྫོད་དངོས་ཕྱིར་ཕུད་པར་བརྫད་འབུད་མཚམས་འཇོག་གི་བཀའ་ཕབ་ཀྱང་ལག་བསྟར་བྱེད་ཁ་མི་ཉན་པ།

(གཉིས) གསང་སྦུག་དང་སིམ་ཁྲོན།སིམ་དོང་།འདྲེན་བླུག་བཅས་སམ་ཡང་ན་ལྟ་བཤེར་གཞི་གྲངས་གཡོ་བཅོས་དང་རྫུན་བཟོ་བྱེད་པ།ཡང་ན་བརྫད་སྐྱོན་འགོག་བཅོས་སྒྲིག་བཀོད་རྒྱུན་ལྡན་མིན་པར་འཁོར་སྐྱོད་བྱེད་པ་སོགས་ལྟ་སྐུལ་དོ་དམ་ལ་གཡོལ་ཐབས་བྱེད་སྟངས་བརྒྱུད་ནས་ཁྲིམས་འགལ་གྱིས་རྫོད་དངོས་ཕྱིར་འབུད་པ།

དོན་ཚན་ཞེ་ལྔ་བ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།བདེ་འཇགས་དོ་དམ་ལ་འགལ་བའི་བྱ་སྤྱོད་སྤེལ་ཡོད་ན།ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།བྱས་ཉེས་སུ་གྲུབ་ཡོད་ན་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདི་ལག་བསྟར་མ་བྱས་སྔོན་ལ་དོན་དངོས་སུ་རྫོད་དངོས་ཕྱིར་འབུད་བྱས་ཡོད་པའི་བརྫད་འབུད་སྡེ་ཚན་དག་ལས།སྲོལ་ཡིག་འདིར་གཏན་ལ་ཕབ་པའི་ཆ་རྐྱེན་དང་མི་འཚམ་པ་ཡོད་ན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་གཏན་ལ་ཕབ་པའི་དུས་བཀག་ནང་ཚུན་དུ་སྒྲིག་བཅོས་བྱས་ནས།སྲོལ་ཡིག་འདིར་གཏན་ལ་ཕབ་པའི་ཆ་རྐྱེན་དང་འཚམ་དགོས་ཤིང་།བརྫད་འབུད་ཆོག་འཐུས་དཔང་ཡིག་ཀྱང་རེ་ཞུ་ཕུལ་ནས་ལེན་དགོས།དུས་བཀག་འགྱངས་རུང་བརྫད་འབུད་ཆོག་འཐུས་དཔང་ཡིག་མ་བླངས་ན།མུ་མཐུད་དུ་རྫོད་དངོས་ཕྱིར་འབུད་བྱེད་མི་ཆོག སྒྲིག་བཅོས་བྱེད་ཡུན་ནང་དུ་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་དེ་ལ་བརྫད་འབུད་དུས་བཀག་སྒྲིག་བཅོས་ཀྱི་བརྡ་སྡྱོར་བཏང་ནས་ཐོ་སྤྲོད་དགོས་ལ།སྒྲིག་བཅོས་ནང་དོན་དང་སྒྲིག་བཅོས་དུས་བཀག་སོགས་བླང་བྱ་གསལ་བོར་བརྗོད་དགོས།

དོན་ཚན་ཞེ་བདུན་པ། བརྫད་འབུད་ཆོག་འཐུས་དཔང་ཡིག་གི་རེ་ཞུ་རེའུ་མིག་དང་ཁོར་ཡུག་དོ་དམ་སྟེགས་ཐོའི་ཟིན་བྲིས།བརྫད་འབུད་ཆོག་འཐུས་དཔང་ཡིག་གི་ལག་བསྟར་སྙན་ཞུ་སོགས་ཡིག་ཆའི་རྣམ་བཞག་དང་ནང་དོན་གྱི་བླང་བྱ་དང་།དེ་མིན་བརྫད་འབུད་ཆོག་འཐུས་དཔང་ཡིག་གི་རེ་ཞུ་དང་དཔྱད་སྤྲོད་ལག་རྩལ་ཚད་ལྡན་སོགས་ནི།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱེད་དགོས།

དོན་ཚན་ཞེ་བརྒྱད་པ། ཁེ་ལས་དོན་ལས་སྡེ་ཚན་དང་ཐོན་སྐྱེད་བདག་གཉེར་བྱེད་མཁན་གཞན་དག་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་ཚེ།དེའི་བརྫད་འབུད་ཆོག་འཐུས་དང་ལྟ་སྐུལ་དོ་དམ་སོགས་སུ་གསང་རྒྱའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་བརྩི་སྲུང་བྱེད་དགོས།

དོན་ཚན་ཞེ་དགུ་བ། གནམ་གྲུ་དང་གྲུ་གཟིངས།འཕྲུལ་སྒུལ་འཁོར་ལོ།མེ་འཁོར་སོགས་སྤོ་འགུལ་བརྫད་ཁུངས་ཀྱི་རྫོད་དངོས་ཕྱིར་འབུད་ཀྱི་དོ་དམ་ནི།འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་ལྔ་བཅུ་བ། བརྫད་འབུད་སྡེ་ཚན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་གཏན་འབེབས་བརྩི་སྲུང་བྱེད་དགོས་ལ།བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་བླང་བྱ་ལྟར་བརྫད་སྐྱོན་འགོག་བཅོས་སྒྲིག་བཀོད་འཁོར་སྐྱོད་དང་སྲུང་སྐྱོང་བྱེད་དགོས་པ་དང་།བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་ལམ་ལུགས་འཛུགས་དགོས།

བརྫད་སྐྱོན་འགོག་བཅོས་སྒྲིག་བཀོད་འཁོར་སྐྱོད་དང་སྲུང་སྐྱོང་བྱེད་པའི་གོ་རིམ་ཁྲོད་དུ་བདེ་འཇགས་ཐོན་སྐྱེད་ཀྱི་གཏན་འབེབས་དང་འགལ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་བྱུང་ན།དེར་འགན་ཁུར་ཡོད་པའི་བརྫད་འབུད་སྡེ་ཚན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ཆད་པ་གཅོད་དགོས།

དོན་ཚན་ང་གཅིག་པ། སྲོལ་ཡིག་འདི2021ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།