རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར།

རྒྱལ་གཞུང་སྤེལ〔2021〕ཨང14བ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

རོགས་རེས་མཉམ་ཕན་དང་འགན་འཁྲི་མཉམ་འཁུར་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ(གཤམ་དུ་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ཞེས་བསྡུས)ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་སྟེ། ལས་བཟོ་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་སྒོ་བསྟེན་སྨན་བཅོས་འགན་སྲུང་གནད་དོན་སྔར་བས་ལེགས་པོར་ཐག་གཅོད་པ་དང་། དེའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་དངོས་གནས་ཇེ་ཡང་དུ་གཏོང་བ་བཅས་བྱེད་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འགན་སྲུང་ལམ་ལུགས་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་ལས་འགན་བཀོད་སྒྲིག་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་བརྒྱུད་དེ། ད་ལྟ་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་རྐྱེན་སྲོལ་ལ་གཞིགས་ནས་གཤམ་གྱི་བསམ་འཆར་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ནུས་པ་ཅི་ཡོད་འདོན་ཞིང་ནུས་པའི་ལྕོགས་ཚོད་བསྒྲུབ་དགོས་ཤིང་། མི་ཚང་མས་འགན་འཁྲི་འཁུར་བ་དང་མི་ཚང་མས་ལོངས་སུ་སྤྱོད་པར་རྒྱུན་འཁྱོངས་བྱས་ཐོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྔོན་དཔག་ལ་ཁྲིད་སྟོན་བྱས་ཏེ། སྨན་བཅོས་འགན་སྲུང་གི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་བར་མཚམས་ཀྱི་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་དེ་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་སུ་འཇུག་པ་དང་། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་རྩིས་ཐོ་བཅོས་སྒྱུར་དང་སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་བ་དང་། འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་རིམ་བཞིན་ཡང་དུ་བཏང་ནས་ལམ་ལུགས་སྔར་བས་དྲང་སྙོམས་དང་སྔར་བས་རྒྱུན་མཐུད་རུང་བར་མངོན་འགྱུར་བྱ་དགོས།

(གཉིས)གཞི་རྩའི་རྩ་དོན། གཞི་རྩར་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཐོག་གཅིག་གྱུར་འཆར་འགོད་ངང་མཉམ་ཕན་ཡོང་བ་བྱས་ཏེ་འགན་བཅོལ་ནང་ཞུགས་མཁན་གྱི་ཁེ་དབང་ཏན་ཏིག་གིས་སྲུང་སྐྱོང་བྱ་དགོས། བརྟན་པོའི་ངང་བར་བརྒལ་བྱེད་པ་རྒྱུན་ འཁྱོངས་དང་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་སྲུང་བྱས་ཏེ། བཅོས་སྒྱུར་སྔ་རྗེས་ཀྱི་ཐོབ་ཐང་བདེ་བླག་ངང་སྦྲེལ་མཐུད་ཐུབ་པར་ཁག་ཐེག་བྱ་དགོས། མཐུན་སྦྱོར་མཉམ་འགུལ་རྒྱུན་འཁྱོངས་བྱས་ཐོག་སྒོ་བསྟེན་སྨན་བཅོས་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དང་མི་སྒེར་གྱི་རྩིས་ཐོའི་ལམ་ལུགས་ཇེ་ལེགས་སུ་གཏོང་བར་དུས་མཉམ་དུ་སྐུལ་འདེད་དང་རིམ་བཞིན་བརྗེ་སྒྱུར་བྱ་དགོས། ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱས་ཐོག་སྤྱི་ཡོངས་ཇུས་འགོད་བྱས་པའི་རྨང་གཞིའི་སྟེང་ས་གནས་ཀྱིས་དོན་དངོས་ལ་གཞིགས་ནས་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ནུས་ལྡན་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པར་སྐུལ་མ་གཏང་དགོས།

གཉིས། བྱེད་ཐབས་གཙོ་བོ།

(གསུམ)སྒོ་བསྟེན་སྨན་བཅོས་ཀྱི་མཉམ་ཕན་འགན་སྲུང་བྱེད་ནུས་ཆེ་རུ་གཏང་དགོས། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་གཅིག་གྱུར་འཆར་འགོད་ཀྱི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་སོགས་མང་ཚོགས་ཀྱི་ཁུར་པོ་ཅུང་ལྕི་བའི་སྒོ་བསྟེན་སྨན་བཅོས་ཀྱི་དལ་ནད་དང་དམིགས་བསལ་ནད་རིགས(གཤམ་དུ་སྒོ་བསྟེན་སྨན་བཅོས་ཀྱི་དལ་ནད་དང་དམིགས་བསལ་ནད་ཅེས་ཟེར)ཀྱི་སྨན་བཅོས་འགན་སྲུང་བྱ་བ་ལེགས་པོར་བསྒྲུབས་པའི་རྨང་གཞིའི་སྟེང་། རྒྱུན་བྱུང་ནད་དང་རྒྱུན་མཐོང་ནད་ཀྱི་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་དེ་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་གཞུག་དགོས། སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་གཅིག་གྱུར་འཆར་འགོད་དེ་ ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་མཁན་ཚང་མར་ཁེབས་པ་ཡིན་ན། སྲིད་ཇུས་ཁྱབ་ཁོངས་ནང་གི་གཏོང་སྤྲོད་བསྡུར་ཚད50%ནས་མགོ་འཛུགས་ཤིང་། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ཐེག་ནུས་རིམ་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས་འགན་སྲུང་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་བ་དང་། ཐོབ་ཐང་ཐོག་གཏོང་སྤྲོད་དེ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་གསེག་གཞོལ་འོས་འཚམ་བྱེད་ཆོག སྒོ་བསྟེན་སྨན་བཅོས་ཞབས་ཕྱིའི་ཁྱད་ཆོས་ལ་དམིགས་ཏེ་གཞུང་འཇུག་ཚད་གཞི་དང་ཆེས་མཐོའི་གཏོང་སྤྲོད་ཚད་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་རྩིས་བྱེད་པ་མ་ཟད། སྨན་ཁང་དུ་སྡོད་པའི་འགྲོ་གྲོན་གཏོང་སྤྲོད་སྲིད་ཇུས་དང་འབྲེལ་མཐུད་ལེགས་པོ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འགྲོས་མཉམ་ངང་འཐུས་ཚང་དུ་གཏོང་བ་མ་ཟད། འགན་སྲུང་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏང་དགོས།

སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ཐེག་ནུས་ལ་གཞིགས་ནས་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩ་ལས་གཏོང་སྤྲོད་བྱེད་པའི་སྒོ་བསྟེན་སྨན་བཅོས་ཀྱི་དལ་ནད་དང་ཁྱད་ནད་ཀྱི་ནད་རིགས་ཁྱབ་ཁོངས་རིམ་བཞིན་ཇེ་ཆེར་བཏང་སྟེ། སྨན་བཅོས་ཀྱི་དུས་འཁོར་རིང་བ་དང་བདེ་ཐང་ལ་གནོད་འཚེ་ཆེ་བ། འགྲོ་གྲོན་གྱི་ཁུར་པོ་ལྕི་བ་བཅས་ཀྱི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་དེ་མཉམ་ཕན་འགན་སྲུང་ནང་དུ་འཇུག་པ་དང་། སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འཚམ་ཞིང་སྨན་ཁང་དུ་སྡོད་པ་དང་བསྡུར་ན་དེ་བས་གྲོན་ཆུང་ལ་སྟབས་བདེ་ཡིན་པའི་དམིགས་བསལ་སྨན་བཅོས་སྐོར་ཞིག་ལ། སྨན་ཁང་དུ་སྡོད་པའི་ཐོབ་ཐང་ལྟར་དོ་དམ་བྱ་དགོས། སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ནད་རིགས་འགན་སྲུང་བྱེད་པ་ནས་འགྲོ་གྲོན་འགན་སྲུང་བྱེད་པའི་ཕྱོགས་སུ་རིམ་བཞིན་བར་བརྒལ་བྱ་དགོས། ཆ་རྐྱེན་དང་མཐུན་པའི་སྨན་རྫས་དམིགས་འཛུགས་སིལ་ཚོང་ཁང་གིས་འདོན་སྤྲོད་བྱས་པའི་སྨན་རྫས་འགན་སྲུང་ཞབས་ཕྱི་དེ་སྒོ་བསྟེན་སྨན་བཅོས་ཀྱི་འགན་སྲུང་ཁྱབ་ཁོངས་ནང་དུ་བཅུག་ནས། ཕྱི་སྦྱོར་སྨན་ཐོ་དེ་སྨན་རྫས་དམིགས་འཛུགས་སིལ་ཚོང་ཁང་དུ་རྩིས་རྒྱག་དང་སྨན་སྦྱོར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སྨན་རྫས་དམིགས་འཛུགས་སིལ་ཚོང་ཁང་གི་དམངས་ཕན་དང་སྤྱོད་ཆོག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཆ་རྐྱེན་དང་མཐུན་པའི“སྦྲེལ་དྲ+”སྨན་བཅོས་ཞབས་ཕྱི་དེ་འགན་སྲུང་ཁྱབ་ཁོངས་ནང་དུ་འཇུག་པར་འཚོལ་ཞིབ་བྱ་དགོས།

(བཞི)མི་སྒེར་གྱི་རྩིས་ཐོའི་ནང་རྩིས་རྒྱག་བྱེད་ཐབས་ལེགས་བཅོས་བྱ་དགོས། མི་སྒེར་གྱི་རྩིས་ཐོའི་ནང་རྩིས་རྒྱག་བྱེད་ཐབས་དང་རྩིས་རྒྱག་ཆུ་ཚད་དེ་ཚན་རིག་ལྡན་ལ་གནས་ལུགས་དང་མཐུན་པའི་ངང་གཏན་འཁེལ་བྱས་ཏེ། ལས་ཐོག་ལས་བཟོ་པ་རང་ཉིད་ཀྱི་རྩིས་ཐོ་དེ་མི་སྒེར་གྱིས་འཇལ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ་ནང་བཅུག་ནས་རྩིས་རྒྱག་ཚད་གཞི་དེ་རྩ་དོན་ཐོག་རང་ཉིད་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་གཞི་གྲངས་ཀྱི2%ལ་ཚོད་འཛིན་བྱེད་པ་དང་། སྡེ་ཚན་གྱིས་འཇལ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ་ཚང་མ་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩའི་ནང་འཇུག་དགོས། ལས་འཁྱུར་ངལ་གསོ་རྒྱག་མཁན་རང་ཉིད་ཀྱི་རྩིས་ཐོ་དེ་རྩ་དོན་ཐོག་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩ་ནས་བཅད་གྲངས་ལྟར་འཇུག་པ་དང་། ནང་འཇུག་གྲངས་ཚད་དེ་གཅིག་གྱུར་འཆར་འགོད་ས་ཁུལ་གྱིས་བསམ་འཆར་འདིར་གཞིགས་ནས་བཅོས་སྒྱུར་བྱས་པའི་ལོ་དེའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི2ཡས་མས་སུ་རིམ་བཞིན་ལེགས་སྒྲིག་བྱ་དགོས། མི་སྒེར་གྱི་རྩིས་ཐོའི་ནང་་དུ་འཇུག་པའི་བསྡུར་ཚད་དང་ཡང་ན་ཚད་གཞི་ཞིབ་ཕྲ་དེ་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་ནོར་སྲིད་སྡེ་ཁག་དང་མཉམ་དུ་གོང་གསལ་གྱི་རྩ་དོན་ལྟར། གཅིག་གྱུར་འཆར་འགོད་ས་ཁུལ་ལ་མཛུབ་སྟོན་བྱས་ཏེ་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་འཇུག་གཏན་འཁེལ་བྱ་དགོས། གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩ་དང་མི་སྒེར་གྱི་རྩིས་ཐོའི་གྲུབ་ཆ་ལེགས་སྒྲིག་བྱས་རྗེས། ཁ་སྣོན་བྱས་པའི་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩ་དེ་གཙོ་བོ་སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་ཐད་སྤྱད་དེ་འགན་བཅོལ་ནང་ཞུགས་མཁན་གྱི་སྒོ་བསྟེན་སྨན་བཅོས་ཀྱི་ཐོབ་ཐང་མཐོ་རུ་གཏང་དགོས།

(ལྔ)མི་སྒེར་གྱི་རྩིས་ཐོ་བེད་སྤྱོད་བྱེད་ཁོངས་ཚད་ལྡན་དུ་གཏང་དགོས། མི་སྒེར་གྱི་རྩིས་ཐོ་དེ་གཙོ་བོ་འགན་བཅོལ་ནང་ཞུགས་མཁན་གྱིས་གནས་འཁེལ་སྨན་བཅོས་ལས་ཁུངས་སམ་ཡང་ན་སྨན་རྫས་གནས་འཁེལ་སིལ་ཚོང་ཁང་དུ་ཐོན་པའི་སྲིད་ཇུས་ཁྱབ་ཁོངས་ནང་གི་རང་སྤྲོད་འགྲོ་གྲོན་གཏོང་བའི་ཐད་སྤྱད་དགོས། འགན་བཅོལ་ནང་ཞུགས་མཁན་རང་ཉིད་དང་དེའི་བཟའ་ཟླ་དང་། ཕ་མ། བུ་བུ་མོ་བཅས་གནས་འཁེལ་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱས་ནས་མི་སྒེར་གྱིས་འགན་འཁུར་བའི་སྨན་བཅོས་འགྲོ་གྲོན་དང་དེ་བཞིན་སྨན་རྫས་གནས་འཁེལ་སིལ་ཚོང་ཁང་ནས་སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་བཅོས་གྲོན་རྫས་བཅས་ཉོས་ནས་མི་སྒེར་གྱིས་འགན་འཁུར་བའི་འགྲོ་གྲོན་སྤྲོད་པའི་ཐད་སྤྱོད་ཆོག མི་སྒེར་གྱི་རྩིས་ཐོ་དེ་བཟའ་ཟླ་དང་ཕ་མ། བུ་བུ་མོ་བཅས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་སོགས་ལ་ཞུགས་པའི་ མི་སྒེར་གྱི་འགྲོ་གྲོན་སྤྲོད་པའི་ཐད་སྤྱོད་པར་འཚོལ་ཞིབ་བྱ་དགོས། མི་སྒེར་གྱི་རྩིས་ཐོ་དེ་སྤྱི་པའི་འཕྲོད་བསྟེན་འགྲོ་གྲོན་དང་། ལུས་རྩལ་ལུས་སྦྱོང་ངམ་ཡང་ན་ལུས་གསོའི་འཕྲོད་སྦྱོར་འཛད་སྤྱོད་སོགས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་སུ་མི་གཏོགས་པའི་འགྲོ་སྒོར་སྤྱོད་མི་ཆོག མི་སྒེར་གྱི་རྩིས་ཐོ་བེད་སྤྱོད་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། གཏོང་ཡོང་གི་ཆ་འཕྲིན་བསྡོམས་རྩིས་ལེགས་པོ་བྱ་དགོས།

(དྲུག)ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། དོ་དམ་ཞབས་ཕྱིའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་འཁོར་སྐྱོད་རྐྱེན་སྲོལ་གསར་གཏོད་བྱེད་པ། སྨན་བཅོས་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱེད་པར་ཁྲིད་སྟོན་བྱས་ཏེ་སྨན་བཅོས་འགན་བཅོལ་ཐེབས་རྩ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱེད་པ་དང་། འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། སྨན་བཅོས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཐེབས་རྩའི་རྩིས་བཤེར་ལམ་ལུགས་དང་ནང་ཁུལ་ཚོད་འཛིན་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་བསྣན་དགོས། མི་སྒེར་གྱི་རྩིས་ཐོའི་བརྒྱུད་རིམ་ཧྲིལ་པོར་འགུལ་རྣམ་ལྟར་དོ་དམ་བྱེད་པའི་རྐྱེན་སྲོལ་བཙུགས་ནས་མི་སྒེར་གྱི་རྩིས་ཐོ་བེད་སྤྱོད་དང་རྩིས་རྒྱག་སོགས་ཀྱི་བར་མཚམས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། སྨན་བཅོས་བྱ་སྤྱོད་དང་སྨན་བཅོས་འགྲོ་གྲོན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཉལ་ཁྲི་སྟོང་བསྐྱུར” གྱིས སྨན་ཁང་དུ་སྡོད་པ་དང་། སྨན་ཁང་དུ་སྡོད་པར་འབྲིད་འགུགས་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་གཅོད་ནན་པོ་བྱ་དགོས། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ཀྱི་འགོག་སྡོམ་རྐྱེན་སྲོལ་འཛུགས་པ་དང་། འགན་བཅོལ་མགོ་སྐོར་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ། ཐེབས་རྩ་བདེ་འཇགས་ཕན་མཐོ་ཡིན་ལ་བེད་སྤྱོད་ལུགས་མཐུན་ ཐུབ་པར་ཁག་ཐེག་བྱ་དགོས། སྒོ་བསྟེན་སྨན་བཅོས་ཀྱི་ཞབས་ཕྱིའི་དོ་དམ་བྱེད་ཐབས་གསར་གཏོད་བྱེད་པ་དང་། སྨན་བཅོས་ཞབས་ཕྱིར་ལྟ་སྐུལ་ཚོད་འཛིན་དང་དབྱེ་ཞིབ། དཔྱད་ཞིབ་བཅས་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ་གནས་འཁེལ་སྨན་བཅོས་ལས་ཁུངས་ཀྱིས་ནད་བརྟག་སྨན་བཅོས་ཀྱི་ཞབས་ཕྱི་ཚད་ལྡན་ངང་འདོན་སྤྲོད་བྱེད་པར་ཁྲིད་སྟོན་བྱ་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཡུལ་གཞན་དུ་སྒོ་བསྟེན་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་བསྡོམས་རྩིས་རྒྱག་པར་སྐུལ་འདེད་གཏང་དགོས། གཞི་རིམ་གྱི་སྨན་བཅོས་ཞབས་ཕྱིའི་མ་ལག་འཛུགས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་དང་ཁྱིམ་ཚང་སྨན་པར་གན་འཇོག་པའི་ཞབས་ཕྱི་འཐུས་ཚང་དུ་གཏོང་བ་དང་། ཡུན་རིང་སྨན་ཐོའི་དོ་དམ་ཚད་ལྡན་དུ་གཏོང་བ་སོགས་བརྒྱུད་དེ། འགན་བཅོལ་ནང་ཞུགས་མཁན་གྱིས་ཐོག་མར་གཞི་རིམ་དུ་སྨན་བཅོས་བྱེད་པར་ཁྲིད་སྟོན་བྱ་དགོས། སྒོ་བསྟེན་སྨན་བཅོས་ཀྱི་དལ་ནད་དང་ཁྱད་ནད་ལ་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་ཟུང་འབྲེལ་བྱས་ནས། གཞི་རིམ་གྱི་གནས་འཁེལ་སྨན་བཅོས་ལས་ཁུངས་སུ་ནད་བརྟག་སྨན་བཅོས་བྱེད་པ་དང་སྨན་ཁང་གཞན་དུ་སྤོས་ནས་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏང་དགོས།

(བདུན)སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་དང་འཚམ་པའི་སྨན་རིན་སྤྲོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གཞི་རིམ་གྱི་སྨན་བཅོས་ཞབས་ཕྱིར་མི་གྲངས་ལྟར་སྨན་རིན་སྤྲོད་ཆོག་ལ། མི་གྲངས་ལ་གཞིགས་ནས་སྨན་རིན་སྤྲོད་པ་དེ་དལ་ནད་དོ་དམ་དང་ཟུང་འབྲེལ་བྱེད་པར་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས། ཉིན་འགྲུབ་གཤགས་བཅོས་དང་ཆ་རྐྱེན་འཚམ་པའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་ལ་ནད་རིགས་སམ་ཡང་ན་ནད་རིགས་བརྟག་དཔྱད་ལ་གཞིགས་ནས་འབྲེལ་ཡོད་ཁག་བགོས་ནས་སྨན་རིན་སྤྲོད་པ་ཁྱབ་གདལ་དུ་གཏང་དགོས། གཅིག་སྒྲིལ་གྱིས་སྨན་རིན་སྤྲོད་མི་རུང་བའི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ནི་རྣམ་གྲངས་ལྟར་སྨན་རིན་སྤྲོད་ཆོག སྨན་བཅོས་འགན་སྲུང་གི་སྨན་རྫས་གཏོང་སྤྲོད་ཚད་གཞི་དེ་ཚན་རིག་ལྡན་ལ་གནས་ལུགས་དང་མཐུན་པར་གཏན་འཁེལ་བྱས་ཏེ། སྨན་བཅོས་ལས་ཁུངས་་དང་ནད་པས་རང་འགུལ་ངང་ཕན་ནུས་གནད་ལ་འཁེལ་བ་དང་རིན་གོང་ལུགས་མཐུན་ཡིན་པའི་སྨན་རྫས་སྤྱོད་པར་ཁྲིད་སྟོན་བྱ་དགོས།

གསུམ། རྩ་འཛུགས་དང་ལག་བསྟར།

(བརྒྱད)རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་ནི་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། རྒྱ་ཆེ་བའི་འགན་བཅོལ་ནང་ཞུགས་མཁན་གྱི་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པས་སྲིད་ཇུས་རང་བཞིན་དང་ལག་རྩལ་རང་བཞིན་ཆེན་པོ་ལྡན། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་གཙིགས་འཛིན་བྱས་ཐོག་ མགོ་ཁྲིད་ལ་ཏན་ཏིག་གིས་ཤུགས་སྣོན་དང་མཐུན་སྦྱོར་རྐྱེན་སྲོལ་གསར་འཛུགས་བྱས་ཏེ་བྱ་བ་དོན་འཁྱོལ་དམ་འཛིན་ལེགས་པོ་བྱ་དགོས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་གནས་སོ་སོའི་བྱ་བ་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། གོང་འོག་མཉམ་འགུལ་བྱས་ཏེ་མཉམ་ཤུགས་ཆགས་པར་བྱ་དགོས།

(དགུ)ཧུར་ཐག་བརྟན་བརླིང་ངང་སྐུལ་འདེད་གཏང་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་བསམ་འཆར་འདིའི་བླང་བྱ་ལྟར་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱེད་པ་དང་ཚན་རིག་དང་མཐུན་པའི་ངང་ཇུས་ཐག་བཅད་དེ། 2021ལོའི་ཟླ12པའི་ཟླ་མཇུག་གི་སྔོན་དུ་ལག་བསྟར་བྱེད་ཐབས་བཏོན་ནས་གཅིག་གྱུར་འཆར་འགོད་ས་ཁུལ་སོ་སོར་སྐུལ་འདེད་དང་དོན་འཁྱོལ་བྱེད་པར་མཛུབ་སྟོན་བྱེད་པ་དང་། ལོ་གསུམ་ཡས་མས་ཀྱི་བར་བརྒལ་དུས་སྐབས་བཀོད་སྒྲིག་བྱས་ནས་བཅོས་སྒྱུར་ ་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱེད་ཆོག གཅིག་གྱུར་འཆར་འགོད་ས་ཁུལ་སོ་སོས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་ཀྱི་གཏན་འབེབས་སྔར་བས་ཁ་གསལ་དང་ཞིབ་ཚགས་སུ་གཏོང་བ་དང་། བཅོས་སྒྱུར་སྔ་རྗེས་ཀྱི་སྲིད་ཇུས་འབྲེལ་མཐུད་འོས་འཚམ་བྱས་ཏེ་འགན་བཅོལ་ནང་ཞུགས་མཁན་གྱི་ཐོབ་ཐང་བརྟན་པོའི་ངང་བར་བརྒལ་ཡོང་བར་ཁག་ཐེག་བྱེད་ཅིང་། འབྲེལ་ཡོད་བྱ་བ་སྤེལ་ཟིན་པ་དག་གིས་སྲིད་ཇུས་ཀྱི་ཚད་གཞི་སྔར་བས་ཚད་ལྡན་དུ་གཏང་དགོས་ལ། འབྲེལ་ཡོད་བྱ་བ་སྤེལ་མེད་པ་དག་གིས་ཧུར་བརྩོན་དང་བརྟན་པོའི་ངང་སྤེལ་མགོ་གཟུག་དགོས།

(བཅུ)དྲིལ་བསྒྲགས་ཁྲིད་སྟོན་ལ་དོ་སྣང་ཆེན་པོ་བྱ་དགོས། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་དང་དྲིལ་བསྒྲགས་བྱེད་ཐབས་ཕུན་སུམ་ཚོགས་པར་བཏང་ཐོག་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་སྤེལ་བ་དང་། སྲིད་ཇུས་ཡང་དག་པས་འགྲེལ་བཤད་བྱ་དགོས། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་མཉམ་ཕན་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ལམ་ལུགས་སྔར་བས་དྲང་སྙོམས་ཡིན་ལ་རྒྱུན་མཐུད་ཐུབ་པར་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་དྲིལ་བསྒྲགས་གང་ལེགས་བྱེད་པ་དང་། སྨན་བཅོས་འགན་བཅོལ་མཉམ་སྐྲུན་མཉམ་སྤྱོད་དང་རོགས་རེས་མཉམ་ཕན་གྱི་དོན་སྙིང་གལ་ཆེན་ཤུགས་ཆེན་པོས་དྲིལ་བསྒྲགས་བྱ་དགོས། གླེང་ཕྱོགས་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་བྱེད་པའི་རྐྱེན་སྲོལ་བཙུགས་ཐོག་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཧུར་ཐག་དང་རང་འགུལ་ངང་བརྡ་ལན་བཏང་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2021ལོའི་ཟླ4བའི་ཚེས13ཉིན།