ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།

ཨང་734པ།

《ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་ལ་དོ་དམ་བྱེད་པའི་གཏན་འབེབས》ལ་2020ལོའི་ཟླ་12པའི་ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་118པའི་སྟེང་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་ཞིང་། འདིར་ཁྱབ་བསྒྲགས་བྱས་པ་བཞིན་2021ལོའི་ཟླ་3པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་དགོས།

ཙུང་ལི། ལི་ཁེ་ཆང་།

2020ལོའི་ཟླ་12པའི་ཚེས་28ཉིན།

ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་ལ་དོ་དམ་བྱེད་པའི་གཏན་འབེབས།


(1991ལོའི་ཟླ་5བའི་ཚེས་6ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་བཀའ་ཁྱབ་ཨང་7པ་བསྒྲགས་པ་དང་། 2012ལོའི་ཟླ་11པའི་ཚེས་9ཉིན་
《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་གཏན་འབེབས》གཞིར་བཟུང་སྟེ་བཟོ་བཅོས་ཐེངས་དང་པོ་བརྒྱབ། 
2020ལོའི་ཟླ་12པའི་ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་118པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་། )


དོན་ཚན་དང་པོ། ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་ལ་དོ་དམ་བྱེད་སྟངས་ཚད་ལྡན་དུ་བཏང་སྟེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བཅས་བྱེད་ཆེད་གཏན་འབེབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་(གཤམ་དུ་གཅིག་གྱུར་གྱིས་ཁེ་ལས་ཐོ་འགོད་ལས་ཁུངས་ཞེས་འབོད་རྒྱུ)གིས་ཀྲུང་གོའི་མངའ་ཁོངས་སུ་བཙུགས་པའི་ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་ལ་དོ་དམ་བྱེད་པའི་འགན་འཁུར་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་དོ་དམ་བྱ་བར་གཙོ་སྐྱོང་བྱེད་པ་དང་། ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་ལ་དོ་དམ་གྱི་ཚད་གཞི་ཞིབ་ཕྲ་བཟོ་བའི་འགན་འཁུར་དགོས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་གཅིག་གྱུར་གྱི་ཁེ་ལས་ཀྱི་མིང་ཡིག་ཞུ་འབུལ་མ་ལག་དང་ཁེ་ལས་ཀྱི་མིང་ཡིག་གི་གཞི་གྲངས་མཛོད་འཛུགས་པའི་འགན་འཁུར་དགོས་པ་མ་ཟད་སྤྱི་ཚོགས་ལ་སྒོའང་དབྱེ་དགོས།

དོན་ཚན་གསུམ་པ། ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་ལ་དོ་དམ་བྱེད་པ་དེ་ཚད་ལྡན་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། ཁེ་ལས་དང་མང་ཚོགས་ལ་ཕན་ནུས་ཆེ་ཞིང་སྟབས་བདེ་ཡིན་པའི་ཞབས་ཕྱི་འདོན་སྤྲོད་བྱ་དགོས།

དོན་ཚན་བཞི་བ། ཁེ་ལས་ཀྱིས་ཁེ་ལས་ཀྱི་མིང་ཡིག་གཅིག་མ་གཏོགས་ཐོ་འགོད་བྱེད་མི་ཆོག་ལ། ཁེ་ལས་ཀྱི་མིང་ཡིག་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།

དོན་ཚན་ལྔ་བ། ཁེ་ལས་ཀྱི་མིང་ཡིག་ལ་རྒྱ་ཡིག་ཚད་ལྡན་བྲི་དགོས། མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ལས་ཀྱི་མིང་ཡིག་ལ་མི་རིགས་རང་སྐྱོང་ས་གནས་དེ་གར་ཡོངས་ཁྱབ་ཏུ་སྤྱོད་པའི་མི་རིགས་ཀྱི་ཡི་གེའང་ཆབས་ཅིག་ཏུ་འབྲི་ཆོག

དོན་ཚན་དྲུག་པ། ཁེ་ལས་ཀྱི་མིང་ཡིག་ནི་སྲིད་འཛིན་ས་ཁོངས་ཀྱི་མིང་དང་། ཡིག་ཨང་། ལས་རིགས་སམ་གཉེར་སྐྱོང་གི་ཁྱད་ཆོས། རྩ་འཛུགས་ཀྱི་རྣམ་པ་བཅས་ལས་གྲུབ་པ་ཡིན་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་བཅས་བརྒལ་ནས་གཉེར་སྐྱོང་བྱེད་པའི་ཁེ་ལས་ཡིན་ན། དེའི་མིང་ཡིག་ཏུ་སྲིད་འཛིན་ས་ཁོངས་ཀྱི་མིང་ཡིག་འདུས་མེད་ཀྱང་ཆོག ལས་རིགས་བརྒལ་ནས་ཕྱོགས་བསྡུས་ཀྱིས་གཉེར་སྐྱོང་བྱེད་པའི་ཁེ་ལས་ཡིན་ན། དེའི་མིང་ཡིག་ཏུ་ལས་རིགས་སམ་གཉེར་སྐྱོང་གི་ཁྱད་ཆོས་འདུས་མེད་ཀྱང་ཆོག།

དོན་ཚན་བདུན་པ། ཁེ་ལས་ཀྱི་མིང་ཡིག་ལས་སྲིད་འཛིན་ས་ཁོངས་ཀྱི་མིང་ནི་ཁེ་ལས་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་མིང་ཡིན་དགོས། གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་ཀྱི་མིང་དེ་ཁེ་ལས་ཀྱི་མིང་ཡིག་ནང་དུ་བཀོལ་དགོས་ན། ངེས་པར་དུ་དེའི་གཏོགས་ཁོངས་ཀྱི་ཆུས་བཙུགས་པའི་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཀྱི་མིང་ཡང་མཉམ་དུ་དགོད་དགོས། གསར་སྤེལ་ཁུལ་དང་གསར་སྦོལ་ས་ཁུལ་སོགས་ས་ཁོངས་ཀྱི་མིང་དེ་ཁེ་ལས་ཀྱི་མིང་ཡིག་ནང་དུ་བཀོལ་དགོས་ན། སྲིད་འཛིན་ས་ཁོངས་ཀྱི་མིང་དང་སྦྲེལ་ནས་བཀོལ་དགོས་པ་ལས་གཅིག་པུ་ལོགས་སུ་བཀོལ་མི་ཆོག

དོན་ཚན་བརྒྱད་པ། ཁེ་ལས་ཀྱི་མིང་ཡིག་ལས་ཡིག་རྟགས་ནི་རྒྱ་ཡིག་ཡིག་འབྲུ་གཉིས་ཡན་གྱིས་གྲུབ་པ་ཡིན་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་སྲིད་འཛིན་ས་ཁོངས་ཀྱི་མིང་དང་ལས་རིགས་སམ་ཡང་ན་གཉེར་སྐྱོང་གི་ཁྱད་ཆོས་བཅས་ནི་ཡིག་རྟགས་སུ་འཇོག་མི་ཆོག་ལ། ནང་དོན་ལ་གོ་བ་གཞན་ཡོད་པ་ཕུད།

དོན་ཚན་དགུ་བ། ཁེ་ལས་ཀྱི་མིང་ཡིག་ལས་ལས་རིགས་སམ་གཉེར་སྐྱོང་གི་ཁྱད་ཆོས་ནི་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོ་དང་རྒྱལ་དམངས་དཔལ་འབྱོར་ལས་རིགས་ཀྱི་རིགས་དབྱེའི་ཚད་གཞི་གཞིར་བཟུང་ནས་གསལ་འགོད་བྱ་དགོས། རྒྱལ་དམངས་དཔལ་འབྱོར་ལས་རིགས་ཀྱི་རིགས་དབྱེའི་ཚད་གཞིའི་ནང་དུ་གཏན་འབེབས་བྱས་མེད་ན། ལས་རིགས་ཀྱི་གོམས་གཤིས་སམ་ཡང་ན་ཆེད་ལས་ཀྱི་ཚད་ལྡན་ཡིག་ཆ་སོགས་ལ་ཟུར་ལྟ་བྱས་ནས་ཞིབ་བརྗོད་བྱེད་ཆོག

དོན་ཚན་བཅུ་བ། ཁེ་ལས་ཀྱིས་རང་གི་རྩ་འཛུགས་སྒྲིག་གཞིའམ་འགན་འཁུར་རྣམ་པ་གཞིར་བཟུང་ནས། ཁྲིམས་ལྟར་ཁེ་ལས་ཀྱི་མིང་ཡིག་ཏུ་རྩ་འཛུགས་རྣམ་པ་གསལ་བོར་དགོད་དགོས།

དོན་ཚན་བཅུ་གཅིག་པ། ཁེ་ལས་ཀྱི་མིང་ཡིག་ལ་གཤམ་གསལ་གྱི་གནས་ཚུལ་ཡོད་མི་ཆོག་སྟེ།

(གཅིག)རྒྱལ་ཁབ་ཀྱི་གཟི་བརྗིད་དང་ཡང་ན་ཁེ་ཕན་ལ་གནོད་པ།

(གཉིས)སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པའམ་ཡང་ན་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་འགལ་རྐྱེན་བཟོ་བ།

(གསུམ)སྲིད་ཏང་དང་ཏང་སྲིད་དམག་གསུམ་གྱི་ལས་ཁུངས། མང་ཚོགས་ཚོགས་པའི་རྩ་འཛུགས་བཅས་ཀྱི་མིང་ཡིག་དང་དེའི་བསྡུས་མིང་། དམིགས་བསལ་གྱི་འབོད་སྟངས། དམག་དཔུང་གི་ཨང་རྟགས་བཅས་བེད་སྤྱོད་པའམ་རྣམ་པ་བསྒྱུར་ནས་བེད་སྤྱོད་པ།

(བཞི)ཕྱིའི་རྒྱལ་ཁབ་(ས་ཁུལ)དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མིང་ཡིག་དང་དེའི་ཡོངས་ཁྱབ་ཀྱི་བསྡུས་མིང་། དམིགས་བསལ་གྱི་འབོད་སྟངས་བཅས་སྤྱོད་པ།

(ལྔ)འདོད་གཡེམ་དང་ཆགས་སྲེད། རྒྱན་འཛུགས། རྨོངས་དད། འཇིགས་སྐུལ། དྲག་ཤུགས་བཅས་ཀྱི་ནང་དོན་ཡོད་པ།

(དྲུག)མི་རིགས་དང་རིགས་རྒྱུད། ཆོས་ལུགས། ཕོ་མོ་བཅས་ལ་དམའ་འབེབས་ཀྱི་ནང་དོན་ཡོད་པ།

(བདུན)སྤྱི་སྒྲིག་སྲོལ་བཟང་དང་འགལ་བའམ་ཡང་ན་ཤུགས་རྐྱེན་ངན་པ་གཞན་དག་བཟོ་སྲིད་པ།

(བརྒྱད) དམངས་བྱིངས་ལ་མགོ་སྐོར་ཐེབས་པའམ་གོ་ནོར་ཐེབས་སྲིད་པ།

(དགུ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་གཏན་འབེབས་སུ་བཀག་སྡོམ་བྱས་པའི་གནས་ཚུལ་གཞན་དག།

དོན་ཚན་བཅུ་གཉིས་པ། ཁེ་ལས་ཀྱི་མིང་ཡིག་གི་མགོར“ཀྲུང་གོ”དང་། “ཀྲུང་ཧྭ།” “ཀྲུང་དབྱང་།” “རྒྱལ་ཡོངས།” “རྒྱལ་ཁབ”སོགས་ཀྱི་ཐ་སྙད་འགོད་དགོས་ན། འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་བཤེར་ནན་མོ་བྱ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཡང་ཞུ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བྱེ་བྲག་གི་དོ་དམ་བྱེད་ཐབས་གཏན་ལ་འབེབས་པའི་འགན་འཁུར་དགོས།

ཁེ་ལས་ཀྱི་མིང་ཡིག་གི་བར་གསེང་དུ་“ཀྲུང་གོ”དང་། “ཀྲུང་ཧྭ།” “ཀྲུང་དབྱང་།” “རྒྱལ་ཡོངས།” “རྒྱལ་ཁབ”སོགས་ཀྱི་ཐ་སྙད་ཡོད་ན། དེ་ཉིད་ལས་རིགས་ཀྱི་ཚད་བཅད་པའི་ཐ་སྙད་ཡིན་དགོས།

ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་ཁེར་འཇོག་གམ་མ་རྐང་ཚོད་འཛིན་བྱས་པའི་ཕྱི་རྒྱལ་མ་དངུལ་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་གྱི་ཡིག་རྟགས་བཀོལ་ན། ཁེ་ལས་ཀྱི་མིང་ཡིག་ཏུ་“(ཀྲུང་གོ)”ཞེས་པའི་ཡི་གེ་ཡོད་ཆོག

དོན་ཚན་བཅུ་གསུམ་པ། ཁེ་ལས་ཀྱི་ཡན་ལག་ལས་ཁུངས་ཀྱི་མིང་ཡིག་གི་མགོར་གཏོགས་ཡུལ་ཁེ་ལས་ཀྱི་མིང་ཡིག་དགོད་དགོས་པ་མ་ཟད། མཇུག་ཏུ“ཡན་ལག་ཀུང་སི”དང་། “ཡན་ལག་བཟོ་གྲྭ”དང་། “ཡན་ལག་ཚོང་ཁང”ལ་སོགས་པའི་མིང་ཚིག་སྦྱར་དགོས། རྒྱལ་མཚམས་ཕྱིའི་ཁེ་ལས་ཀྱི་ཡན་ལག་ལས་ཁུངས་ཡིན་ན་མིང་ཡིག་ཏུ་ད་དུང་ཁེ་ལས་དེའི་རྒྱལ་ཁོངས་དང་འགན་འཁུར་རྣམ་པའང་གསལ་པོར་དགོད་དགོས།

དོན་ཚན་བཅུ་བཞི་བ། ཁེ་ལས་སྡེ་ཚོགས་ཀྱི་མིང་ཡིག་དེ་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་མིང་ཡིག་གི་སྲིད་འཛིན་ས་ཁོངས་ཀྱི་མིང་དང་ཡིག་རྟགས་དང་། ལས་རིགས་སམ་གཉེར་སྐྱོང་གི་ཁྱད་ཆོས་བཅས་ལ་གཅིག་མཐུན་ཡིན་དགོས། མ་རྐང་ཚོད་འཛིན་ཁེ་ལས་ཀྱིས་རང་གི་མིང་ཡིག་གི་རྩ་འཛུགས་རྣམ་པའི་སྔོན་དུ་“སྡེ་ཚོགས”སམ་ཡང་ན་“(སྡེ་ཚོགས)”ཞེས་པའི་ཡི་གེ་བཀོལ་ཆོག

དོན་ཚན་བཅོ་ལྔ་བ། མ་དངུལ་གཏོང་འཇོག་གི་འབྲེལ་བ་ཡོད་པའམ་ཡང་ན་དབང་ཆ་བསྩལ་པའི་ཁེ་ལས་ཡིན་ན། དེའི་མིང་ཡིག་ཏུ་ཁེ་ལས་གཞན་ཞིག་གི་མིང་ཡིག་གམ་ཡང་ན་ཁྲིམས་མི་གཞན་དང་ཁྲིམས་མི་མིན་པའི་རྩ་འཛུགས་གཞན་གྱི་མིང་ཡིག་ཡོད་ཆོག

དོན་ཚན་བཅུ་དྲུག་པ། ཁེ་ལས་ཀྱི་མིང་ཡིག་ནི་རེ་ཞུ་འདོན་མཁན་གྱིས་རང་བདག་སྒོས་ཞུ་འབུལ་བྱ་དགོས།

རེ་ཞུ་འདོན་མཁན་གྱིས་ཁེ་ལས་ཀྱི་མིང་ཡིག་ཞུ་འབུལ་མ་ལག་གམ་ཡང་ན་ཁེ་ལས་ཐོ་འགོད་ལས་ཁུངས་ཀྱི་ཞབས་ཕྱིའི་སྒེའུ་ཁུང་དུ་འབྲེལ་ཡོད་ཆ་འཕྲིན་དང་རྒྱུ་ཆ་སྤྲད་ཆོག་པ་དང་། གཏན་ཁེལ་བྱེད་རྩིས་ཡོད་པའི་ཁེ་ལས་ཀྱི་མིང་ཡིག་འདྲི་རྟོག་དང་། ཞིབ་བསྡུར། གདམ་གསེས་བཅས་བྱས་ཏེ། གཏན་འབེབས་འདིའི་བླང་བྱ་དང་མཐུན་པའི་ཁེ་ལས་ཀྱི་མིང་ཡིག་འདེམས་ཆོག

རེ་ཞུ་འདོན་མཁན་གྱིས་སྤྲད་པའི་ཆ་འཕྲིན་དང་རྒྱུ་ཆ་དག་བདེན་པ་དང་ཡང་དག། ཆ་ཚང་བཅས་ཡིན་དགོས་པ་མ་ཟད། ཁེ་ལས་ཀྱི་མིང་ཡིག་དེ་གཞན་གྱི་ཁེ་ལས་ཀྱི་མིང་ཡིག་དང་ཉེ་འདྲར་གྱུར་ནས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཐེབས་ཚེ། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་རྒྱུ་ཁས་ལེན་བྱ་དགོས།

དོན་ཚན་བཅུ་བདུན་པ། ཁེ་ལས་ཐོ་འགོད་ལས་ཁུངས་གཅིག་པའི་ནང་དུ། རེ་ཞུ་འདོན་མཁན་གྱིས་གཏན་ཁེལ་བྱེད་རྩིས་ཡོད་པའི་ཁེ་ལས་ཀྱི་མིང་ཡིག་ལས་ཡིག་རྟགས་ནི་གཤམ་གསལ་གྱི་ལས་རིགས་གཅིག་པའམ་ཡང་ན་ལས་རིགས་དང་གཉེར་སྐྱོང་གི་ཁྱད་ཆོས་ཞིབ་བརྗོད་བཀོལ་མེད་པའི་ཁེ་ལས་ཀྱི་མིང་ཡིག་ནང་གི་ཡིག་རྟགས་དང་གཅིག་མཚུངས་ཡིན་མི་ཆོག་སྟེ།

(གཅིག)ཐོ་འགོད་བྱས་ཟིན་པའམ་སོར་འཇོག་དུས་ཡུན་ནང་གི་ཁེ་ལས་ཀྱི་མིང་ཡིག མ་དངུལ་གཏོང་འཇོག་གི་འབྲེལ་བ་ཡོད་པ་དེར་མི་འདུ།

(གཉིས)ཐོ་ཁོངས་ནས་བསུབས་པའམ་ཡང་ན་ཐོ་འགོད་བརྗེ་སྒྱུར་བྱས་ནས་ལོ་1འགོར་མེད་པའི་ཁེ་ལས་ཀྱི་མིང་ཡིག་སྔ་མ། མ་དངུལ་གཏོང་འཇོག་གི་འབྲེལ་བ་ཡོད་པ འམ་ཡང་ན་ཁེ་ལས་ཀྱི་མིང་ཡིག་བཤུག་ལེན་བྱས་པ་དེར་མི་འདུ།

(གསུམ)གསར་འཛུགས་ཀྱི་ཐོ་འགོད་ཕྱིར་འཐེན་བྱས་པའམ་ཡང་ན་ཐོ་འགོད་བརྗེ་སྒྱུར་ཕྱིར་འཐེན་བྱས་ནས་ལོ་1འགོར་མེད་པའི་ཁེ་ལས་ཀྱི་མིང་ཡིག་སྔ་མ། མ་དངུལ་གཏོང་འཇོག་གི་འབྲེལ་བ་ཡོད་པ་དེར་མི་འདུ།

དོན་ཚན་བཅོ་བརྒྱད་པ། ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་ཁེ་ལས་ཀྱི་མིང་ཡིག་ཞུ་འབུལ་མ་ལག་བརྒྱུད་དེ་སྤྲད་པའི་ཁེ་ལས་ཀྱི་མིང་ཡིག་སོར་འཇོག་བྱ་དགོས་ལ། སོར་འཇོག་དུས་ཡུན་ནི་ཟླ་2ཡིན། ཁེ་ལས་གསར་དུ་འཛུགས་པར་བཅའ་ཁྲིམས་ལྟར་ཆོག་མཆན་ཞུ་དགོས་པའམ་ཁེ་ལས་གཉེར་སྐྱོང་གི་ཁྱབ་ཁོངས་སུ་ཐོ་འགོད་མ་བྱས་སྔོན་ལ་ཆོག་མཆན་ཞུ་དགོས་པའི་རྣམ་གྲངས་ཡོད་ན། སོར་འཇོག་དུས་ཡུན་ལོ་1ཡིན།

རེ་ཞུ་འདོན་མཁན་གྱིས་སོར་འཇོག་དུས་ཡུན་མ་རྫོགས་གོང་དུ་ཁེ་ལས་ཐོ་འགོད་བྱ་དགོས།

དོན་ཚན་བཅུ་དགུ་བ། ཁེ་ལས་ཀྱི་མིང་ཡིག་མི་གཞན་ལ་བཤུག་སྤྲོད་བྱེད་པའམ་ཡང་ན་བེད་སྤྱོད་བྱེད་དབང་སྟེར་ན། འབྲེལ་ཡོད་ཁེ་ལས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བརྒྱུད་དེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།

དོན་ཚན་ཉི་ཤུ་བ། ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་ཁེ་ལས་ཐོ་འགོད་བྱེད་སྐབས། ཁེ་ལས་ཀྱི་མིང་ཡིག་གཏན་འབེབས་འདི་དང་མི་མཐུན་པ་ཤེས་ཚེ། ཐོ་འགོད་མི་བྱེད་པ་མ་ཟད་ཡིག་ངོས་ནས་རྒྱུ་མཚན་གསལ་བཤད་བྱ་དགོས།

ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་ཐོ་འགོད་བྱས་ཟིན་པའི་ཁེ་ལས་ཀྱི་མིང་ཡིག་གཏན་འབེབས་འདི་དང་མི་མཐུན་པ་ཤེས་ཚེ། དུས་ཐོག་ཏུ་ཡོ་བསྲང་བྱ་དགོས། སྡེ་ཚན་གཞན་ནམ་མི་སྒེར་གྱིས་ཐོ་འགོད་བྱས་ཟིན་པའི་ཁེ་ལས་ཀྱི་མིང་ཡིག་གཏན་འབེབས་འདི་དང་མི་མཐུན་པར་འདོད་ན། ཁེ་ལས་ཐོ་འགོད་ལས་ཁུངས་ལ་ཡོ་བསྲང་བྱེད་པའི་རེ་འདུན་ཞུ་ཆོག

དོན་ཚན་ཉེར་གཅིག་པ། ཁེ་ལས་ཀྱིས་ཁེ་ལས་གཞན་པའི་མིང་ཡིག་གིས་རང་ཁེ་ལས་ཀྱི་མིང་ཡིག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཡོད་པར་འདོད་ན། མི་དམངས་ཁྲིམས་ཁང་ལ་གཏུག་ཞུ་བྱེད་ཆོག་པའམ་ཡང་ན་དབང་གནོད་བཏང་དོགས་ཡོད་པའི་ཁེ་ལས་ཀྱི་ཐོ་འགོད་ལས་ཁུངས་ལ་ཐག་གཅོད་བྱ་དགོས་པའི་རེ་བ་ཞུ་ཆོག

ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་རེ་ཞུ་བདག་སྤྲོད་བྱས་རྗེས། དེར་བར་སྡུམ་ཆོག བར་བསྡུམས་ཀྱང་མ་འགྲིག་ན། ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་བདག་སྤྲོད་བྱས་ཉིན་ནས་བཟུང་གི་ཟླ་3ནང་ཚུན་དུ་སྲིད་འཛིན་ཁྲུན་གཅོད་བྱ་དགོས།

དོན་ཚན་ཉེར་གཉིས་པ། ཁེ་ལས་ཀྱི་མིང་ཡིག་སྤྱད་ནས་ཚུལ་མིན་གྱི་འགྲན་རྩོད་སོགས་ཀྱི་བྱ་སྤྱོད་སྤེལ་ན། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས།

དོན་ཚན་ཉེར་གསུམ་པ། ཁེ་ལས་ཀྱི་མིང་ཡིག་བཀོལ་དུས་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས་པ་དང་། ཁ་དན་ཚིག་ལ་གནས་དགོས་པ་ལས། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་གཏོང་མི་ཆོག

མི་དམངས་ཁྲིམས་ཁང་ངམ་ཡང་ན་ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་ཁེ་ལས་ཀྱི་མིང་ཡིག་ཁྲིམས་ལྟར་བཀོལ་མཚམས་འཇོག་དགོས་པར་ངེས་བཟུང་ན། ཁེ་ལས་ཀྱིས་མི་དམངས་ཁྲིམས་ཁང་གི་ཁྲིམས་ལུགས་ཡིག་ཆ་ནུས་ཐོན་ཅན་ནམ་ཡང་ན་ཁེ་ལས་ཐོ་འགོད་ལས་ཁུངས་ཀྱི་ཐག་གཅོད་ཡི་གེ་འབྱོར་ཉིན་ནས་བཟུང་སྟེ་ཉིན་30ཡི་ནང་ཚུན་དུ་ཁེ་ལས་ཀྱི་མིང་ཡིག་བརྗེ་བའི་ཐོ་འགོད་བྱ་དགོས། མིང་ཡིག་མ་བརྗེ་སྔོན་ལ་ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་རྟགས་ཀྱིས་དེའི་མིང་ཡིག་གི་ཚབ་བྱ་དགོས། དུས་འགྱངས་ཀྱང་ཁེ་ལས་ཀྱིས་མིང་ཡིག་བརྗེ་བའི་ཐོ་འགོད་མ་བྱས་ན། ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་དེ་གཉེར་སྐྱོང་རྒྱུན་ལྡན་མིན་པའི་མིང་ཐོའི་ནང་གཞུག་དགོས་པ་དང་། མིང་ཡིག་བརྗེ་བའི་ཐོ་འགོད་བྱས་ཚར་རྗེས། ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་དེ་གཉེར་སྐྱོང་རྒྱུན་ལྡན་མིན་པའི་མིང་ཐོ་ནས་ཕྱིར་ལེན་དགོས།

དོན་ཚན་ཉེར་བཞི་བ། རེ་ཞུ་འདོན་མཁན་གྱིས་ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་དམ་ཡང་ན་བཀོལ་སྤྱོད་བྱེད་དུས་གཏན་འབེབས་འདི་དང་འགལ་ན། ཁེ་ལས་ཐོ་འགོད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅད་དགོས།

ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་གཏན་འབེབས་འདི་དང་མི་མཐུན་པའི་ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་བྱས་པའམ་ཡང་ན་གཏན་འབེབས་འདི་དང་མཐུན་པའི་ཁེ་ལས་ཀྱི་མིང་ཡིག་ཐོ་འགོད་མ་བྱས་ན། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་བའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅད་དགོས།

དོན་ཚན་ཉེར་ལྔ་བ། ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་སྒེར་གཉེར་བཟོ་ཚོང་དུད་ཁྱིམ་གྱི་མིང་ཡིག་ཐོ་འགོད་ལ་དོ་དམ་བྱེད་པར་གཏན་འབེབས་འདིར་བསྟུན་ནས་ལག་བསྟར་བྱ་དགོས།

དོན་ཚན་ཉེར་དྲུག་པ། གཏན་འབེབས་འདི་2021ལོའི་ཟླ་3པའི་ཚེས་1ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།