རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ།

རྒྱལ་གཞུང་སྤེལ〔2021〕ཨང7པ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་། ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

རྩྭ་ཐང་ནི་རང་རྒྱལ་གྱི་སྐྱེ་ཁམས་མ་ལག་དང་རང་བྱུང་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་དང་མཐའ་མཚམས་བརྟན་བརླིང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཡོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་སྤེལ་བྱེད་པ་སོགས་ཀྱི་ཐད་དུ་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱེད་ནུས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པ་དང་། རྩྭ་ཐང་གི་སྐྱེ་ཁམས་བསྟུད་མར་ཇེ་སྡུག་ཏུ་འགྲོ་བའི་གནས་བབ་ལ་ཐོག་མའི་གཏན་འགོག་ཐོབ་ཅིང་། ས་ཁུལ་ཁག་ཅིག་གི་རྩྭ་ཐང་སྐྱེ་ཁམས་མངོན་གསལ་སྒོས་ཉམས་གསོ་བྱུང་ཡོད། འོན་ཀྱང་དེང་སྐབས་རང་རྒྱལ་གྱི་རྩྭ་ཐང་སྐྱེ་ཁམས་མ་ལག་སྤྱི་ཡོངས་ནས་ད་དུང་ཉམས་ཞན་ཡིན་ལ། སྲུང་སྐྱོབ་ཉམས་གསོའི་ཤུགས་ཚད་མི་འདང་བ་དང་བེད་སྤྱོད་དོ་དམ་གྱི་ཆུ་ཚད་མི་མཐོ་བ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པའི་ནུས་ཤུགས་མི་འདང་བ། རྩྭ་ཐང་ཐོན་ཁུངས་ཀྱི་གཞི་གྲངས་མི་གསལ་བ་སོགས་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པས། རྩྭ་ཐང་སྐྱེ་ཁམས་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་ལ་སྔར་ལས་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིད་འཐད་བྱུང་བ་བརྒྱུད། ད་ལྟ་གཤམ་གྱི་བསམ་འཆར་འདི་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་བྱས་ཏེ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་དང་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ནི་ཚེ་སྲོག་གཞི་གཅིག་ཅན་ཡིན་པ་རྒྱུན་འཁྱོངས་བྱས་ཐོག གྲོན་ཆུང་སྔོན་ལ་བྱེད་པ་དང་སྲུང་སྐྱོབ་སྔོན་ལ་བྱེད་པ། རང་བྱུང་ཉམས་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་ལྟར། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་ལམ་ལུགས་འཐུས་ཚང་དང་རྩྭ་ཐང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་ལ་སྐུལ་འདེད་བྱེད་པ་གཙོ་ཐིག་བྱས་ཏེ། རྩྭ་ཐང་སྲུང་སྐྱོབ་དོ་དམ་ལ་ཤུགས་སྣོན་པ་དང་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་ལ་སྐུལ་འདེད་གཏོང་བ། རྩྭ་ཐང་ལུགས་དང་མཐུན་པར་བེད་སྤྱོད་གཏོང་བར་སྐུལ་སྤེལ་བྱེད་པ། རྩྭ་ཐང་སྐྱེ་ཁམས་གནས་བབ་ལེགས་སྒྱུར་བྱེད་པ། རྩྭ་ཐང་ས་ཁུལ་གྱི་ལྗང་མདོག་གོང་འཕེལ་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་དང་མཛེས་པའི་ཀྲུང་གོ་བསྐྲུན་པར་རྨང་གཞི་གལ་ཆེན་གདིང་དགོས།

(གཉིས) བྱ་བའི་རྩ་དོན།

རང་བྱུང་ལ་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་སྲུང་སྐྱོབ་སྔོན་ལ་བྱ་དགོས། སྐྱེ་ཁམས་མ་ལག་གི་འཕེལ་འགྱུར་ཆོས་ཉིད་ལ་བསྟུན་པ་དང་ནང་གི་རྐྱེན་རྩ་ལ་བརྩི་འཇོག་བྱས་ཏེ། རྩྭ་ཐང་གི་སོར་ཆུད་སྐྱེ་འཕེལ་ལ་སྐུལ་སྤེལ་བཏང་ནས། རང་བྱུང་སྐྱེ་ཁམས་མ་ལག་གི་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོང་བྱ་དགོས། ནགས་ལས་འཕྲོད་སར་ནགས་ལས་དང་རྩྭ་ལས་འཕྲོད་སར་རྩྭ་ལས་སྤེལ་ཏེ་ནགས་རྩྭ་གཉིས་ཕན་ཚུན་མཐུན་སྦྱོར་ངང་མཉམ་འདྲེས་བྱ་དགོས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། རྩྭ་ཐང་གི་སྐྱེ་ཁམས་བྱེད་ནུས་ཁྱོན་ཡོངས་ནས་སྲུང་སྐྱོང་དང་མཐོར་འདེགས་བྱ་དགོས།

མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ་ཁུལ་དབྱེ་ཇུས་བསྟར་བྱ་དགོས། ཕྱོགས་བསྡུས་བྱེད་ཐབས་ཀྱིས་རྩྭ་ཐང་སྐྱེ་ཁམས་མ་ལག་ཕྱོགས་ཡོངས་ནས་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པར་ཉམས་གསོ་བྱེད་པ་དང་མཉམ་དུ། ཡུལ་བབ་དང་བསྟུན་ཞིང་གཙོ་གནད་འབུར་ཐོན་གཙིགས་སུ་བཟུང་སྟེ། རྩྭ་ཐང་སྲུང་སྐྱོབ་དང་སླར་གསོའི་མ་ལག་རང་བཞིན་དང་ཁ་གཏད་རང་བཞིན། རྒྱུན་རིང་རང་བཞིན་ཇེ་དྲག་ཏུ་གཏང་དགོས།

ཚན་རིག་དང་མཐུན་པར་བེད་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ་ལྗང་མདོག་གོང་འཕེལ་དུ་གཏང་དགོས། སྲུང་སྐྱོབ་དང་བེད་སྤྱོད་གཉིས་ཀྱི་འབྲེལ་བ་ཡང་དག་པར་ཐག་བཅད་ནས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱས་པའི་རྨང་གཞིའི་སྟེང་དུ། ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ཐང་གི་ཐོན་ཁུངས་བེད་སྤྱད་དེ། རྩྭ་ཐང་ས་ཁུལ་དུ་ལྗང་མདོག་གོང་འཕེལ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་སྤེལ་གཏང་དགོས།

སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་དམངས་ཡོངས་ཞུགས་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་གཙོ་ཁྲིད་གོ་གནས་གསལ་ཐག་ཆོད་པར་བྱས་ཏེ། ནགས(རྩྭ)དཔོན་ལམ་ལུགས་དོན་འཁྱོལ་བྱ་དགོས་ཤིང་། རོང་འབྲོག་མང་ཚོགས་ཀྱི་བྱེད་པོའི་བྱེད་ནུས་ཧུར་ཐག་གིས་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་ཚོགས་ཡོངས་སུ་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་ནང་ཞུགས་པར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས།

(གསུམ) དམིགས་འབེན་གཙོ་བོ། 2025ལོར་སླེབས་དུས། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་ལམ་ལུགས་མ་ལག་གཞི་རྩའི་ཆ་ནས་གཟུག་དགོས་ཤིང་། རྩྭ་ཕྱུགས་བར་གྱི་འགལ་བ་མངོན་གསལ་སྒོས་སེལ་ཐུབ་པ་དང་། རྩྭ་ཐང་ཉམས་ཞན་དུ་འགྱུར་བའི་གནས་བབ་རྩ་བ་ནས་གཏན་འགོག་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད57%ཡས་མས་སུ་བརྟན་འཇགས་ཡོང་བར་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་གནས་བབ་བསྟུད་མར་ལེགས་སྒྱུར་གཏང་དགོས། 2035ལོར་སླེབས་དུས། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་ལམ་ལུགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། གཞི་རྩའི་ཆ་ནས་རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱེད་པ་དང་། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་ནུས་ལྡན་སྒོས་བཅོས་སྐྱོང་དང་ཉམས་གསོ་བྱས་ཏེ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད60%ཡས་མས་སུ་བརྟན་འཇགས་ཡོང་བར་བྱ་དགོས་ཤིང་། རྩྭ་ཐང་གི་སྐྱེ་ཁམས་བྱེད་ནུས་དང་ཐོན་སྐྱེད་བྱེད་ནུས་མཐོར་འདེགས་མངོན་གསལ་འབྱུང་བར་བྱས་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཁྲོད་ཀྱི་བྱེད་ནུས་གཟེངས་སུ་ཐོན་པར་བྱ་དགོས། དུས་རབས་འདིའི་དཀྱིལ་དུ་ཐོན་དུས། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་ཕྱོགས་ཡོངས་ནས་བཅོས་སྐྱོང་དང་ཉམས་གསོ་ཐུབ་དགོས་ལ། རྩྭ་ཐང་གི་སྐྱེ་ཁམས་མ་ལག་རེས་འཁོར་ལེགས་པོ་བྱུང་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱ་དགོས།

གཉིས། བྱ་བའི་བྱེད་ཐབས།

(བཞི) རྩྭ་ཐང་བརྟག་དཔྱད་མ་ལག་གཟུག་དགོས། རྩྭ་ཐང་བརྟག་དཔྱད་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། རྩྭ་ཐང་བརྟག་དཔྱད་རུ་ཁག་སྡེབ་སྒྲིག་དང་ལེགས་སྒྱུར་བྱས་ནས། རྩྭ་ཐང་བརྟག་དཔྱད་ལག་རྩལ་གྱི་ཚད་གཞི་མ་ལག་འཐུས་ཚང་དུ་བསྐྲུན་དགོས། རྒྱལ་ཡོངས་ཀྱི་རྒྱལ་དབང་ས་ཁོངས་བརྟག་དཔྱད་ཐེངས་གསུམ་པའི་རྨང་གཞིའི་སྟེང་དུ། རྩྭ་ཐང་གི་ཐོན་ཁུངས་ཆེད་དོན་བརྟག་དཔྱད་འོས་འཚམ་གྱིས་རྩ་འཛུགས་བྱས་ཏེ་སྤེལ་དགོས་ཤིང་། རྩྭ་ཐང་གི་རིགས་དང་དབང་གཏོགས། རྒྱ་ཁྱོན། ཁྱབ་ཚུལ། སྤུས་ཚད་དང་དེའི་བེད་སྤྱོད་ཀྱི་གནས་བབ་སོགས་གཞི་གྲངས་ཁྱོན་ཡོངས་ནས་བརྟག་དཔྱད་གསལ་བོར་བྱས་ནས། རྩྭ་ཐང་དོ་དམ་གྱི་གཞི་རྩའི་ཡིག་ཚགས་གཟུག་དགོས། (རང་བྱུང་ཐོན་ཁུངས་པུའུ་དང་རྒྱལ་ཁབ་ནགས་རྩྭ་ཅུས་གཉིས་ཀྱིས་འགན་འཁུར་དགོས)

(ལྔ) རྩྭ་ཐང་ལྟ་བཤེར་དཔྱད་འཇོག་མ་ལག་འཐུས་ཚང་དུ་གཏང་དགོས། རྩྭ་ཐང་ལྟ་བཤེར་དཔྱད་འཇོག་རུ་ཁག་དང་ལག་རྩལ། ཚད་གཞི་བཅས་ཀྱི་མ་ལག་འཐུས་ཚང་དུ་གཟུག་དགོས། རྩྭ་ཐང་ལྟ་བཤེར་དྲ་རྒྱའི་འཛུགས་སྐྲུན་ལ་ཤུགས་བསྣན་ཐོག རྒྱང་ཚོར་འཁོར་སྐར་སོགས་ཀྱི་གཞི་གྲངས་ཐོན་ཁུངས་བཀོལ་སྤྱོད་གང་ལེགས་བྱས་ཏེ། མཁའ་དབྱིངས་ས་གསུམ་གཞི་གཅིག་ཅན་གྱི་རྩྭ་ཐང་ལྟ་བཤེར་དྲ་རྒྱ་བཙུགས་ནས། རྩྭ་ཐང་ལ་འགུལ་རྣམ་ལྟར་ལྟ་བཤེར་བྱེད་པར་ཤུགས་བསྣན་དགོས། རྩྭ་ཐང་གི་ལྟ་བཤེར་དཔྱད་དཔོག་གཞི་གྲངས་མཉམ་བསྡུ་དང་དུས་གཏན་ནང་ཁྱབ་བསྒྲགས། ཆ་འཕྲིན་མཉམ་སྤྱོད་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རྩྭ་ཐང་བསྡོམས་རྩིས་ལ་ཤུགས་བསྣན་ནས། རྩྭ་ཐང་བསྡོམས་རྩིས་ཀྱི་དམིགས་ཚད་དང་ཐབས་བཀོད་འཐུས་ཚང་དུ་གཏང་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་བསྡོམས་རྩིས་ཅུས་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(དྲུག) རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བེད་སྤྱོད་འཆར་འགོད་སྒྲིག་བཟོ་བྱ་དགོས། ཡུལ་བབ་དང་བསྟུན་པ་དང་ཁུལ་བགོས་ཇུས་བསྟར་གྱི་རྩ་དོན་ལྟར། རྒྱལ་དབང་ས་ཁོངས་ཀྱི་བར་སྟོང་འཆར་འགོད་ལ་གཞི་བཅོལ་ནས། རྒྱལ་ཡོངས་ཀྱི་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བེད་སྤྱོད་ཀྱི་འཆར་འགོད་སྒྲིག་བཟོ་བྱས་ཏེ། རྩྭ་ཐང་གི་བྱེད་ནུས་ཁུལ་བགོ་དང་སྲུང་སྐྱོབ་དམིགས་འབེན། དོ་དམ་བྱེད་ཐབས་བཅས་གསལ་ཐག་ཆོད་པར་བྱ་དགོས། འབྲོག་པའི་གཞིས་ཆགས་ས་འོས་འཚམ་གྱིས་འཆར་འགོད་བྱས་ཏེ། གཞིས་ཆགས་སའི་ཉེ་འཁོར་གྱི་རྩྭ་ཐང་ཉམས་ཞན་དུ་འགྱུར་བའི་གནད་དོན་འབྱུང་བར་སྔོན་འགོག་བྱ་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་གོང་རིམ་གྱི་འཆར་འགོད་གཞིར་བཟུང་ནས། རང་སྲིད་འཛིན་མངའ་ཁོངས་ཀྱི་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བེད་སྤྱོད་ཀྱི་འཆར་འགོད་སྒྲིག་བཟོ་བྱེད་དགོས་པར་མ་ཟད་རྩ་འཛུགས་བྱས་ནས་ལག་བསྟར་བྱ་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(བདུན)རྩྭ་ཐང་གི་སྲུང་སྐྱོབ་ཤུགས་ཚད་ཆེ་རུ་གཏང་དགོས། གཞི་རྩའི་རྩྭ་ཐང་གི་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་རྩྭ་ཐང་གི་ཕྱུགས་ལས་བདེ་ཐང་ངང་གོང་སྤེལ་དུ་འགྲོ་བར་མཁོ་བའི་ཆེས་རྩ་བ་དང་ཆེས་གལ་ཆེན་གྱི་རྩྭ་ཐང་དབྱེ་གཅོད་ནི་གཞི་རྩའི་རྩྭ་ཐང་དུ་གཏན་འཁེལ་བྱས་ནས། སྔར་ལས་ནན་མོ་ཡིན་པའི་སྲུང་སྐྱོབ་དང་དོ་དམ་ལག་བསྟར་བྱེད་དགོས་ཤིང་། གཞི་རྩའི་རྩྭ་ཐང་གི་རྒྱ་ཁྱོན་མི་འཕྲི་བ་དང་སྤུས་ཚད་མི་ཕབ་པ། སྤྱོད་སྒོ་མི་འགྱུར་བར་ཁག་ཐེག་བྱ་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ལམ་ལུགས་དང་རྒྱལ་དབང་ས་ཁོངས་ཀྱི་ས་ཆའི་སྤྱོད་སྒོ་དོ་དམ་ལམ་ལུགས་དོན་འཁྱོལ་ནན་མོ་བྱ་དགོས། ཁྲིམས་བསྟར་ལྟ་སྐུལ་ཤུགས་ཚད་ཆེ་རུ་བཏང་སྟེ། རྩྭ་ཐང་མཉམ་འབྲེལ་ཁྲིམས་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཟུག་པ་དང་། རིགས་སྣ་ཚོགས་སྒོས་ཁྲིམས་འགལ་ངང་རྩྭ་ཐང་གི་སྐྱེ་ཁམས་ས་ཆ་བཙན་བཟུང་དང་རྩྭ་ཐང་གང་འདོད་དུ་སློག་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་དང་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས། རྩྭ་ཐང་གི་ཁྲིམས་བསྟར་འགན་འཁྲི་བདའ་འདེད་ལམ་ལུགས་འཐུས་ཚང་དུ་གཟུག་ནས། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་བཟོས་པའི་སྐྱིན་ཚབ་ལམ་ལུགས་དོན་འཁྱོལ་ནན་མོ་བྱ་དགོས། གཏེར་ཁ་སྔོག་འདོན་དང་ལས་གྲྭ་འཛུགས་སྐྲུན་སོགས་རྩྭ་ཐང་བསྡུ་བཟུང་སྤྱོད་གསུམ་གྱི་ཞིབ་བཤེར་མཆན་འགོད་དོ་དམ་ལ་ཤུགས་བསྣན་ནས། འགོ་ཁུངས་ནས་ཚོད་འཛིན་དང་དོན་གྱི་སྔ་རྗེས་སུ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་ཇེ་དྲག་ཏུ་གཏང་དགོས། གཞི་རྒྱ་ཅན་གྱི་གསོ་སྤེལ་ར་བ་སོགས་སྒྲོག་བཀོད་འཛུགས་སྐྲུན་གྱིས་རྩྭ་ཐང་བཟུང་བའི་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་དུ་གཏང་དགོས། ཕྱུགས་འགོག་རྩྭ་གསོ་དང་རྩྭ་ཕྱུགས་དོ་མཉམ་གྱི་ལམ་ལུགས་འཐུས་དུ་བཏང་ནས་དོན་འཁྱོལ་བྱས་ཏེ། ཚད་བརྒལ་ངང་ཕྱུགས་འཚོ་བ་དང་ཕྱུགས་འགོག་རྩྭ་གསོའི་སྐབས་སུ་སྲོལ་འགལ་ངང་ཕྱུགས་འཚོ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཐད་གཅོད་བྱ་དགོས། རྩྭ་ཕྱུགས་དོ་མཉམ་གྱི་དཔེ་སྟོན་རྫོང་བསྐྲུན་པར་རྩྭ་འཛུགས་བྱས་ཏེ། རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་བྱུང་བའི་ཉམས་མྱོང་དང་རྣམ་པ་སྤྱི་བསྡོམས་བྱས་ནས་ཁྱབ་བརྡལ་དུ་གཏང་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཞིང་ལས་ཞིང་སྡེ་པུའུ་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(བརྒྱད) རྩྭ་ཐང་གི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཐུས་ཚང་དུ་གཏང་དགོས། རྩྭ་ཐང་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་སྡེབ་སྒྲིག་དང་ལེགས་སྒྱུར་བྱས་ཏེ་བཙུགས་ནས། སྤྱི་ཡོངས་སྲུང་སྐྱོབ་དང་བར་ཁྱད་ཅན་ལྟར་དོ་དམ་བྱ་དགོས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཐོན་ཁུངས་གཏན་འཁེལ་ཐོ་འགོད་བྱས་ཏེ། རང་བྱུང་ཐོན་ཁུངས་ས་ཁུལ་གྱི་ལྟེ་བའི་སྲུང་སྐྱོབ་ཁུལ་དུ། རྩ་དོན་གྱི་སྟེང་ནས་མིས་འགུལ་སྐྱོད་བྱེད་མི་ཆོག རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྤྱིར་བཏང་གི་ཚོད་འཛིན་ཁུལ་དང་རྩྭ་ཐང་གི་རང་བྱུང་སྤྱི་གླིང་དུ། བཀག་རྒྱ་གསལ་ཐོ་ལྟར་དོ་དམ་བྱ་དགོས་ཤིང་། ཐོན་སྐྱེད་འཚོ་བ་དང་ཡུལ་སྐོར་སོགས་ཀྱི་བྱ་འགུལ་ཚད་ལྡན་དུ་བཏང་ཞིང་། རྩྭ་ཐང་སྐྱེ་ཁམས་མ་ལག་གི་འཐུས་ཚང་རང་བཞིན་དང་མཐིལ་སྦྲེལ་རང་བཞིན་ལ་ཤུགས་བསྣན་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་གནས་དང་སྐྱེ་འཕེལ་ལ་བར་སྟོང་ཉར་འཇོག་བྱས་ཏེ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ནུས་ལྡན་སྒོས་སྲུང་སྐྱོབ་བྱ་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(དགུ) རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་ལ་སྐུལ་འདེད་མགྱོགས་སུ་གཏང་དགོས། རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་བྱས་ཏེ། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་གི་སྔོ་ཁེབས་དང་ས་གཤིན་ཉམས་གསོ་མགྱོགས་སུ་བཏང་ནས། རྩྭ་ཐང་གི་སྐྱེ་ཁམས་བྱེད་ནུས་དང་ཐོན་སྐྱེད་བྱེད་ནུས་མཐོར་འདེགས་གཏང་དགོས། ཕྱུགས་ཟོག་ཚད་བརྒལ་ཚབས་ཆེན་བྱུང་བའི་ས་ཁུལ་དུ། རྩྭ་བཀག་ཉམས་གསོ་དང་རྨོ་བསྐྱུར་གསབ་འདེབས། ས་སོབ་ལུད་འཇོག བྱི་འབུའི་གནོད་པ་འགོག་བཅོས་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྩྭ་ཐང་གི་སྔོ་ཁེབས་ཉམས་གསོ་ལ་སྐུལ་སྤེལ་གཏང་དགོས། ས་རྒོད་སློག་ཟིན་པའི་རྩྭ་ཐང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བཀོད་པའི་ཁྱབ་ཁོངས་དང་གཞི་རྒྱ་ལྟར། འཆར་གཞི་ཡོད་པའི་སྒོ་ནས་རྨོ་བསྐྱུར་རྩྭ་འདེབས་བྱ་དགོས། ས་ཆུའི་ཆ་རྐྱེན་འཚམ་པའི་ས་ཁུལ་དུ། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བྱེད་དགོས་ཤིང་། མིས་བཟོས་རྩྭ་ར་བསྐྲུན་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས། རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་ཉམས་གསོ་བྱེད་པ་དང་། སྤུས་ལེགས་གཟན་རྩྭ་གསོག་གྲབས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་དང་རྩྭ་ཐང་གི་ཕྱུགས་ལས་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་དུ་འགྲོ་བ་ཕན་ཚུན་མཐུན་སྦྱོར་ངང་མཉམ་དུ་འདྲེས་པར་སྐུལ་སྤེལ་གཏང་དགོས། རྩྭ་ཐང་གི་སྐྱེ་དངོས་ཀྱི་གནོད་པར་ལྟ་བཤེར་སྔོན་བརྡ་གཏོང་ཤུགས་ཇེ་ཆེར་བཏང་ཞིང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་དང་ཕྱི་ཡོང་དངོས་རིགས་ཀྱི་འགོག་བཅོས་ལ་ཤུགས་བསྣན་ནས། ལྗང་མདོག་གི་འགོག་བཅོས་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏང་དགོས། རྩྭ་ཐང་གི་མེ་སྐྱོན་ཐོལ་བྱུང་དོན་རྐྱེན་གྱི་འཚུབ་ཟློག་སྔོན་ཇུས་འཐུས་ཚང་དུ་བཏང་ནས། རྩྭ་ཐང་གི་མེ་སྐྱོན་གྱི་གནས་བབ་ལ་ལྟ་བཤེར་སྔོན་བརྡ་དང་མེ་སྐྱོན་འགོག་སྡོམ་ལ་ཤུགས་བསྣན་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རང་བྱུང་ཐོན་ཁུངས་པུའུ། འཚུབ་ཟློག་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཞིང་ལས་ཞིང་སྡེ་པུའུ་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ) ནགས་རྩྭའི་སྐྱེ་ཁམས་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏང་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཡོངས་སུ་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བླང་བྱ་དང་། ནགས་ལས་འཕྲོད་སར་ནགས་ལས་དང་རྩྭ་ལས་འཕྲོད་སར་རྩྭ་ལས་སྤེལ་བ། ས་རྒོད་འཕྲོད་སར་ས་རྒོད་དུ་ལུས་པ་བཅས་ཀྱི་རྩ་དོན་ལྟར། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོབ་ཉམས་གསོ་དང་ཉམས་ཞན་དུ་འགྱུར་ཅན་གྱི་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏང་དགོས། ཐན་ཁུལ་དང་ཕྱེད་ཐན་ཁུལ་གྱི་ས་ཁུལ་དུ། ཆུ་ལ་བརྟེན་ནས་ལྗང་མདོག་འབྱུང་བ་རྒྱུན་འཁྱོངས་དང་། རྩྭ་དང་སྡོང་ཕྲན་གཙོ་བོ་བྱེད་པ་དང་ནགས་རྩྭ་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་ནས་རྩི་ཏོག་ཉམས་གསོ་བྱས་ཏེ། སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་ཇེ་དྲག་ཏུ་གཏང་དགོས། ནགས་རྩྭ་མཉམ་འདྲེས་ཀྱི་རྒྱུད་དུ། ནགས་རྩྭ་འདྲེས་སྦྱོར་གྱི་རྩི་ཏོག་བསྐྲུན་ནས། གཅིག་བསྡུས་ཡུག་འབྲེལ་དང་སྟུག་ཚད་མཐོ་བའི་སྒོ་ནས་སྡོང་འཛུགས་བྱེད་པའི་ཐད་ནན་བཤད་ཐག་དྲགས་པར་གཡོལ་དགོས། ནགས་ཚལ་གྱི་ཁུལ་དུ་ནགས་གསེབ་དང་ནགས་མཐའི་རྩྭ་ས་འོས་འཚམ་གྱིས་སོར་འཇོག་བྱས་ནས། ནགས་ས་དང་རྩྭ་ས་མཉམ་དུ་འདྲེས་པའི་ཁྱབ་རྒྱའི་འདྲེས་སྦྱོར་སྐྱེ་ཁམས་མ་ལག་གྲུབ་པར་བྱ་དགོས། རྩྭ་ཐང་གི་ཁུལ་དུ་སྐྱེ་ཁམས་མ་ལག་ཉམས་ཞན་དང་སྐྱེ་ཁམས་གནས་ཡུལ་གཙོ་བོའི་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་དག་ལ། སྐྱེ་ཁམས་ཉམས་གསོ་དང་སྲུང་སྐྱོབ་དོ་དམ་ལ་ཤུགས་བསྣན་ནས། སྐྱེ་ཁམས་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། ནགས་རྩྭའི་ཁེབས་ཚད་ཀྱི་དམིགས་ཚད་ལ་ཞིབ་འཇུག་བྱས་ནས་སྒྲིག་བཀོད་བྱས་ཏེ། ས་གནས་སོ་སོའི་སྐྱེ་ཁམས་འཛུགས་སྐྲུན་གྱི་ཕན་འབྲས་ལ་དཔྱད་དཔོག་དཔྱད་འཇོག་བྱེད་པར་བཀོལ་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས་འགན་འཁུར་དགོས)

(བཅུ་གཅིག)རྩྭ་སོན་ལས་རིགས་ཤུགས་ཆེན་པོས་གོང་འཕེལ་དུ་གཏང་དགོས། རྒྱལ་ཁབ་ཀྱི་རྩྭ་སོན་སྤུས་ལེགས་ཐོན་ཁུངས་སྲུང་སྐྱོབ་དང་བཀོལ་སྤྱོད་ཀྱི་མ་ལག་འཐུས་ཚང་དུ་བསྐྲུན་ནས། ས་གནས་ཀྱིས་རྩྭ་སོན་སྤུས་ལེགས་ཐོན་ཁུངས་ལ་ཡོངས་ཁྱབ་ཏུ་ཞིབ་བཤེར་བྱེད་པར་སྐུལ་མ་གཏོང་བ་དང་། རྩྭ་སོན་སྤུས་ལེགས་ཐོན་ཁུངས་མཛོད་དང་ཐོན་ཁུངས་ཀྱི་ས་དང་གདོད་མའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་བཅས་གཞི་གཅིག་ཅན་གྱི་གསོད་འཇོག་མ་ལག་གཟུག་དགོས་ཤིང་། རྩྭ་སོན་སྤུས་ལེགས་ཐོན་ཁུངས་བསྡུ་རུབ་གསོག་འཇོག་དང་དཔྱག་འཇོག་དབྱེ་གཅོད། གསར་སྐྲུན་བེད་སྤྱོད་དང་ཆ་འཕྲིན་མཉམ་སྤྱོད་བཅས་ཀྱི་ལག་རྩལ་མ་ལག་འཐུས་ཚང་དུ་གཏང་དགོས། རྩྭ་སོན་སྤུས་ལེགས་སྟེ་ཁྱད་པར་དུ་རང་ཡུལ་གྱི་སྤུས་ལེགས་རྩྭ་སོན་འདེམས་གསོ་དང་རྒྱ་བསྐྱེད། གྲབས་གསོག ཁྱབ་བརྡལ་བེད་སྤྱོད་ལ་ཤུགས་བསྣན་ནས། རྩྭ་སོན་གྱི་རང་མཁོ་རང་སྤྲོད་ཚད་མུ་མཐུད་དུ་ཇེ་མཐོར་གཏང་དགོས་ཤིང་། རྩྭ་ཐང་སྐྱེ་ཁམས་ཉམས་གསོར་བཀོལ་བའི་རྩྭ་སོན་གྱི་དགོས་མཁོ་བསྐང་དགོས། རྩྭའི་རིགས་རྒྱུད་ཀྱི་ཞིབ་བཤེར་གཏན་འབེབས་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྩྭ་སོན་སྤུས་ཀར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས་འགན་འཁུར་དགོས)

(བཅུ་གཉིས) རྩྭ་ཐང་གི་ཐོན་ཁུངས་ལུགས་དང་མཐུན་པར་བེད་སྤྱོད་གཏང་དགོས། འབྲོག་ཁུལ་ནས་རྩྭ་ཕྱུགས་དོ་མཉམ་ཡོང་བ་དམིགས་འབེན་དུ་བརྩིས་ནས། ཕྱུགས་ཁྱུའི་སྒྲིག་གཞི་ལེགས་སྒྱུར་དང་། ཕྱུགས་འཚོ་ཐེངས་དང་ཕྱུགས་གྲངས་ལ་ཚོད་འཛིན་བྱས་ནས། ཚན་རིག་ལྟར་ཕྱུགས་གསོ་བ་དང་ཕྱུགས་འཚོ་བའི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རང་བྱུང་རྩྭ་ཐང་དུ་ཕྱུགས་འཚོ་བའི་གནོན་ཤུགས་ཇེ་ཡང་དུ་གཏང་དགོས། རོང་མ་འབྲོག་ཁུལ་ནས་ཡུལ་བབ་དང་བསྟུན་ནས་ལོ་མང་བོར་སྐྱེས་པའི་མི་བཟོས་རྩྭ་ས་བསྐྲུན་ཏེ་གཞི་རྒྱ་འོས་འཚམ་གྱི་བདག་གཉེར་གོང་འཕེལ་དུ་གཏང་དགོས། རོང་ཁུལ་ནས་རྨོ་བསྐྱུར་རྩྭ་འདེབས་དང་རྩྭ་ཞིང་རེས་འཁོར་སོགས་ཀྱི་བྱ་བ་ཟུང་འབྲེལ་བྱས་ནས། མིས་བཟོས་རྩྭ་ས་ཤུགས་ཆེན་པོས་གོང་འཕེལ་དུ་གཏོང་བ་དང་། གཟན་རྩྭའི་འདོན་སྤྲོད་ནུས་ཤུགས་ཇེ་མཐོར་བཏང་སྟེ། གཞི་རྒྱ་ཅན་དང་ཚད་གཞི་ཅན་གྱི་གསོ་སྤེལ་གོང་འཕེལ་དུ་གཏང་དགོས། སྲོལ་རྒྱུན་གྱི་རྩྭ་ཐང་གི་ཕྱུགས་ལས་ཐོན་སྐྱེད་རྣམ་པ་མགྱོགས་མྱུར་ངང་བསྒྱུར་ནས། འབྲོག་ཁུལ་དང་རོང་མ་འབྲོག་ཁུལ། རོང་ཁུལ་བཅས་ཀྱི་ཐོན་ཁུངས་སྒྲིག་བཀོད་ལེགས་སྒྱུར་བཏང་ནས། “འབྲོག་ཁུལ་དུ་རྒྱུད་སྤེལ་བྱེད་པ་དང་རོང་ཁུལ་དུ་སྡོམ་གསོ་རྒྱག་པ”སོགས་ཀྱི་ཐོན་སྐྱེད་རྣམ་པ་ཁྱབ་སྤེལ་དུ་བཏང་སྟེ། ཐོན་ཁུངས་བེད་སྤྱོད་ཀྱི་ནུས་ཕྱོད་ཇེ་མཐོར་གཏང་དགོས། དེང་རབས་རྩྭ་ལས་གོང་འཕེལ་དུ་གཏོང་བ་དང་། རྩྭའི་ཐོན་རྫས་ལས་སྣོན་ལས་རིགས་གོང་འཕེལ་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རྩྭའི་ཐོན་རྫས་ཀྱི་སྤུས་ཀའི་ཚད་གཞི་མ་ལག་འཐུས་ཚང་དུ་གཟུག་དགོས། རོང་འབྲོག་པར་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། རྩྭ་ཐང་ལ་ཚན་རིག་ལྟར་སྲུང་སྐྱོབ་དང་ལུགས་དང་མཐུན་པར་བེད་སྤྱོད་གཏོང་བའི་ནུས་ཤུགས་ཆུ་ཚད་ཇེ་དྲག་ཏུ་གཏང་དགོས། (ཞིང་ལས་ཞིང་སྡེ་པུའུ་དང་རྒྱལ་ཁབ་ནགས་རྩྭ་ཅུས་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་གསུམ) རྩྭ་ཐང་འགན་གཙང་ལེན་བྱས་ཏེ་བདག་གཉེར་བྱེད་པའི་ལམ་ལུགས་འཐུང་ཚང་དུ་གཏང་དགོས། རྩྭ་ཐང་གི་བདག་དབང་གཏན་འཁེལ་གྱི་ཐོ་འགོད་འཛིན་ཡིག་སྟེར་བར་མགྱོགས་མྱུར་ངང་སྐུལ་སྤེལ་བཏང་ནས། རོང་འབྲོག་གི་ས་ཁུལ་ནས་རྩྭ་ཐང་འགན་གཙང་ལེན་གྱི་ས་ཆའི་མཐའ་བཞི་གསལ་བོ་མིན་པ་དང་དཔང་ཡིག་དང་ས་ཆ་མི་འཕྲོད་པ། སྣོལ་འཛིང་རིམ་བརྩེགས་སོགས་ཀྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱ་དགོས། རྩྭ་ཐང་གི་རྒྱ་ཁྱོན་ཆུང་བ་དང་སིལ་ཐོར་ཁྱབ་རྒྱ་ཆེ་བའི་ས་ཁུལ་ནས། ཡུལ་བབ་དང་བསྟུན་ནས་སྟབས་བསྟུན་སྣ་མང་གི་བྱེད་ཐབས་སྤྱད་དེ་རྩྭ་ཐང་འགན་གཙང་ལེན་བྱས་ཏེ་བདག་གཉེར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་འགན་འཁྲི་བྱེད་པོ་གསལ་ཐག་གཅད་དགོས། རྩྭ་ཐང་འགན་གཙང་ལེན་གྱིས་བདག་གཉེར་དོ་དམ་ལ་ཤུགས་བསྣན་ནས། བདག་དབང་དང་སྤྱོད་དབང་གསལ་ཐག་གཅད་དགོས་ལ། འགན་གཙང་ལེན་གྱི་དབང་ཆ་བརྟན་འཇགས་སུ་བཏང་སྟེ་བདག་གཉེར་དབང་ཆ་འཁྲུག་པོ་ཡོང་བར་བྱ་དགོས། རྩྭ་ཐང་བདག་གཉེར་དབང་ཆ་འཁོར་སྒྱུར་ཚད་ལྡན་དུ་བཏང་ནས། ཕྱུགས་འཚོ་བའི་མ་ལག་སྡེ་ཚན་དུ་མཉམ་ལས་བདག་གཉེར་བྱེད་པར་སྣེ་ཁྲིད་དང་སྐུལ་མ་བཏང་སྟེ། རྩྭ་ཐང་ལུགས་དང་མཐུན་པར་བདག་གཉེར་དང་བེད་སྤྱོད་ཆུ་ཚད་ཇེ་མཐོར་གཏང་དགོས། རྩྭ་ཐང་འགན་གཙང་ལེན་བྱས་ཏེ་བདག་གཉེར་བྱེད་པའི་ལམ་ལུགས་དོན་འཁྱོལ་དང་བདག་གཉེར་དབང་ཆ་འཁོར་སྒྱུར་ཚད་ལྡན་དུ་གཏོང་བའི་སྐབས་སུ། རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་འཐུས་ཚང་རང་བཞིན་ལ་བསམ་གཞིགས་གང་ལེགས་བཏང་སྟེ། རྩྭ་ཐང་སིལ་འཐོར་ཅན་དུ་འགྱུར་བར་སྔོན་འགོག་བྱ་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རང་བྱུང་ཐོན་ཁུངས་པུའུ་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་བཞི) རྒྱལ་དབང་རྩྭ་ཐང་གི་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་གཏོང་བའི་ལམ་ལུགས་བཅོས་སྒྱུར་བརྟན་འཇགས་ངང་སྐུལ་སྤེལ་གཏང་དགོས། རྒྱལ་དབང་རྩྭ་ཐང་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་གཏོང་བའི་ཁྱབ་ཁོངས་ལུགས་དང་མཐུན་པར་གཏན་འཁེལ་བྱ་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩྭ་འཛུགས་ཀྱི་ཁོངས་མིས་ཁྱིམ་ཚང་ངམ་ཁྱིམ་ཚང་མཉམ་འབྲེལ་གྱི་འགན་གཙང་ལེན་བྱེད་སྟངས་ལག་བསྟར་བྱས་ཏེ་བདག་གཉེར་བེད་སྤྱོད་གཏོང་བའི་རྒྱལ་དབང་རྩྭ་ཐང་དེ། རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་པའི་ཁྱབ་ཁོངས་སུ་བསྡུ་ལེན་མི་བྱེད་མོད། འོན་ཀྱང་བེད་སྤྱོད་མཁན་གྱིས་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་གསལ་ཐག་ཆོད་པར་བྱ་དགོས། རྒྱལ་དབང་རྩྭ་ཐང་གི་བདག་དབང་ཚབ་གཉེར་ལག་བསྟར་བྱེད་པོ་དང་སྤྱོད་དབང་མཁན་གསལ་ཐག་ཆོད་པའི་གན་རྒྱ་གཞག་དགོས་པར་མ་ཟད་ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན་དོན་འཁྱོལ་བྱ་དགོས། རྒྱལ་དབང་རྩྭ་ཐང་གི་བདག་པོའི་ཁེ་དབང་གི་ནུས་ལྡན་མངོན་འགྱུར་རྣམ་པ་འཚོལ་ཞིབ་དང་གསར་སྐྲུན་བྱས་ཏེ། རྒྱལ་དབང་རྩྭ་ཐང་བདག་དབང་ཚབ་གཉེར་ལག་བསྟར་བྱེད་པོས་བོགས་དངུལ་དང་ཁྱད་དབང་བདག་གཉེར་རིན། བདག་གཉེར་ཡོང་འབབ་བགོ་བྱ་སོགས་ཀྱི་རྣམ་པས་རིན་དོད་ཡོད་པའི་བེད་སྤྱོད་རིན་བསྡུ་ལེན་བྱ་དགོས་པར་མ་ཟད། ཡོང་འབབ་དབྱེ་བགོས་རྐྱེན་སྲོལ་གཟུག་དགོས། རིན་དོད་ཡོད་པའི་བེད་སྤྱོད་གནས་ཚུལ་དེ་ལོ་འཁོར་གྱི་རྒྱལ་དབང་མ་རྩའི་སྙན་ཞུ་ནང་བསྡུ་ལེན་བྱ་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རང་བྱུང་ཐོན་ཁུངས་པུའུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(བཅོ་ལྔ) རྩྭ་ཐང་ས་ཁུལ་གྱི་ལྗང་མདོག་གོང་འཕེལ་ལ་སྐུལ་འདེད་གཏང་དགོས། རྩྭ་ཐང་གི་ཐོན་ཁུངས་ཀྱི་སྣ་མང་བྱེད་ནུས་བེད་སྤྱོད་ལ་ཚན་རིག་ལྟར་སྐུལ་སྤེལ་བཏང་ནས། ལྗང་མདོག་ཐཱན་དམའི་ཐོན་ལས་མགྱོགས་མྱུར་ངང་གོང་འཕེལ་དུ་གཏང་དགོས་ཤིང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་བརྒྱུད་ལམ་ཧུར་ཐག་སྒོས་ཇེ་མང་དུ་གཏང་དགོས། རྩྭ་ཐང་གི་སྐྱེ་ཁམས་དང་རིག་གནས་བྱེད་ནུས་འདོན་སྤེལ་གང་ལེགས་བཏང་ནས། རྩྭ་ཐང་གི་ཡུལ་སྐོར་ལྗོངས་ཁུལ་དང་སྤྲོ་གསེང་གནས། ཡུལ་སྐོར་ལམ་ཐིག་སྤུས་ལེགས་ཁག་ཅིག་བསྐྲུན་ཏེ། རྩྭ་ཐང་ཡུལ་སྐོར་དང་སྐྱེ་ཁམས་ལུས་གསོའི་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏང་དགོས། རྩྭ་ཐང་ས་ཁུལ་གྱི་ཡོང་འབབ་དམའ་བའི་མི་གྲངས་ཀྱིས་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཟབ་ཞུགས་བྱས་ནས་ཡོང་འབབ་འཕར་བར་སྣེ་འཁྲིད་དང་རྒྱབ་སྐྱོར་བྱ་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

གསུམ། འགན་སྲུང་བྱེད་ཐབས།

(བཅུ་དྲུག) ཚན་རྩལ་གྱིས་འདེགས་སྐྱོར་ནུས་ཤུགས་མཐོར་འདེགས་སུ་གཏང་དགོས། རྒྱལ་ཁབ་ཚན་རྩལ་འཆར་གཞི་བརྒྱུད་ནས། རྩྭ་ཐང་གི་ཚན་རྩལ་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་གནད་དོན་ཆེན་པོར་ཞིབ་འཇུག་བྱས་ཏེ། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་གི་ཉམས་གསོ་བཅོས་སྐྱོང་དང་སྐྱེ་ཁམས་མ་ལག་བསྐྱར་འཛུགས། སྐྱེ་ཁམས་ཞབས་ཕྱིའི་རིན་ཐང་དཔྱད་དཔོག ཤེས་རིག་རྩྭ་ཐང་འཛུགས་སྐྲུན་སོགས་ཀྱི་ཐད་དུ་གང་མགྱོགས་སྒོས་ཐོད་བརྒལ་བྱུང་དུ་བཅུག་ནས། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་ཐད་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པའི་ནུས་ཤུགས་མི་འདང་བའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱ་དགོས། རྩྭའི་རིགས་སྣ་འདེམས་གསོ་དང་རྩྭ་སོན་ཐོན་སྐྱེད། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་གི་སྔོ་ཁེབས་ཉམས་གསོ། མིས་བཟོས་རྩྭ་ས་འཛུགས་སྐྲུན། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་སོགས་ཀྱི་གནད་འགག་ལག་རྩལ་དང་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ཁྱབ་བརྡལ་དུ་གཏོང་བར་ཤུགས་གདོན་དགོས། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་ལག་རྩལ་ཚད་གཞི་མ་ལག་འཐུས་ཚང་དུ་གཟུག་དགོས། རྩྭ་ཐང་གི་རིག་ཚན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་ཆེད་ལས་འཇོན་མི་གསོ་སྐྱོང་ལ་ཤུགས་གདོན་དགོས། རྩྭ་ཐང་གི་གཙོ་གནད་ཚོད་བཤེར་ཁང་དང་རྒྱུན་རིང་གི་ཚན་རིག་ཞིབ་འཇུག་རྟེན་གཞི། གནས་འཁེལ་ལྟ་བཤེར་ས་ཚིགས། གསར་སྐྲུན་མནའ་འབྲེལ་སོགས་ཀྱི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཐོན་སློབ་ཞིབ་གསུམ་དང་ཁྱབ་བརྡལ་བེད་སྤྱོད་བཅས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཏེ། རྩྭ་ཐང་གི་ཚན་རྩལ་གྲུབ་འབྲས་བསྒྱུར་བའི་ཕྱོད་ནུས་ཇེ་མཐོར་གཏང་དགོས། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་རྒྱལ་སྤྱིའི་མཉམ་ལས་དང་བརྗེ་རེས་ལ་ཤུགས་བསྣན་ནས། གོ་ལ་ཧྲིལ་བོའི་སྐྱེ་ཁམས་བཅོས་སྐྱོང་ལ་ཧུར་ཐག་གིས་ཟབ་ཞུགས་བྱ་དགོས། (ཚན་རྩལ་པུའུ་དང་སློབ་གསོ་པུའུ། རྒྱལ་ཁབ་ནགས་རྩྭ་ཅུས་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་བདུན) བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏང་དགོས། རྩྭ་ཐང་གི་བཅའ་ཁྲིམས་བཟོ་བཅོས་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། གཞི་རྩའི་རྩ་ཐང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་གཏན་འཁེལ་ཞིབ་འཇུག་གཏན་འབེབས་བྱས་ཏེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་དང་བཟོ་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཟུག་དགོས། རྩྭ་ཐང་གི་བཅའ་ཁྲིམས་ཁྲིམས་སྲོལ་ལག་ལེན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་འགལ་ཐེར་འདོན་གོང་ཞུ་དང་གྱོད་དོན་སྒྲུབ་སྐུལ་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། རྩྭ་ཐང་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏང་དགོས། རྩྭ་ཐང་གི་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། རྩྭ་ཐང་ལ་གཏོར་བརླག་བྱེད་པའི་ཉེས་བསགས་བྱ་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་གཅད་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཁྲིམས་འཛིན་པུའུ། སྤྱི་བདེ་པུའུ་སོགས་ཀྱི་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(བཅོ་བརྒྱད) སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏང་དགོས། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་ནོར་སྲིད་ཀྱི་གཏོང་སྒོ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དུ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཇེ་ཆེར་གཏང་དགོས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་དང་འབྲེལ་ཡོད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དེ་གཞི་རྩའི་འཛུགས་སྐྲུན་གྱི་འཆར་འགོད་ནང་བསྡུ་ལེན་བྱས་ཏེ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། རྩྭ་ཐང་གི་སྐྱེ་ཁམས་རིན་ཐང་དཔྱད་དཔོག་དང་རྒྱུ་ནོར་ཞིབ་རྩིས་ལ་འཚོལ་ཞིབ་བྱ་དགོས། དངུལ་རྩའི་ལས་ཁུངས་ཀྱིས་རྩྭ་ཐང་གི་ཁྱད་ཆོས་དང་འཚམ་པའི་དངུལ་རྩའི་ཐོན་རྫས་གསར་འཛུགས་བྱེད་པར་སྐུལ་མ་བཏང་ནས། དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ས་གནས་ཀྱིས་རྩྭ་ཐང་གི་སྲིད་ཇུས་རང་བཞིན་གྱི་ཉེན་འགོག་འགན་བཅོལ་ཚོད་ལྟ་ལ་འཚོལ་ཞིབ་བྱ་དགོས། སྤྱི་ཚོགས་མ་དངུལ་གྱིས་རྩྭ་ཐང་སྲུང་སྐྱོབ་ཐེབས་རྩ་འཛུགས་པར་སྐུལ་མ་བཏང་ནས། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་ནང་ཟབ་ཞུགས་བྱེད་དུ་འཇུག་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རྒྱལ་ཁབ་བཅོས་སྒྱུར་འཕེལ་རྒྱས་ཨུ་ལྷན། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཞིང་ལས་ཞིང་སྡེ་པུའུ། ཆུ་བེད་པུའུ། མི་དམངས་དངུལ་ཁང་། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུ་ལྷན་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་དགུ) དོ་དམ་རུ་ཁག་འཛུགས་སྐྱོང་ལ་ཤུགས་གདོན་དགོས། གཞི་རིམ་གྱི་རྩྭ་ཐང་དོ་དམ་དང་ལག་རྩལ་ཁྱབ་བརྡལ་རུ་ཁག་སྔར་ལས་བསྡུ་རུབ་བྱས་ཏེ་ཇེ་དྲག་དང་བརྟན་འཇགས་སྟོབས་ལྡན་བཅས་སུ་བཏང་ནས། ལྟ་སྐུལ་དོ་དམ་དང་སྤྱི་པའི་ཞབས་ཕྱིའི་ནུས་ཤུགས་མཐོར་འདེགས་སུ་གཏང་དགོས། གཙོ་གནད་རྩྭ་ཐང་ས་ཁུལ་དུ་རྩྭ་ཐང་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་ལ་ཤུགས་བསྣན་ནས། ཁྲིམས་འཛིན་མི་སྣའི་གསོ་སྦྱོང་ལ་ཤུགས་འདོན་པ་དང་། ཁྲིམས་བསྟར་ལྟ་སྐུལ་ནུས་ཤུགས་མཐོར་འདེགས་སུ་གཏང་དགོས། རྩྭ་ཐང་ལྟ་སྐྱོང་བའི་རུ་ཁག་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་བསྣན་ནས་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས། སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་རྩ་འཛུགས་གོང་འཕེལ་ལ་རྒྱབ་སྐྱོར་བྱས་ཏེ། རྩྭ་ཐང་ཆེད་ལས་རིག་གཞུང་ཚོགས་པ་དང་མཐུན་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱིས་སྲིད་ཇུས་འདྲི་རྟོག་དང་ཆ་འཕྲིན་ཞབས་ཕྱི། ཚན་རྩལ་ཁྱབ་བརྡལ། ལས་རིགས་རང་གཅུན་སོགས་ཐད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས། (རྒྱལ་ཁབ་ནགས་རྩྭ་ཅུས་དང་རང་བྱུང་ཐོན་ཁུངས་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། དམངས་སྲིད་པུའུ་སོགས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས)

བཞི། རྩ་འཛུགས་མགོ་ཁྲིད།

(ཉི་ཤུ)རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱ་བའི་མགོ་ཁྲིད་ལ་ཤུགས་གདོན་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངོས་འཛིན་སྔར་ལས་ཇེ་མཐོར་བཏང་ཐོག རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱ་བ་དངོས་གནས་གོ་གནས་གལ་ཆེན་དུ་བཞག་སྟེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བཀོད་སྒྲིག་བཀོད་འདོམས་ཞིབ་ཚགས་བྱས་ཏེ། གྲུབ་འབྲས་ངོ་མ་ལེན་པར་ཁག་ཐེག་བྱ་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་མངའ་ཁོངས་ཀྱི་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱ་བར་སྤྱི་འགན་འཁུར་བ་དང་། གྲོང་ཁྱེར(ས་གནས་དང་ཁུལ། མནའ་འབྲེལ)དང་རྫོང(གྲོང་ཁྱེར་དང་ཆུས། ཆི)མི་དམངས་སྲིད་གཞུང་གི་དམིགས་འབེན་འགན་འཁྲི་ལམ་ལུགས་ལག་བསྟར་བྱ་དགོས། རྩྭ་ཐང་འགན་གཙང་ལེན་གྱིས་བདག་གཉེར་དང་གཞི་རྩའི་རྩྭ་ཐང་སྲུང་སྐྱོབ། རྩྭ་ཕྱུགས་དོ་མཉམ། རྩྭ་བཀག་ཕྱུགས་བསྐྱུར་སོགས་ཀྱི་ལམ་ལུགས་དོན་འཁྱོལ་གནས་ཚུལ་དེ་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ལོ་འཁོར་དམིགས་འབེན་དཔྱད་དཔོག་ནང་བསྡུ་ལེན་བྱས་ཏེ། དཔྱད་དཔོག་དམིགས་ཚད་ཞིབ་ཚགས་དང་ས་གནས་ཀྱི་འགན་འཁྲི་ནན་དཀྲི་བྱ་དགོས།

(ཉེར་གཅིག) སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་བྱ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲི་ལས་བགོས་ལྟར། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་འབྲེལ་ཡོད་བྱ་བ་ནན་ཏན་སྒོས་ལེགས་པོར་བསྒྲུབ་དགོས། རིམ་པ་སོ་སོའི་ནགས་ལས་དང་རྩྭ་ཐང་གཙོ་འགན་སྡེ་ཁག་གིས་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་གནས་བབ་གསར་བ་ལ་འཚམ་པར་བྱས་ཏེ། འགན་ནུས་སྔར་ལས་འགྱུར་བ་བཏང་སྟེ། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱ་བར་དོ་དམ་དང་ཞབས་ཕྱི་དང་ལྟ་སྐུལ་བྱེད་པར་དངོས་གནས་ཤུགས་བཏོན་ནས། གནད་དོན་ཆེན་པོར་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱ་དགོས།

(ཉེར་གཉིས) སྤྱི་ཚོགས་ཡོངས་ཀྱིས་རྩྭ་ཐང་གི་ལས་དོན་གོང་འཕེལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པར་སྣེ་འཁྲིད་དགོས། རྩྭ་ཐང་གི་བཅའ་ཁྲིམས་ཁྱབ་སྤེལ་དྲིལ་སྒྲོག་དང་ཚན་རིག་ཁྱབ་སྤེལ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། རྩྭ་ཐང་གི་སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་དང་རིག་གནས་བྱེད་ནུས་གལ་ཆེན་དྲིལ་སྒྲོག་རྒྱ་ཆེར་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱིས་རྩྭ་ཐང་ལ་སེམས་ཁུར་དང་གཅེས་སྲུང་དང་ཁྲིམས་ལྟར་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མུ་མཐུད་ནས་ཇེ་དྲག་ཏུ་བཏང་ཐོག རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏང་དགོས། རྩྭ་འདེབས་རྩྭ་སྲུང་དེ་རྒྱལ་དབང་ས་ཁོངས་ལྗང་སྒྱུར་ཁྲོད་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་དང་མང་ཚོགས་རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་ཁྲོད་ཞུགས་པར་ཧུར་ཐག་གིས་སྐུལ་སློང་བྱ་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2021ལོའི་ཟླ3པའི་ཚེས12ཉིན།