རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་“བརྟན་རླིང་དྲུག”དང“འགན་སྲུང་དྲུག”ལ་ཞབས་འདེགས་ཞུས་ནས“གློད་སྡོམ་ཞབས་གསུམ” བཅོས་སྒྱུར་གྱི་འབྲེལ་ཡོད་བྱ་བ་སྔར་བས་ལེགས་པོར་སྒྲུབ་པའི་སྐོར་གྱི་བསམ་འཆར།

རྒྱལ་གཞུང་སྤེལ2021ཨང10བ།


ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་ནི། “བརྟན་རླིང་དྲུག”གི་བྱ་བ་ལེགས་པོར་སྒྲུབ་པ་དང་། “འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་འཆང་གཟུང་གལ་ཆེན་ཡིན། ལོ་འདི་ཤས་ཀྱི་རིང་ལ། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་ནུས་ལྡན་བྱས་ཡོད་མོད། འོན་ཀྱང་ཁེ་ལས་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་བ་དང་བསམ་འཆར་ཆེ་བའི་གནད་དོན་འབུར་ཐོན་ཅན་ཁ་ཤས་སྔར་བཞིན་གནས་ཡོད་དེ་འཕྲལ་དུ་ཐག་གཅོད་བྱ་དགོས། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་སྔར་བས་ཟབ་སྤེལ་བྱས་ཏེ། “བརྟན་རླིང་དྲུག”དང་“འགན་སྲུང་དྲུག”གི་བྱ་བ་ཏན་ཏིག་ངང་ལེགས་པོར་བསྒྲུབས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་སྟེ་ད་ལྟ་གཤམ་གསལ་གྱི་བསམ་འཆར་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ། ཞི་ཅིན་ཞིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཐོག འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱ་དགོས་ལ། “བརྟན་རླིང་དྲུག”དང་“འགན་སྲུང་དྲུག”ལ་དམིགས་ནས། སྲིད་གཞུང་གི་འགན་ནུས་མགྱོགས་པོའི་ངང་ནས་བསྒྱུར་བ་དང་“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཐོག། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཕན་ནུས་མཐོན་པོའི་ངང་སྡེབ་སྒྲིག་བྱེད་ཅིང་། དྲང་གཞག་གི་འགྲན་རྩོད་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ། རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་འཛུགས་སྐྲུན་བྱེད་པ་དང་། སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།

(གཉིས)གཞི་རྩའི་རྩ་དོན།

དམིགས་འབེན་གྱི་ཁྲིད་ཕྱོགས་དང་ཕྱོགས་བསྡུས་སྒོས་ཐབས་ཇུས་བསྟར་བ་རྒྱུན་འཁྱོངས་བྱ་དགོས། ལས་ཞུགས་བརྟན་རླིང་དང་རྒྱ་སྐྱེད་གཏོང་བ་དང་། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་བྱེད་པ། ཕན་ནུས་ཐོན་པའི་མ་དངུལ་གཏོང་འཇོག་གི་རྒྱ་སྐྱེད་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་མ་དངུལ་བརྟན་རླིང་ཡོང་བ། གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། དངོས་གཉེར་གོ་ཆོད་ཀྱི་སྲིད་ཇུས་དང་བཅོས་སྒྱུར་བྱེད་ཐབས་ལ་བརྟེན་ནས་ཁེ་ལས་དང་མང་ཚོགས་ཀྱི་ཐོབ་སྣང་འཕེལ་བར་བྱ་དགོས།

གནད་དོན་གྱི་ཁྲིད་ཕྱོགས་དང་ཕན་འབྲས་དོན་གཉེར་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ཁེ་ལས་དང་མང་ཚོགས་ཀྱིས་བྱ་བ་སྒྲུབ་པ་དང་ལས་གཏོད་བྱེད་པའི་དཀའ་ས་དང་འགག་སར་མདོ་དྲིལ་ནས་མུ་མཐུད་དུ་དཀའ་ཁག་ཁྱད་དུ་གསོད་པ་དང་། གློད་སྡོམ་ཟུང་འབྲེལ་དང་གཙིགས་ཁྱད་མེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་རའི་བྱེད་པོར་ལུགས་དང་མི་མཐུན་པའི་ཚོད་འཛིན་གཙང་སེལ་ཤུགས་ཆེན་བྱེད་པ་དང་། སྔར་བས་ཕན་ནུས་ལྡན་པའི་ལྟ་སྐུལ་དོ་དམ་ལག་བསྟར་བགྱིད་པ་དང་། སྲིད་དོན་ཞབས་ཕྱི་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ནས། བཅོས་སྒྱུར་གྱི་རིན་ཐང་ཐོན་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས།

མ་ལག་འདུས་གྲུབ་དང་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱ་དགོས། མ་ལག་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་འོས་ཤིང་འཚམ་པར་སྦྲེལ་མཐུད་དང་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་དང་ས་གནས་གོང་འོག་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་བ། སྡེ་ཁག་བར་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོ་དང་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོར་གཞི་ཚུགས་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཆ་འགྲིག་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་ཀྱི་ཕན་ནུས་ཇེ་ཆེར་གཏོང་བ་བཅས་བརྒྱུད། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏང་དགོས།

གཉིས། ལས་ཞུགས་ཁོར་ཡུག་ལེགས་སྒྱུར་བྱེད་པར་སྔར་བས་སྐུལ་འདེད་གཏང་དགོས།

(གསུམ)ལས་ཞུགས་ཀྱི་སྒོ་ཐེམ་ཇེ་དམའ་རུ་གཏོང་བར་སྐུལ་འདེད་གཏང་དགོས། ཆོག་འཐུས་རིགས་ཀྱི་ལས་རིགས་ཐོབ་ཐང་གི་གྲངས་འབོར་སྔར་བས་གསེད་བཀྲོལ་དང་ཉུང་འཕྲི་བྱ་དགོས་པ་དང་། གྲོང་གསེབ་ཀྱི་ཕྱུགས་ནད་སྨན་པ་དང་རྩད་ཞིབ་ཇུས་འགོད་ཐོ་འགོད་བྱེད་པའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་བཟོ་བཀོད་པ་སོགས་ཀྱི་ལས་རིགས་ཐོབ་ཐང་མེད་པར་བཟོ་དགོས། སྤྱི་ཚོགས་ཅན་གྱི་ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་དཀར་ཆག་ལ་རྒྱུན་མཐུད་དང་འགུལ་རྣམ་གྱིས་ལེགས་སྒྱུར་བྱ་དགོས། ཆོག་འཐུས་རིགས་ཀྱི་ལས་རིགས་ཐོབ་ཐང་གི་རྒྱུགས་ལེན་དང་བྱ་བའི་ལོ་ཚད་ཀྱི་བླང་བྱ་ལུགས་མཐུན་གྱིས་ཇེ་དམའ་རུ་གཏོང་བའམ་མེད་པ་བཟོ་དགོས། གློག་རྡུལ་ཚོང་དོན་ཆུང་བ་དང་ཕྲན་གྲས་ཀྱི་ཆོག་འཐུས་སྔར་བས་ཚད་ལྡན་དུ་གཏོང་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་བཅའ་ཁྲིམས》ནང་གི“དམངས་ཕན་ངལ་ལས་བྱེད་སྒོ”དང“གྲངས་ཉུང་ཉོ་ཚོང་ཐར་ཐོར་བྱེད་སྒོ”ཡི་ཚད་གཞི་ཚན་རིག་དང་མཐུན་པར་གཏན་འཁེལ་བྱ་དགོས། (མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཞིང་ལས་ཞིང་སྡེ་པུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཞི)ལས་རིགས་ཀྱི་རྩལ་ནུས་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱ་དགོས། ལས་རིགས་རྩལ་ནུས་གསོ་སྦྱོང་གི་གསབ་དངུལ་ཚད་གཞི་འགུལ་རྣམ་གྱིས་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། ཚན་རིག་དང་ལུགས་མཐུན་གྱི་སྒོ་ནས་གསོ་སྦྱོང་གི་གསབ་དངུལ་ཚད་གཞི་གཏན་འཁེལ་བྱ་དགོས། ལས་རིགས་རྩལ་ནུས་གསོ་སྦྱོང་གི་མ་དངུལ་བེད་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད་གཏང་དགོས། ལས་ཞོར་གསོ་སྦྱོང་གི་སྲིད་ཇུས་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བ་དང་། ཁེ་ལས་ཀྱིས་ལས་ཞོར་གསོ་སྦྱོང་གི་གསབ་དངུལ་རེ་ཞུ་བྱེད་པའི་ཡིག་རིགས་ཟོར་ཡང་དུ་གཏང་དགོས། ཁྱིམ་སྲིད་དང་རྒན་གསོ་སོགས་ལས་རིགས་སུ་ལས་ཀ་གཉེར་བའི་མི་སྣའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་ཏེ། ལས་ཞུགས་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་གཏང་དགོས། “ལས་རིགས་དང་སློབ་གྲྭའི་མཉམ་ལས”གསར་གཏོད་ངང་སྤེལ་ནས། ལས་རིགས་མཐུན་ཚོགས་དང་ཁེ་ལས་བར་བརྒལ་གྱི་གསོ་སྦྱོང་ལྟེ་གནས་སོགས་ཀྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རྩ་འཛུགས་བྱས་ནས་དགེ་ཕྲུག་བསྡུ་ལུགས་ཀྱི་གསོ་སྦྱོང་སྤེལ་བར་སྐུལ་ལྕག་གཏོང་བ་དང་། ས་ཁུལ་སོ་སོ་ནས་ལས་གཞི་སྤེལ་ལུགས་ཀྱི་གསོ་སྦྱོང་སོགས་གསོ་སྦྱོང་རྣམ་པ་མང་པོ་འཚོལ་ཞིབ་ཀྱིས་སྤེལ་བར་སྐུལ་ལྕག་གཏང་དགོས། ཞིབ་མཆན་ཞབས་ཕྱི་ལེགས་སྒྱུར་བྱེད་པ་དང་གསལ་བརྡ་ཁས་ལེན་ལམ་ལུགས་འཚོལ་ཞིབ་ཀྱིས་ལག་བསྟར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལས་རིགས་གསོ་སྦྱོང་ལས་ཁུངས་སྣ་ཚོགས་འཛུགས་པར་སྟབས་བདེ་བསྐྲུན་དགོས། (མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། དམངས་སྲིད་པུའུ། ནོར་སྲིད་པུའུ་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(ལྔ)ལས་ཞུགས་ཆགས་སྟངས་གསར་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ཚད་ལྡན་དུ་གཏང་དགོས། ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་འཕེལ་རྒྱས་ལ་བཀག་འཛིན་བྱེད་པའི་མངོན་མེད་འགོག་རྐྱེན་སེལ་བར་ཤུགས་བཏོན་ནས་སྐུལ་འདེད་བཏང་སྟེ། ལས་ཞུགས་ཀྱི་ཁྱབ་ཁོངས་དང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས། ལས་སྟེགས་ཁེ་ལས་ལ་ལྟ་སྐུལ་དོ་དམ་དང་ཁྲིད་སྟོན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། དྲང་གཞག་དང་རིམ་ཡོད་ཀྱི་འགྲན་རྩོད་སྐུལ་སྤེལ་བྱེད་པ་དང་། ལས་སྟེགས་ཁེ་ལས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཞབས་ཕྱིའི་གྲོས་ཆིངས་དང་ཉོ་ཚོང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏང་དགོས་ལ། གླ་བསྡུ་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་དང་། དོ་དམ་དང་ཞབས་ཕྱི་ལེགས་བཅོས་བྱས་ནས། ལས་ཞུགས་ཆགས་སྟངས་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱ་དགོས། ནོར་ཁྲལ་དང་དངུལ་རྩ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་ཅིང་འཐུས་ཚང་དུ་གཏོང་བ་དང་། གཉིས་གཏོད་དཔེ་སྟོན་རྟེན་གཞིའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཟུར་ཐོན་དམག་མི། ཕ་ཡུལ་དུ་ལོག་པའི་གླ་རྒྱག་ཞིང་པ་སོགས་མི་ཚོགས་གཙོ་བོའི་ལས་གཏོད་ལས་ཞུགས་ལ་རྒྱབ་སྐྱོར་བྱ་དགོས། བབ་བསྟུན་ལས་ཞུགས་མི་སྣར་འཚམ་པའི་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་དང་ཐབས་བཀོད་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་བྱེད་ཡུལ་དུ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཐེམ་ཐོའི་ཚོད་འཛིན་གློད་གྲོལ་གཏོང་བར་སྐུལ་འདེད་བྱ་དགོས་ལ། ལས་རིགས་རྨས་སྐྱོན་འགན་སྲུང་གི་ཚོད་ལྟའི་གནས་མགྱོགས་མྱུར་ངང་སྐུལ་སྤེལ་བྱེད་པ་དང་། ལས་རྨས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་ནས། བབ་བསྟུན་ལས་ཞུགས་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་ཞིང་སྡེ་པུའུ། ཟུར་ཐོན་དམག་མི་པུའུ། མི་དམངས་དངུལ་ཁང་། ཁྲལ་དོན་སྤྱི་ཁྱབ་ཅུས། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

གསུམ། ཁྲོམ་རའི་བྱེད་པོའི་ཁུར་པོ་ཇེ་ཡང་དུ་གཏོང་བར་སྔར་བས་སྐུལ་འདེད་གཏང་དགོས།

(དྲུག)ཁེ་ལས་གཟིགས་སྐྱོང་གི་ཞབས་ཕྱིའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ནོར་སྲིད་མ་དངུལ་ཐད་གཏོང་རྐྱེན་སྲོལ་གྱི་བྱེད་ཐབས་ནུས་ལྡན་ཁྱབ་གདལ་དུ་བཏང་སྟེ། ཆ་རྐྱེན་འཛོམས་པའི་ཁེ་ལས་གཟིགས་སྐྱོང་མ་དངུལ་རྣམས་ཐད་གཏོང་རྐྱེན་སྲོལ་ནང་འཇུག་པར་ཞིབ་འཇུག་བྱ་དགོས། རྒྱལ་མཛོད་ཀྱི་ཁྲལ་སློག་ཞིབ་བཤེར་གཏན་འབེབས་གོ་རིམ་ལེགས་སྒྱུར་བྱས་ཏེ། རིག་ནུས་ཅན་དང་རང་འགུལ་ཅན་གྱི་ཐག་གཅོད་བྱེད་པ་རིམ་བཞིན་མངོན་འགྱུར་བྱ་དགོས། ཁྲལ་མིན་ཡོང་འབབ་དེ་ཁྱབ་ཁོངས་ཡོངས་སུ“ཞིང་ཆེན་བརྒལ་ནས་འཇལ་སྤྲོད”ཐུབ་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏང་དགོས། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་སྒྲུབ་རིམ་དང་འགྲོ་ལུགས་ཁུ་བསྡུ་བྱེད་པ་དང་། “རང་གིས་དབྱེ་འབྱེད་བྱེད་པ་དང་། རང་གིས་རེ་ཞུ་འདོན་པ། བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ”བཅས་ཀྱི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་དགོས། རྒྱུ་ནོར་དང་བྱ་སྤྱོད་ཀྱི་དཔྱ་ཁྲལ་རིགས10ཡི་ཁྲལ་འཇལ་རེ་ཞུའི་རེའུ་མིག་ཟླ་སྒྲིལ་བྱེད་པ་དང་། འཕར་ཐང་དཔྱ་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ། གྲོང་ཁྱེར་སྲུང་སྐྱོང་དང་འཛུགས་སྐྲུན་དཔྱ་ཁྲལ་སོགས་ཟུར་སྣོན་ཁྲལ་གྲོན་རེ་ཞུའི་རེའུ་མིག་ཟླ་སྒྲིལ་བྱ་དགོས། ཁྲོམ་ར་ཅན་གྱི་རྟོན་སྡུད་ཟིན་ཐོའི་ལས་ཁུངས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། “ཡིད་རྟོན་བདེ་བུན”ལས་སྟེགས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏང་དགོས་ལ། ཆུ་གློག་རླངས་གསུམ་དང་། ཁྲལ་འཇལ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཡིད་རྟོན་ཆ་འཕྲིན་གཅིག་སྡུད་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཆེན་པོ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཁེ་ལས་ལ་གནད་ཁེལ་གྱིས“རི་མོ་འབྲི་བ”དང་། ནུས་ལྡན་སྒོས་ཡིད་རྟོན་འཕེལ་བར་བྱས་ཏེ། དངུལ་རྩ་དང་སྤྱི་ཚོགས་འགན་བཅོལ་སོགས་ཁེ་ལས་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁེབས་ཚད་དང་། གནད་ཁེལ་རང་བཞིན། གོ་ཆོད་རང་བཞིན་བཅས་མཐོར་འདེགས་གཏང་དགོས། ཆུ་གློག་རླངས་དྲོད་སོགས་ལས་རིགས་ཀྱི་གླ་རིན་བསྡུ་བ་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་ནས། སྲིད་ཇུས་ཀྱི་ཁེ་བཟང་མཐའ་སྣེའི་སྤྱོད་མཁན་ལ་བརྒྱུད་སྤྲོད་ཐུབ་པ་ཁག་ཐེག་བྱ་དགོས། ཁེ་ལས་ཀྱིས་སྒྲིག་མཐུན་གྱི་གཉེར་སྐྱོང་ལམ་ལུགས་འཐུས་ཚང་དུ་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྒེར་སྡེམ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ། རིན་གོང་ལྐོག་འབྲེལ་དང་རིན་གོང་ཧམ་སྤར་སོགས་རིན་གོང་སྐོར་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏང་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས། མི་དམངས་དངུལ་ཁང་། ཁྲལ་དོན་སྤྱི་ཁྱབ་ཅུས། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བདུན)བར་སྨྱན་ཞབས་ཕྱི་ཚད་ལྡན་དང་མཐོར་འདེགས་གཏང་དགོས། སྲིད་འཛིན་ལས་ཁུངས་ཀྱིས་དམིགས་བཙུགས་ཀྱི་བར་སྨྱན་ལས་ཁུངས་ཀྱིས་ཞབས་ཕྱི་སྒེར་སྡེམ་བྱེད་ཆེད་མངོན་མེད་ཀྱི་འགོག་རྐྱེན་བཟོ་བའམ་ཡང་ན་རང་ངོས་ཀྱིས་འཁུར་དགོས་པའི་སྲིད་འཛིན་ཞིབ་མཆན་གྱི་བར་སྨྱན་ཞབས་ཕྱིའི་འགྲོ་གྲོན་དེ་ཁེ་ལས་ལ་སྤྲད་ནས་ཁུར་དུ་འཇུག་པ་སོགས་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་ས་གནས་སྲིད་གཞུང་གིས་གཏན་ལ་ཕབ་པའི་བར་སྨྱན་ཞབས་ཕྱིའི་དོན་ཚན་དག་ཚད་ལྡན་ནན་པོ་བཟོ་དགོས། བར་སྨྱན་ཞབས་ཕྱིའི་ཞུགས་འཐུས་སྒོ་ཐེམ་ཁྲིམས་ལྟར་ཇེ་དམའ་རུ་གཏོང་བ་དང་། ལས་རིགས་ཀྱི་འགོག་རྐྱེན་རྩ་གཏོར་བྱེད་པ། ས་གནས་ཀྱི་སྲུང་སྐྱོང་མེད་པར་བཟོ་བ། འགྲན་རྩོད་ཀྱི་རྐྱེན་སྲོལ་ནང་འདྲེན་བྱེད་པ་བཅས་བརྒྱུད། བར་སྨྱན་ཞབས་ཕྱིའི་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་བ་དང་། ལུགས་མཐུན་གྱི་རིན་གོང་གཏན་འབེབས་རྐྱེན་སྲོལ་གཟུག་དགོས། བར་སྨྱན་ལས་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། བར་སྨྱན་ལས་ཁུངས་ཀྱིས་ཞབས་ཕྱིའི་ཆ་རྐྱེན་དང་ལས་རིམ། དུས་བཀག གླ་བསྡུ་ཚད་གཞི་བཅས་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་བ་དང་། གླ་རིན་གང་བྱུང་དུ་བསྡུ་བ་དང་རྣམ་པ་བསྒྱུར་ནས་རིན་གོང་སྤར་བ་སོགས་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱ་དགོས། (རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བརྒྱད)བདེན་དཔང་ར་སྤྲོད་ཀྱི་ཞབས་ཕྱི་ཚད་ལྡན་བཟོ་བ་དང་ལེགས་བཅོས་བྱ་དགོས། བདེན་དཔང་ར་སྤྲོད་ལས་ཁུངས་ཁེ་ལས་སུ་ལམ་ལུགས་བསྒྱུར་བ་དང་། དེ་དང་སྲིད་གཞུང་སྡེ་ཁག་གི་འབྲེལ་ཐག་གཅོད་པར་སྐུལ་འདེད་བཏང་ནས། ཁྲོམ་རའི་སྒོ་འབྱེད་ཚད་ཇེ་ཆེར་གཏོང་བ་དང་། དྲང་གཞག་ཡིན་ལ་གོ་རིམ་ལྡན་པའི་འགྲན་རྩོད་སྐུལ་སྤེལ་བྱ་དགོས། བདེན་དཔང་ར་སྤྲོད་ལས་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། བདེན་དཔང་ར་སྤྲོད་ལས་ཁུངས་ཀྱིས་གླ་བསྡུ་ཚད་གཞི་ཡོངས་བསྒྲགས་བྱེད་པ་དང་། བདེན་དཔང་ར་སྤྲོད་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ། ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏོང་བ་བཅས་ལ་ལྟ་སྐུལ་བྱ་དགོས། བདེན་དཔང་ར་སྤྲོད་དང་འབྲེལ་བའི་གདེང་འཇོག་ལམ་ལུགས་གཙང་བཤེར་དང་ཚད་ལྡན་བཟོས་ནས། རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་བདེན་དཔང་ར་སྤྲོད་ལམ་ལུགས་སུ་བསྒྱུར་བར་སྐུལ་འདེད་གཏང་དགོས། སྲིད་གཞུང་དང་། ལས་རིགས། སྤྱི་ཚོགས་སོགས་རིམ་པ་མང་པོའི་བདེན་དཔང་ར་སྤྲོད་དང་ཡིད་རྟོན་བསྡུ་ལེན་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། བདེན་དཔང་ར་སྤྲོད་བྱས་འབྲས་དེ་སྡེ་ཁག་མི་འདྲ་བ་དང་། རིམ་པ་མི་འདྲ་བ། ས་གནས་མི་འདྲ་བ་བཅས་ཕན་ཚུན་བར་ཁས་ལེན་ཅིང་ཐུན་མོང་དུ་སྤྱོད་ཆོག་པར་སྐུལ་འདེད་གཏང་དགོས། (ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(དགུ)ཁེ་ལས་དང་འབྲེལ་བའི་ཞིབ་མཆན་འགོད་པའི་ཞབས་ཕྱི་ཇེ་ལེགས་སུ་གཏང་དགོས། ལས་རིགས་དང་ཁྱབ་ཁོངས་སོ་སོར་བཀར་ནས་སྲིད་འཛིན་ཞིབ་མཆན་གྱི་སྔོན་འགྲོའི་ཆ་རྐྱེན་དང་ཞིབ་མཆན་འགོད་པའི་ཚད་གཞི་གཙང་བཤེར་དང་ཚད་ལྡན་བཟོ་བ་དང་། སྲིད་འཛིན་ཞུ་ཚགས་རྒྱུ་ཆ་དང་གོ་རིམ་ཁ་གསལ་བཟོ་དགོས་ལ། རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་ལ་བརྟེན་ནས། ཁེ་ལས་དང་འབྲེལ་བའི་དོན་ཚན་སྔར་བས་མང་པོ་དྲ་ཐོག་ནས་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། ཚོང་དོན་ཞབས་ཕྱིའི་བརྒྱུད་རིམ་ཟོར་ཡང་དང་ཇེ་ལེགས་སུ་གཏོང་བ་དང་། མཚམས་ཚིགས་སྐྱུང་བ་དང་། རྒྱུ་ཆ་སྐྱུང་བ། དུས་ཡུན་སྐྱུང་བ། འགྲོ་སོང་སྐྱུང་བ་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་ཇེ་དམའ་རུ་གཏང་དགོས། གློག་རྡུལ་གློག་ཆས་ཀྱི་ཐོན་རྫས་དང་འབྲེལ་བའི་དོ་དམ་བྱེད་ཐབས་ཁུ་བསྡུ་དང་ལེགས་སྒྱུར་བྱས་ཏེ། ཁེ་ལས་ཀྱི་རང་བཤེར་རང་དཔང་དང་ཐོན་རྫས་རྒྱུད་རིགས་ཀྱི་དོ་དམ་ཁྱབ་སྤེལ་གཏོང་བར་འཚོལ་ཞིབ་བྱ་དགོས། ཚོང་རྟགས་ཀྱི་ཆེད་ཁེ་ཐོ་འགོད་རེ་ཞུ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་དུ་སྒྱུར་བ་ཇེ་མགྱོགས་སུ་བཏང་ནས། ཚོང་རྟགས་ལ་བསམ་འཆར་མི་མཐུན་པ་འདོན་པ་དང་། བརྗེ་སྒྱུར། བཤུག་སྤྲོད། འགྱངས་བསྟུད་བཅས་བྱེད་པའི་དུས་ཡུན་དང་ཆེད་ཁེའི་དབང་སྤྲོད་ཀྱི་སྤྱི་བསྒྲགས་དུས་ཡུན་གྱི་རིགས་དབྱེ་ནས་ཇེ་ཐུང་དུ་གཏོང་བ་དང་། ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་པའི་ཚོང་རྟགས་མགྱོགས་མྱུར་ཕྱིར་སློག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། བསམ་གནག་གིས་ཚོང་རྟགས་ཐོ་འགོད་དང་རྒྱུན་ལྡན་མིན་པར་ཆེད་ཁེ་རེ་ཞུ་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏང་དགོས།(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

བཞི། ཕན་ནུས་ཐོན་པའི་མ་དངུལ་གཏོང་འཇོག་གི་རྒྱ་སྐྱེད་པར་སྔར་བས་སྐུལ་འདེད་གཏང་དགོས།

(བཅུ)མ་དངུལ་གཏོང་འཇོག་ལ་ཞིབ་མཆན་འགོད་པའི་ལས་ཕྱོད་མུ་མཐུད་དུ་ཇེ་མཐོར་གཏང་དགོས། མ་དངུལ་གཏོང་འཇོག་ལ་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ཏེ། མ་དངུལ་གཏོང་འཇོག་ལས་གཞིའི་འཛུགས་སྐྲུན་རེ་ཞུ་འབུལ་བའི་འགྲོ་ལུགས་ཟོར་ཡང་དང་ཟླ་སྒྲིལ་བྱེད་པ་དང་། ཁེ་ལས་ཀྱི་མ་དངུལ་གཏོང་འཇོག་ལས་གཞིའི་ཁས་ལེན་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏང་དགོས་ལ། འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མ་དངུལ་གཏོང་འཇོག་ལས་གཞི་གལ་ཆེན་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སྒྱུར་བྱ་དགོས། ས་གནས་སོ་སོས་“ཚད་ལྡན་ས་གནས”བཤུག་པའི་བཅོས་སྒྱུར་སྤེལ་བར་བསྟོད་སྐུལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་“ཚད་ལྡན་ས་ཆ”བཤུག་པའི་དམིགས་ཚད་མ་ལག་འཛུགས་སྐྱོང་བྱ་དགོས་པ་དང་། བཟོ་ལས་ལས་གཞིར་ས་ཆ་མཁོ་འདོན་བྱེད་པའི་བརྒྱུད་རིམ་ཟོར་ཡང་དང་ཇེ་ལེགས་སུ་གཏོང་བ་དང་། ས་ཆ་མཁོ་འདོན་གྱི་དུས་ཚོད་ཇེ་ཐུང་བཏང་ནས། མ་དངུལ་གཏོང་འཇོག་ལས་གཞིའི་འཁོར་སྐྱོད་མ་གནས་ཇེ་དམའ་རུ་གཏང་དགོས། མ་དངུལ་གཏོང་འཇོག་ལས་གཞིར་དྲ་ཐོག་ནས་ཞིབ་མཆན་འགོད་པའི་ལྟ་སྐུལ་དོ་དམ་ལས་སྟེགས་དང་འབྲེལ་ཡོད་ཞིབ་མཆན་འགོད་པའི་མ་ལག་ཕན་ཚུན་སྦྲེལ་མཐུད་དང་གཞི་གྲངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་རེའུ་མིག་བསྐྱར་འགོད་དང་སྡེ་ཁག་གི་ཞིབ་བཤེར་བསྐྱར་ཟློས་མེད་པར་བྱ་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནུས་ཁུངས་ཅུས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅུ་གཅིག)ལས་གྲྭ་འཛུགས་སྐྲུན་ལས་གཞིར་ཞིབ་མཆན་འགོད་སྟངས་ལེགས་སྒྱུར་བྱ་དགོས། ལས་གྲྭ་འཛུགས་སྐྲུན་ལས་གཞིར་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ལས་གྲྭ་འཛུགས་སྐྲུན་ལས་གཞིར་ཞིབ་མཆན་འགོད་པ་དང་དོ་དམ་བྱེད་པའི་མ་ལག་འཐུས་ཚང་དུ་གཏང་དགོས། ལས་གྲྭ་འཛུགས་སྐྲུན་ལས་གཞིའི་བརྒྱུད་རིམ་ཧྲིལ་པོར་འབྲེལ་བའི་སྲིད་འཛིན་ཆོག་འཐུས་དང་། ལག་རྩལ་ཞིབ་བཤེར། བར་སྨྱན་ཞབས་ཕྱི། གྲོང་སྲིད་སྤྱི་སྤྱོད་ཞབས་ཕྱི་སོགས་ཀྱི་དོན་ཚན་སྔར་བས་ཁུ་བསྡུ་དང་ཟླ་སྒྲིལ་བྱ་དགོས། ས་ཁུལ་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་གྲྭ་འཛུགས་སྐྲུན་ལས་གཞིའི་རྩིག་བཟོས་ལས་གྲྭའི་ཨར་ལས་ཆོག་འཐུས་ལག་ཁྱེར་སྒྲུབ་པའི་བཅད་གྲངས་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྟབས་བདེ་ཞིང་ཉེན་ཁ་ཆུང་བའི་ལས་གྲྭའི་འཛུགས་སྐྲུན་ལས་གཞིར“གསལ་ཐོ་ལམ་ལུགས་+གསལ་བརྗོད་ཁས་ལེན་ལམ་ལུགས”ཀྱི་ཞིབ་མཆན་འགོད་སྟངས་ལག་བསྟར་བྱ་དགོས། ཞིབ་འཇུག་བྱས་ཏེ་ལས་གྲྭའི་འཛུགས་སྐྲུན་ལས་གཞིའི་བརྒྱུད་རིམ་ཧྲིལ་པོའི་ཞིབ་མཆན་དོ་དམ་ལ་ལམ་ལུགས་རང་བཞིན་གྱི་ཡིག་ཆ་གཏན་འབེབས་བྱེད་པ་དང་། ལས་གྲྭའི་འཛུགས་སྐྲུན་ལས་གཞི་ལ་ཞིབ་མཆན་འགོད་པར་ལྟ་སྐུལ་དོ་དམ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། བརྒྱུད་རིམ་ཧྲིལ་པོའི་ཞིབ་མཆན་འགོད་པའི་བྱ་སྤྱོད་དང་དུས་ཚོད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་ཚུད་གྱི་ཞིབ་བཤེར་དང་ཨར་ལས་དཔེ་རིས་ཀྱི་ཞིབ་བཤེར་སོགས་ལྷུ་ཚིགས་ཚད་ལྡན་དུ་བཏང་ནས་ཕུང་བོ་ཕྱིའི་འཁོར་སྐྱོད་སྔོན་འགོག་བྱ་དགོས། (སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

ལྔ་པ། འཛད་སྤྱོད་ཀྱི་སྦས་ཤུགས་སྐུལ་སློང་བྱེད་པར་སྔར་བས་སྐུལ་འདེད་གཏང་དགོས།

(བཅུ་གཉིས)འཛད་སྤྱོད་ཀྱི་མངོན་མེད་བཀག་རྒྱ་གཙང་སེལ་བྱ་དགོས། ལས་རིགས་ཀྱི་སྒེར་སྡེམ་དང་ས་གནས་ཀྱི་སྲུང་སྐྱོང་གཏོར་གང་ཐུབ་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་འགག་གནད་སེལ་ཐབས་བྱས་ཏེ། ཕན་མཐོ་ཚད་ལྡན་དང་དྲང་གཞག་འགྲན་རྩོད་ཡིན་པའི་རྒྱལ་ནང་གཅིག་གྱུར་གྱི་ཁྲོམ་ར་ཆགས་པར་སྐུལ་འདེད་གཏང་དགོས། འཛད་སྤྱོད་དང་ཉོ་སྒྲུབ་ལ་ཚོད་འཛིན་བྱེད་པའི་སྲིད་འཛིན་རང་བཞིན་གྱི་གཏན་འབེབས་ཁ་ཤས་རིམ་ཡོད་སྒོས་མེད་པར་བཟོས་ཏེ། འཛད་སྤྱོད་ཀྱི་སྦས་ཤུགས་ལྷོད་གྲོལ་གཏང་དགོས། 《ལག་བརྒྱུད་རླངས་འཁོར་འཁོར་རྒྱུག་ལ་དོ་དམ་བྱེད་ཐབས》ལ་མགྱོགས་པོར་བཟོ་བཅོས་བརྒྱབ་ནས། ས་ཁུལ་སོ་སོས་སྒྲིག་འགལ་ངང་བཟོས་པའི་ལག་བརྒྱུད་རླངས་འཁོར་ནང་སྤོ་ཚོད་འཛིན་རྩ་བ་ནས་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ལག་བརྒྱུད་རླངས་འཁོར་གྱི་ཚོང་གཉེར་ཆ་རྐྱེན་ཇེ་ལྷོད་དུ་གཏང་དགོས། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཕྱིར་བསྡུ་བཤིག་གཏོར་ཁེ་ལས་ཀྱི་ཐོབ་ཐང་ངོས་འཛིན་ཚད་ལྡན་དུ་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་དག་ཕྱིར་བསྡུ་བཤིག་གཏོར་གྱི་ཁྲོམ་རར་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཁྲིམས་མིན་གྱི་བཤིག་གཏོར་བྱ་སྤྱོད་ལ་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱ་དགོས། ས་ཁུལ་སོ་སོས་ཡུལ་སྐོར་དམངས་ཤག་ཁྲོམ་རའི་ཞུགས་འཐུས་ཆ་རྐྱེན་འོས་འཚམ་ལྷོད་པར་སྐུལ་ལྕག་གཏོང་བ་དང་། ཡུལ་སྐོར་དམངས་ཤག་ལས་རིགས་ཀྱི་ཚད་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏང་དགོས། ས་ཁུལ་བརྒལ་བའི་སྐོར་སྐྱོད་འཁྲབ་སྟོན་ལ་ཞིབ་མཆན་འགོད་པའི་གོ་རིམ་གྱི་ཕྱོགས་སྟོན་གཏན་ལ་འབེབས་པ་དང་། ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སྒྱུར་བྱས་ཏེ། འཁྲབ་སྟོན་ཚོང་གཉེར་སྡེ་ཚན་གྱིས་ས་ཁུལ་ལས་བརྒལ་ནས་ལས་སྒོ་སྤེལ་བར་སྟབས་བདེ་བསྐྲུན་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། སྤྱི་བདེ་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཚོང་དོན་པུའུ། རིག་གནས་དང་ཡུལ་སྐོར་པུའུ་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅུ་གསུམ)ཐོན་རྫས་གསར་པ་ཁྲོམ་རར་ཞུགས་འཐུས་སྟབས་བདེ་བཟོ་དགོས། ཁྲོམ་རར་མཁོ་མྱུར་ཚ་ཞིང་འཛད་སྤྱོད་དགོས་མཁོ་ཆེ་བའི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པར་དམིགས་ནས། སྔོན་ལ་རྒྱལ་ཁབ་ཚད་གཞི་སྤྱོད་འཐུས་ཀྱིས་མྱུར་སྒྲུབ་གོ་རིམ་གཏན་ལ་འབེབས་པ་དང་། ཚད་གཞི་གཏན་འབེབས་དང་བཟོ་བཅོས་ཀྱི་བརྒྱུད་རིམ་ཟོར་ཡང་དུ་བཏང་ནས། ཁྱབ་བསྒྲགས་དུས་ཡུན་ཇེ་ཐུང་དུ་གཏང་དགོས། འབྲེལ་ཡོད་ཀྱི་རྒྱལ་ཁབ་ཚད་གཞི་མ་བཏོན་གོང་ལ། སྤྱི་ཚོགས་ཚོགས་པས་སྔོན་ལ་ཁྲོམ་ར་དང་གསར་གཏོད་ཀྱི་དགོས་མཁོ་སྐོང་བའི་ཚོགས་པའི་ཚད་གཞི་གཏན་ལ་ཕབ་སྟེ་ཁྱབ་བསྒྲགས་བྱེད་པར་བསྟོད་སྐུལ་བྱེད་པ་དང་། ཁེ་ལས་ཀྱིས་འགྲན་རྩོད་ནུས་པ་ལྡན་པའི་ཁེ་ལས་ཀྱི་ཚད་གཞི་གཏན་ལ་འབེབས་པ་མ་ཟད་རང་ངོས་གསལ་བསྒྲགས་བྱེད་པར་བསྟོད་སྐུལ་བྱས་ཏེ། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཁྲོམ་རར་མགྱོགས་མྱུར་ངང་ཞུགས་པར་སྐུལ་འདེད་གཏང་དགོས། ཕྱིར་གཏོང་ཚོང་ཟོང་དང་ནང་ཁུལ་ཉོ་ཚོང་ཚོང་ཟོང་གི་བཟོ་རྩལ་བརྒྱུད་རིམ་དང་འཁོར་རྒྱུག་སྒྲིག་སྲོལ་སོགས་ཐད་ཀྱི་གཏན་འབེབས་མགྱོགས་མྱུར་ངང་གཅིག་གྱུར་བཟོ་བ་དང་། ཕྱི་ནང་ཉོ་ཚོང་ཐོན་རྫས་ཀྱི་“ཐོན་ལམ་གཅིག་པ་དང་ཚད་གཞི་གཅིག་པ་དང་སྤུས་ཚད་གཅིག་པ”ཡོང་བར་སྐུལ་འདེད་གཏང་དགོས་ལ། ཕྱིར་གཏོང་ཚོང་ཟོང་ནང་འཚོང་དུ་བསྒྱུར་བར་ཚོད་འཛིན་པའི་མ་ལག་རང་བཞིན་གྱི་འགོག་རྐྱེན་བསལ་དགོས། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་སིལ་འཚོང་ནང་འདྲེན་ཚོད་ལྟའི་གྲོང་ཁྱེར་གྱི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་སྐྱེད་གཏོང་བ་དང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་སིལ་ཚོང་ནང་འདྲེན་ཚོང་ཟོངགི་གསལ་ཐོ་ལེགས་སྒྲིག་དང་རྒྱ་སྐྱེད་གཏང་དགོས། (ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། ཚོང་དོན་པུའུ། འགག་སྒོ་སྤྱི་ཁྱབ་ཧྲུའུ། ནོར་སྲིད་པུའུ་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

དྲུག ཕྱི་འཚོང་དང་ཕྱི་དངུལ་བརྟན་རླིང་ཡོང་བར་སྔར་བས་སྐུལ་འདེད་གཏང་དགོས།

(བཅུ་བཞི)ཕྱི་རྒྱལ་ཚོང་པའི་མ་དངུལ་གཏོང་འཇོག་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱ་དགོས། ཕྱི་རྒྱལ་ཚོང་པའི་མ་དངུལ་གཏོང་འཇོག་ལ་ཞུགས་འཐུས་མ་གནང་གོང་གི་རྒྱལ་དམངས་ཐོབ་ཐང་དང་ལྡོག་ངོས་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཕྱི་རྒྱལ་མ་དངུལ་གྱི་ཁེ་ལས་ཀྱིས་འདྲ་མཉམ་ངང་རྒྱབ་སྐྱོར་སྲིད་ཇུས་སོ་སོ་ལོངས་སྤྱོད་ཐུབ་པ་ཁག་ཐེག་བྱ་དགོས། ཕྱི་རྒྱལ་མ་དངུལ་གྱི་ཁེ་ལས་རྣམས་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་དང་ལས་རིགས་ཀྱི་ཚད་གཞི་གཏན་འབེབས་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱ་དགོས། ཕྱི་རྒྱལ་ཚོང་པའི་མ་དངུལ་གཏོང་འཇོག་གི་ཆ་འཕྲིན་སྙན་ཞུ་ལམ་ལུགས་ལེགས་སྒྱུར་དང་། ཁེ་ལས་ཐོ་འགོད་མ་ལག་དང་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་གི་ནུས་པ་འཐུས་ཚང་དུ་གཏང་དགོས་པ་དང་། རེའུ་མིག་འགོད་པ་དང་ཡར་ཞུ་འབུལ་བར་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁེ་ལས་ཀྱི་འབུལ་སྐྱེལ་ཁུར་པོ་ཇེ་ཡང་དུ་གཏང་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཚོང་དོན་པུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅོ་ལྔ)འགག་བརྒྱུད་སྟབས་བདེ་ཅན་དུ་སྒྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས། རྒྱལ་སྤྱིའི་ཉོ་ཚོང་གི་“སྒེའུ་ཁུང་ཆིག་རྐྱང”དེ་གྲུ་ཁ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་ཀྱི་ཆ་འཕྲིན་ལས་སྟེགས་དང་དངུལ་ཁང་དང་འགན་བཅོལ་སོགས་ལས་ཁུངས་ལ་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏང་དགོས། འགག་སྒོའི་ཉེན་ཁ་ལྟ་འདོམས་སྒྲིག་སྲོལ་ལེགས་སྒྱུར་བྱེད་པ་དང་། ཚན་རིག་དང་མཐུན་ལ་སྐབས་བསྟུན་ཡིན་པའི་ལྟ་འདོམས་ཁྱབ་གདལ་དུ་བཏང་ནས། མིའི་ཐབས་ལ་བརྟེན་ནས་ལྟ་འདོམས་ལ་དབྱེ་ཞིབ་བྱེད་པའི་ཡང་དག་ཚད་ཇེ་མཐོ་དང་། ཁྲིམས་སྲུང་སྒྲིག་མཐུན་གྱི་ཁེ་ལས་དང་ཉེན་ཁ་ཆུང་བའི་ཚོང་ཟོང་གི་ཞིབ་བཤེར་ཚད་ལེན་བྱེད་ཕྱོད་ཇེ་དམའ་རུ་གཏང་དགོས། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོང་ལ་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱེད་པའི་མ་དཔེ་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། ཕྱོགས་གསུམ་པའི་ཞིབ་བཤེར་བྱས་འབྲས་བསྡུ་ལེན་དང་རྟོན་སྡུད་ལམ་ལུགས་ཅན་དུ་སྒྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏང་དགོས། ཟོང་སྒྲུག་དང་། འཐེན་གྲུ། མངགས་བཅོལ་ཞིབ་བཤེར་སོགས་ཀྱི་གཉེར་སྐྱོང་བྱེད་པོ་ཁྲོམ་རར་ཞུགས་པར་བསྟོད་སྐུལ་བྱས་ཏེ། འགྲན་རྩོད་དྲང་གཞག་ཡོང་བར་སྐུལ་འདེད་གཏང་དགོས། (འགག་སྒོ་སྤྱི་ཁྱབ་ཧྲུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། དངུལ་ཁང་འགན་བཅོལ་ལྟ་སྐུལ་ཨུ་ལྷན། རྒྱལ་ཁབ་ལྕགས་ལམ་ཅུས། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅུ་དྲུག)འགག་སྒོའི་གླ་རིན་བསྡུ་བར་གཙང་བཤེར་དང་ཚད་ལྡན་བཟོ་དགོས། 《གྲུ་ཁའི་གླ་རིན་བསྡུ་ལེན་དང་རྩིས་རྒྱག་བྱེད་ཐབས》ལ་མགྱོགས་མྱུར་ངང་བཟོ་བཅོས་བརྒྱབ་སྟེ། གྲུ་ཁའི་གླ་རིན་བསྡུ་བའི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གྲུ་ཁའི་གླ་རིན་བསྡུ་བའི་རྣམ་གྲངས་ཉུང་འཕྲི་དང་ཟླ་སྒྲིལ་བྱ་དགོས། ཁ་ཕྱོགས་གཏན་འཁེལ་གྱིས་མཚོ་རྒྱུད་གྲུ་ཁའི་གྲུ་གཟིངས་སྣེ་ཁྲིད་ཀྱི་གླ་རིན་ཚད་གཞི་ཇེ་དམའ་རུ་གཏོང་བ་དང་། གྲུ་གཟིངས་ཕྱོགས་ཀྱིས་རང་བདག་སྒོས་འཐེན་གྲུ་སྤྱོད་མིན་ཐག་གཅོད་པའི་གྲུ་གཟིངས་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་དགོས། དོས་སྒམ་འཁྲུད་གསོ་ཞབས་ཕྱིའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲུ་ཁའི་ཕྱི་རོལ་གྱི་སྤུང་རའི་དོས་སྒམ་འཁྲུད་གསོ་གླ་རིན་དང་ལྕགས་ལམ་སྐྱེལ་འདྲེན་གྱི་འགག་བརྒྱུད་གླ་རིན་སོགས་བསྡུ་བ་གཙང་བཤེར་དང་ཚད་ལྡན་དུ་གཏང་དགོས། འགག་སྒོའི་གླ་བསྡུ་རྣམ་གྲངས་ཀྱི་དཀར་ཆག་གསལ་ཐོའི་ལམ་ལུགས་ལག་བསྟར་བྱས་ཏེ། གསལ་ཐོ་ལས་འདས་པའི་གླ་བསྡུ་མེད་པ་བྱ་དགོས། སྲིད་གཞུང་གིས་མ་གནས་ལ་གཞིགས་ནས་རིན་གོང་གཏན་འཁེལ་བྱས་པའི་གླ་བསྡུ་རྣམ་གྲངས་ལ། མ་གནས་ལྟ་སྐུལ་ཞིབ་བཤེར་རམ་ཡང་ན་མ་གནས་བརྟག་དཔྱད་བྱས་ཏེ། གླ་བསྡུའི་ཚད་གཞི་དུས་ཐོག་ཏུ་ལེགས་སྒྲིག་བྱ་དགོས། ཁྲོམ་རའི་སྙོམ་སྒྲིག་རིན་གོང་ལག་བསྟར་བྱེད་པའི་གླ་བསྡུ་རྣམ་གྲངས་དང་དེ་མཚུངས་ཀྱི་གླ་བསྡུ་བྱེད་པོ་ལ། དཔེ་མཚོན་གྱི་མ་གནས་བརྟག་དཔྱད་བྱས་ཏེ་ལུགས་མཐུན་དང་ཚད་ལྡན་སྒོས་གླ་རིན་བསྡུ་བར་གཞི་འཛིན་ས་མཁོ་འདོན་བྱ་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

བདུན། དམངས་འཚོ་ཞབས་ཕྱི་ལེགས་སྒྱུར་ལ་སྔར་བས་སྐུལ་འདེད་གཏང་དགོས།

(བཅུ་བདུན)རྒན་གསོ་དང་སྨན་བཅོས་ཞབས་ཕྱིའི་མཁོ་སྤྲོད་གསར་གཏོད་བྱ་དགོས། གཞུང་བཙུགས་རྒན་གསོ་ལས་ཁུངས་དེ་གཞུང་གིས་བཙུགས་ཏེ་དམངས་ཀྱིས་གཉེར་བའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཀྱི་མ་རྩ་དང་ཆེད་ལས་དོ་དམ་གྱི་ཞབས་ཕྱི་ལས་ཁུངས་ནང་འདྲེན་བྱེད་པ་དང་། བེད་མེད་དུ་བཞག་པའི་ཉལ་ཁྲིའི་ཐོན་ཁུངས་གང་འགབ་ཅི་སྤྱོད་བཅས་བྱས་ཏེ། ནུས་པ་ཤོར་བ་དང་ནུས་པ་ཕྱེད་ཙམ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་བསྡུས་སྒོས་གསོ་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ཏུ། ནུས་པ་ཤོར་བ་དང་། རིག་པ་ལྡིབ་པ། ལོ་མཐོ་བའི་བགྲེས་སོང་བཅས་ལ་སྒོ་འབྱེད་དགོས། སྨན་བཅོས་ཁང་སྒྲིག་འཛུགས་ཀྱི་ཞིབ་མཆན་མེད་པ་བཟོ་བར་སྐུལ་འདེད་བཏང་ནས། སྨན་བཅོས་ཁང་གི་ལས་གཉེར་ཐོ་འགོད་དེ་ཞིབ་མཆན་འགོད་པ་ནས་ཚགས་ཞུ་འགོད་པར་བསྒྱུར་བར་སྐུལ་འདེད་གཏང་དགོས། ལས་རིགས་འཕྲོད་བསྟེན་ལག་རྩལ་ཞབས་ཕྱིའི་ལས་ཁུངས་ཀྱི་ཐོབ་ཐང་རིམ་པ་དབྱེ་འབྱེད་མེད་པར་བཟོ་བར་སྐུལ་འདེད་བཏང་ནས། ཁྲོམ་རར་ཞུགས་འཐུས་སྟབས་བདེ་ཡོང་བར་བྱ་དགོས། གློག་རྡུལ་སྨན་ཐོའི་འབྱུང་ཁུངས་བདེན་པ་དང་བློས་འགེལ་ཆོག་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། རྒྱལ་ཁབ་ཀྱིས་དམིགས་བསལ་དོ་དམ་བྱེད་པའི་སྨན་རྫས་ཕུད་པའི་སྨན་ཐོའི་བསྡེབས་སྨན་དྲ་ཐོག་ནས་བཙོངས་ཆོག་པ་ཡིན།(དམངས་སྲིད་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅོ་བརྒྱད)སྤྱི་ཚོགས་རོགས་སྐྱོབ་ཀྱི་གནད་འཁེལ་རང་བཞིན་ཇེ་མཐོར་གཏང་དགོས། ས་གནས་སོ་སོ་ནས་དམངས་སྲིད་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས། སྨན་བཅོས་འགན་སྲུང་། གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་དང་སྡེ་ཚན་གྱི་འབྲེལ་ཡོད་གཞི་གྲངས་མཉམ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གཞི་གྲངས་ཆེན་པོ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་དེ་དཀའ་ངལ་ཡོད་པའི་མང་ཚོགས་རང་འགུལ་ངང་ཤེས་ཐུབ་པའི་རྐྱེན་སྲོལ་དང་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་བཙུགས་ཏེ། ཞབས་ཕྱིའི་བརྒྱུད་རིམ་ཇེ་ལེགས་དང་། སྒྲུབ་པའི་དུས་ཡུན་ཇེ་ཐུང་དུ་གཏོང་བ་དང་། དམངས་འཚོའི་འགན་སྲུང་ཁྱབ་ཁོངས་ཀྱི་གནད་དོན་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་ཐེ་གཏོགས་ཐུབ་པ་མངོན་འགྱུར་བྱས་ཏེ། ཆ་རྐྱེན་དང་འཚམ་པའི་དཀའ་ངལ་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོབ་ཐོབ་ཐུབ་པ་ཁག་ཐེག་བྱེད་པ་དང་། སྒྲིག་འགལ་གྱིས་གཡོ་ལེན་དང་དབང་བོགས་གཏོང་བ་སོགས་ཀྱི་གནད་དོན་སྔོན་འགོག་བྱ་དགོས།(དམངས་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུས། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅུ་དགུ)དམངས་བདེ་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏང་དགོས། སྲིད་དོན་གཞི་གྲངས་མཉམ་སྤྱོད་མཐུན་སྦྱོར་གྱི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། ཆ་འཕྲིན་མཉམ་སྤྱོད་དང་དཔང་ཡིག་ཕན་ཚུན་ཁས་ལེན་ལ་ཤུགས་སྣོན་བརྒྱག་དགོས་ལ། ཡིད་རྟོན་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ་དང་། གསལ་བརྗོད་ཁས་ལེན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། དཔང་ཡིག་དོན་ཚན་སྣ་ཚོགས་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་གཏང་དགོས། དཔང་ཡིག་དོན་ཚན་ལ་གསལ་ཐོ་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ། ཁེ་ལས་དང་མང་ཚོགས་ལ་གསལ་ཐོ་ལས་འདས་པའི་དཔང་ཡིག་འདོན་སྤྲོད་བྱེད་དུ་བཅུག་མི་ཆོག དཔང་རྟགས་འདོན་སྤྲོད་བྱེད་དགོས་ངེས་ཡིན་ན། དཔང་ཡིག་སྤྲོད་དགོས་པའི་དོན་ཚན་གྱི་མིང་དང་། སྤྱོད་སྒོ། གཞི་འཛིན་ས། ལེན་ཡུལ་སྡེ་ཚན། འདོན་མཁན་སྡེ་ཚན་འབྲི་བ་སོགས་ཀྱི་ཆ་འཕྲིན་གསལ་བརྗོད་བྱ་དགོས། དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་པར་དམིགས་ནས། ཞབས་ཕྱིའི་དོན་ཚན་སྔར་ལས་མང་བ་“ཞིང་ཆེན་བརྒལ་ནས་ཀུན་ཁྱབ་ཏུ་སྒྲུབ་པ་”ལ་སྐུལ་འདེད་གཏང་དགོས། སྲོལ་རྒྱུན་གྱི་ཞབས་ཕྱི་བྱེད་སྟངས་དང་རིག་ནུས་ཅན་གྱི་ཞབས་ཕྱི་གསར་གཏོད་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས། ལོ་ལོན་སོགས་དམིགས་བསལ་ཚོགས་སྤྱི་རྣམས་རིག་ནུས་ལག་རྩལ་སྤྱོད་པའི་ཐད་ཕྲད་པའི་དཀའ་ངལ་འབུར་ཐོན་ཐག་གཅོད་ཏན་ཏིག་བྱ་དགོས། (རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་དང་ཁྲིམས་འཛིན་པུའུ་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

བརྒྱད། བྱ་བ་སྒྲུབ་སྒང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱག་དགོས།

(ཉི་ཤུ)མེད་བཟོས་དང་གཤམ་སྤྲད་ཀྱི་དོན་ཚན་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱག་དགོས། གློད་སྡོམ་གཉིས་ཟུང་དུ་སྦྲེལ་ཞིང་གཙིགས་ཆེན་ཁྱད་མེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་དོ་དམ་ནུས་ལྡན་བྱ་རྒྱུ་དེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་དགོས་ངེས་འགན་སྲུང་དུ་བརྩིས་ནས། སྲིད་གཞུང་གི་དོ་དམ་དེ་བྱ་བ་མ་བསྒྲུབས་སྔོན་དུ་ཞིབ་མཆན་འགོད་པ་ནས་བྱ་བ་སྒྲུབ་སྒང་དང་བསྒྲུབས་རྗེས་སུ་ལྟ་སྐུལ་དོ་དམ་བྱེད་པར་བསྒྱུར་རྒྱུར་སྐུལ་འདེད་གཏང་དགོས་ལ། མེད་བཟོས་དང་གཤམ་སྤྲད་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན་དག་ལ་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དོན་ཚན་རེ་རེར་སྒྲུབ་སྒང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཐབས་གཏན་ལ་ཕབ་སྟེ། ལྟ་སྐུལ་དོ་དམ་གྱི་རིམ་པ་དང་། ལྟ་སྐུལ་དོ་དམ་སྡེ་ཁག ལྟ་སྐུལ་དོ་དམ་བྱེད་སྟངས་བཅས་ངེས་གསལ་བྱ་དགོས། ལྟ་སྐུལ་དོ་དམ་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་གསེད་བཀྲོལ་བྱས་ནས། ས་གནས་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་བཅས་ལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་མཉམ་སྒྲུབ་དང་མཉམ་འཛིན་མཉམ་སྐྱོང་བྱེད་པའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་ཕན་ཕྱོད་མཐོན་པོ་བཙུགས་ནས། འགན་འཁུར་ཁ་གསལ་བ་དང་ལྟ་སྐུལ་དོ་དམ་དམིགས་སུ་འབྱོར་བ་ཁག་ཐེག་བྱ་དགོས། (རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་སྣེ་འཁྲིད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས། )

(ཉེར་གཅིག)བྱ་བ་སྒྲུབ་སྒང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཇེ་མཐོར་གཏང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་“སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག”ལ་ལྟ་སྐུལ་དོ་དམ་དང་། ཡིད་རྟོན་ལ་ལྟ་སྐུལ་དོ་དམ། “དྲ་སྦྲེལ་+ལྟ་སྐུལ་དོ་དམ”སོགས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སྔར་བས་གནད་ཁེལ་དང་སྔར་བས་ནུས་ལྡན་གྱིས་ལྟ་སྐུལ་དོ་དམ་བྱ་དགོས། འགན་འཁྲི་ཁྱབ་ཁོངས་ཀྱི་གཙོ་གནད་དུ་གྱུར་པའི་ལྟ་སྐུལ་དོ་དམ་གྱི་དོན་ཚན་གསེད་བཀྲོལ་བྱས་ཏེ། “དོན་དག་གཅིག”ལ་དོ་དམ་བཟང་བྱེད་པར་མདོ་དྲིལ་ནས་ཕྱོགས་བསྡུས་ཀྱིས་ལྟ་སྐུལ་དོ་དམ་བྱ་དགོས། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དོན་ཚན་གྱི་ཉེན་ཁར་དཔྱད་དཔོག་བྱེད་པར་ཤུགས་སྣོན་རྒྱག་པ་དང་། རིམ་པ་དང་རིགས་སྣ་བཀར་ནས་ལྟ་སྐུལ་དོ་དམ་བྱས་ཏེ། ཉེན་ཁ་ཆེ་བའི་མཚམས་ཚིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་སྤྱི་པའི་བདེ་འཇགས་ལ་འབྲེལ་བ་ཡོད་པ་དག་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ། བདེ་འཇགས་ཀྱི་མ་མཐའ་མཐའ་གཅིག་ཏུ་བསྲུང་དགོས། ཐོན་ལས་གསར་པ་དང་ལས་རྣམ་གསར་པར་ཁོང་ཡངས་དང་གཟབ་ནན་གྱིས་ལྟ་སྐུལ་དོ་དམ་བྱས་ཏེ། དེ་དག་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ཁྲིད་སྟོན་བྱེད་པ་དང་ཚད་ལྡན་དུ་གཏང་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་ལྟ་སྐུལ་དོ་དམ་ལས་སྟེགས་འཐུས་ཚང་བཟོ་བ་དང་། ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་གྱི་གཞི་གྲངས་ཆེན་པོ་མགྱོགས་མྱུར་ངང་ཆགས་པར་བྱེད་པ་དང་། ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་ཕྱོགས་བསྡུས་སྒོས་བེད་སྤྱོད་གཏོང་ཤུགས་ཇེ་ཆེ་རུ་བཏང་ནས། ལྟ་སྐུལ་དོ་དམ་གྱི་སྤུས་ཚད་དང་ལས་ཕྱོད་ཇེ་མཐོར་གཏང་དགོས། (རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་སྣེ་འཁྲིད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(ཉེར་གཉིས)སྲིད་འཛིན་ཁྲིམས་བསྟར་ལ་ཚད་ལྡན་ནན་མོ་བཟོ་དགོས། སྲིད་འཛིན་ཁྲུན་གཅོད་དབང་ཆའི་གཞི་ཐིག་ལམ་ལུགས་སྔར་བས་ཚད་ལྡན་དུ་གཏོང་བའི་མཛུབ་སྟོན་བསམ་འཆར་གཏན་ལ་ཕབ་ཅིང་དངོས་སུ་བཏོན་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྲིད་འཛིན་ཁྲུན་གཅོད་ཀྱི་རིགས་སྣ་དང་ཚད་ཐིག་ཁ་གསལ་བཟོ་བར་སྐུལ་འདེད་གཏོང་བ་དང་། སྤྱོད་འཐུས་གོ་རིམ་ཚད་ལྡན་བཟོ་བ་དང་། ཆད་པ་ཡང་དྲགས་པ་དང་ལྕི་དྲགས་པ་སོགས་ཚད་ལྡན་མིན་པའི་སྲིད་འཛིན་ཁྲིམས་བསྟར་གྱི་བྱ་སྤྱོད་ཡོ་བསྲང་བྱ་དགོས། ས་ཁུལ་སོ་སོས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་མཉེན་གཤིས་ཀྱི་ཁྲིམས་བསྟར་གསལ་ཐོ་དོ་དམ་ལམ་ལུགས་འཛུགས་པར་སྐུལ་མ་བཏང་ནས། ཁྲིམས་འགལ་གྱི་བྱ་སྤྱོད་ཆུང་རྩག་ལ་སྲིད་འཛིན་བཙན་ཤེད་ཀྱི་བྱེད་ཐབས་གཟབ་སྤྱོད་དང་ཉུང་སྤྱོད་བྱ་དགོས་ལ། བཀག་བཅུག་ལས་ཅི་ཡང་མི་བྱེད་པ་དང་དོ་དམ་གྱི་ཚབ་ཏུ་དངུལ་ཆད་གཅོད་པ་སྔོན་འགོག་བྱ་དགོས། (ཁྲིམས་འཛིན་པུའུ་ཡིས་སྣེ་འཁྲིད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

དགུ། འགན་སྲུང་བྱེད་ཐབས།

(ཉེར་གསུམ)ཁེ་ལས་དང་མང་ཚོགས་ཀྱིས་གདེང་འཇོག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ཁེ་ལས་དང་མང་ཚོགས་ཀྱི་ཐོབ་སྣང་དང་ཡིད་ཚིམ་ཚད་དེ་བཅོས་སྒྱུར་གྱི་ཕན་འབྲས་དཔྱད་འཇོག་བྱེད་པའི་ཚད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་དང་ཀྲུང་གོ་སྲིད་གཞུང་དྲ་བར་བརྟེན་ནས་ཁེ་ལས་དང་མང་ཚོགས་ཀྱིས་རྒྱལ་ཁབ་རིམ་པའི་བཅོས་སྒྱུར་བྱེད་ཐབས་ལ་གདེང་འཇོག་བྱེད་པའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་གཟུག་དགོས། གདེང་འཇོག་བྱས་འབྲས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་། དཔྱད་འཇོག་མི་ལེགས་པར་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ནས། གདེང་འཇོག་དང་། ལན་གློན། དག་ཐེར་བཅས་འབྲེལ་མཐུད་དམ་ཚགས་ཡིན་པའི་བྱ་བའི་འཁོར་གདུབ་ཆགས་སུ་བཅུག་སྟེ། མང་ཚོགས་ཐེ་ཞུགས་དང་། སྤྱི་ཚོགས་ཀྱིས་གདེང་འཇོག། ཁྲོམ་རས་ཁས་ལེན་བཅས་བྱེད་པ་བསྒྲུབ་ཐུབ་དགོས། ས་ཁུལ་སོ་སོས་ས་གནས་རིམ་པའི་བཅོས་སྒྱུར་བྱེད་ཐབས་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་བྱེད་པའི་རྐྱེན་སྲོལ་གཟུག་དགོས།

(ཉེར་བཞི)རྩ་འཛུགས་དང་ལག་བསྟར་ལ་ཤུགས་སྣོན་བརྒྱག་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཐོང་ཆེན་ཚད་མཐོ་བྱས་ཏེ། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། གློད་པས་གསོན་ཤུགས་རྒྱས་པ་དང་། བསྡམས་པས་དྲང་སྙོམས་ཡོང་བ། ཞབས་ཕྱིར་ལས་ཕྱོད་ཐོན་པ་བཅས་ཏན་ཏིག་བྱ་དགོས། དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ལག་བསྟར་ཇུས་གཞི་གཏན་ལ་འབེབས་པ་དང་། བྱེ་བྲག་གི་སྲིད་ཇུས་དང་བྱེད་ཐབས་དངོས་སུ་བཏོན་ནས། རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་ལྟ་སྐུལ་དང་མཛུབ་སྟོན་གནང་བར་ཤུགས་སྣོན་བརྒྱབ་ནས། བཅོས་སྒྱུར་གྱི་བྱེད་ཐབས་དག་དོན་ཐོག་ཏུ་འཁྱོལ་ཞིང་དམིགས་སུ་འབྱོར་བ་ཁག་ཐེག་བྱ་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2021ལོའི་ཟླ་4པའི་ཚེས་7ཉིན།