མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཆུ་ཚད་མཐོན་པོའི་སྒོ་ནས་ སྒོ་འབྱེད་པ་དང་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ སྐོར་གྱི་ལག་བསྟར་བསམ་འཆར།

མཚོ་སྤེལ〔2021〕ཨང14བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཆུ་ཚད་མཐོན་པོའི་སྒོ་ནས་

སྒོ་འབྱེད་པ་དང་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་

སྐོར་གྱི་ལག་བསྟར་བསམ་འཆར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཆུ་ཚད་མཐོན་པོའི་སྒོ་ནས་སྒོ་འབྱེད་པ་དང་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ》(རྒྱལ་སྤེལ〔2019〕ཨང3པ)ཡི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆུ་ཚད་མཐོན་པོའི་ཉོ་ཚོང་དང་མ་དངུལ་གཏོང་འཇོག་སྟབས་བདེ་ཅན་དུ་སྒྱུར་བའི་སྲིད་ཇུས་ལག་ལེན་དུ་བསྟར་ནས། ཞིང་ཆེན་ཡོངས་ཀྱི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད། རང་ཞིང་གི་གནས་ཚུལ་དངོས་ལ་སྦྱར་ནས་གཤམ་གསལ་གྱི་ལག་བསྟར་བསམ་འཆར་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་ནི་གཙོ་གཞི་བྱེད་ཅིང་རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་རྣམ་པ་གསར་པ་བསྐྲུན་པར་དམིགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཕེལ་རྒྱས་སྐོར་གྱི་དམིགས་འབེན་དང་ལས་འགན་གཙོ་གཙོ་བོར་དམིགས་པ་གཏད་དེ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་རང་འགུལ་གྱིས་འདྲེས་སུ་འཇུག་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་ཟབ་མོ་གཏང་དགོས་ཤིང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཚོང་གཉེར་ཁོར་ཡུག་དང་གསར་གཏོད་ཁོར་ཡུག་འཐུས་ཚང་དུ་བཏང་ནས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དེ་མཚོ་སྔོན་གྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་བཙན་ས་གསར་པ་ཞིག་ཏུ་ཧུར་ཐག་སྒོས་བསྐྲུན་དགོས།

(གཉིས) འཕེལ་རྒྱས་ཀྱི་དམིགས་འབེན།

སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་གཏོང་བའི་བླང་བྱ་དང་ཚད་བསྡུར་བ་དང་། ཁྲལ་སྲུང་ལས་སྣོན་དང་ཕྱིར་འཚོང་ཞབས་ཕྱི། དངོས་ཟོག་འགྲེམ་སྐྱེལ་དབྱེ་གཏོང་། བརྟག་བཤེར་ཉམས་གསོ། ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་བཅས་གོང་དུ་སྤེལ་བ་གཙོ་གནད་དུ་བཟུང་སྟེ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དེ་རིམ་བཞིན་རང་ཞིང་གི་ཕྱི་ཕྱོགས་ཉོ་ཚོང་གི་འཕར་སྣེ་གལ་ཆེན་དང་ཕྱི་ལ་ཕྱོགས་པའི་དཔལ་འབྱོར་གོང་སྤེལ་གཅིག་སྡུད་ཁུལ་དུ་སྐྱེད་སྲིང་བྱས་ནས། 2025ལོར་སླེབས་དུས་ཕྱིར་གཏོང་ནང་འདྲེན་བྱས་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་བསྡོམས་འབོར་གྱི20%ཡན་ཆད་ཟིན་ཐུབ་པ་མངོན་འགྱུར་བྱ་དགོས།

གཉིས། ལས་འགན་གཙོ་བོ།

(གཅིག) ཁྲོམ་ར་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ནས། གཅིག་བསྡུས་སྒོས་ལས་སྣོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་གཏང་དགོས།

ལས་སྣོན་བཟོ་སྐྲུན་རྨང་གཞིར་བྱས་ཐོག རྒྱལ་མཚམས་ཕྱི་ནང་གི་ཐོན་ལས་སྤོ་སྒྱུར་བྱེད་པ་དང་དུ་ལེན་པ་དང་། ཞིང་ཆེན་ཕྱི་ནང་གི་ས་ཁུལ་དང་རྒྱལ་སྤྱིའི་ཐོག་ལ་ཐོན་ལས་སྦྲེལ་ཐག་ཐད་ནས་མཉམ་ལས་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་གཏང་དགོས་ཤིང་། རྒྱལ་མཚམས་ཕྱི་ནང་གི་ལས་སྣོན་ཉོ་ཚོང་སྐས་རིམ་ལྟར་སྤོ་སྒྱུར་བྱེད་པ་དང་དུ་ལེན་པ་དང་། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་སྐྱེ་དངོས་ལག་རྩལ། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། སྒྲིག་ཆས་རྩེ་གྲ། ཡང་ལས་འཁེལ་འཐག ཀྲུང་བོད་སྨན་རྫས། མི་རིགས་ཀྱི་མཁོ་ཆས། ཞིང་ཕྱུགས་ལས་ཐོན་རྫས་སོགས་ལས་རིགས་ཀྱི་གཙོ་གནད་ཁེ་ལས་དང་དེ་དག་གི་ཐོན་ལས་སྦྲེལ་ཐག་གི་ལེ་ལག་ཁེ་ལས་མགྱོགས་པོར་ནང་འདྲེན་བྱ་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱི་ནང་གི་ཁེ་ལས་ཁྲོམ་རར་མཉམ་འགུལ་བྱེད་པའི་ལམ་སྲོལ་བཙུགས་ནས། ཁུལ་ནང་གི་ཁེ་ལས་ཀྱིས་ཆ་རྐྱེན་དང་མཐུན་པའི་རྨང་གཞིའི་འཛུགས་སྐྲུན་སྐོར་གྱི་དངོས་ཟོག་དང་སྒྲིག་ཆས་ནང་འདྲེན་བྱེད་པ་ལ། རྒྱལ་མཚམས་འགག་སྒོ་ཡིས་ནུས་ཡོད་སྒོས་ལྟ་སྐུལ་དོ་དམ་ཐུབ་པ་ཁག་ཐེག་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ད་སྔ་སྤྱོད་ཀྱིན་པའི་གཏན་འབེབས་ལྟར་ནང་འདྲེན་སྒོ་ཁྲལ་དང་ནང་འདྲེན་མཚམས་ཚིགས་ཀྱི་དཔྱ་ཁྲལ་གནས་སྐབས་སུ་རྩ་ཆག་བཏང་ནས། ཁེ་ལས་གསར་པ་སྔ་མོ་ནས་ཁུལ་ནང་དུ་ཡོང་བ་དང་སྔ་མོ་ནས་ཐོན་སྐྱེད་བྱེད་མགོ་རྩོམ་པ་མངོན་འགྱུར་བྱ་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་གནས་ཐང་འཕར་ཁྲལ་འཇལ་མཁན་དཀྱུས་མའི་ཐོབ་ཐང་ཚོད་ལྟའི་གནས་ཧུར་ཐག་བརྟན་བརླིང་ངང་ཁྱབ་གདལ་དུ་བཏང་སྟེ། འབྲེལ་ཡོད་གཏན་འབེབས་ལྟར་ཁྲལ་འཇལ་ཚོད་ལྟའི་གནས་ཀྱི་སྲིད་ཇུས་ལོངས་སྤྱོད་དུ་འཇུག་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནང་གི་གཏན་འབེབས་དང་མཐུན་པར་ཐོན་སྐྱེད་བྱས་པའི་ཐོན་རྫས་རྒྱལ་ནང་དུ་འཚོང་བའི་འགྲོ་ལུགས་འཚོལ་ཞིབ་སྒོས་ལེགས་སྒྱུར་བྱས་ཏེ། ཁེ་ལས་ཀྱིས་རྒྱལ་ནང་དུ་འཚོང་བར་སྟབས་བདེ་བཟོ་བར་སྐུལ་འདེད་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ཚོང་དོན་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། ཟི་ལིང་རྒྱལ་མཚམས་འགག་སྒོ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན། གྲལ་མགོར་བཞག་པའི་སྡེ་ཁག་ནི་སྣེ་འཁྲིད་མཁན་སྡེ་ཁག་ཡིན་ལ། གཤམ་དུའང་དེ་བཞིན་ནོ། །)

(གཉིས) ཕན་ནུས་ཆེ་བའི་ཕྱིར་འཚོང་ཞབས་ཕྱི་འདོན་སྤྲོད་བྱ་དགོས།

ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ལས་སྒོ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་སྲིད་ཇུས་དང་ཐབས་བཀོད་སྣ་ཚོགས་བེད་སྤྱོད་ཅི་ནུས་གང་ལེགས་བྱས་ཏེ། ཁེ་ལས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་སིལ་ཚོང་ནང་འདྲེན་ལས་སྒོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཁྲལ་སྲུང་འགྲེམ་སྟོན་དང་རྒྱལ་མཚམས་སུ་འགྲོ་འོང་བྱེད་པའི་སྐྱེལ་འདྲེན་ཡོ་བྱད་ཀྱི་ཞབས་ཕྱི། ཐོན་རྫས་ཁྱབ་གདལ་ཞབས་ཕྱི་སོགས་ཞབས་ཕྱི་ཅན་གྱི་ཁེ་ལས་ཁྲལ་སྲུང་ཁུལ་དུ་ཧུར་ཐག་གིས་ནང་འདྲེན་བྱ་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་འགྲེམ་སྟོན་ཉོ་ཚོང་བྱེད་སྒོ་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱ་དགོས། ལམ་ལུགས་མ་ལག་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དང་རྒྱལ་མཚམས་འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་ཀྱི་འབྲེལ་ཡོད་གསར་གཏོད་བྱེད་ཐབས་ལད་ཟློས་ཀྱིས་ཁྱབ་གདལ་དུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཚོང་དོན་ཐིན་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། ཟི་ལིང་རྒྱལ་མཚམས་འགག་སྒོ། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

(གསུམ) དངོས་ཟོག་འགྲེམ་སྐྱེལ་དབྱེ་གཏོང་གི་མཚམས་ཚིགས་བསྐྲུན་པར་བརྩོན་དགོས།

ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་རྒྱལ་སྤྱི་རྒྱལ་ནང་གི་དངོས་ཟོག་འགྲེམ་སྐྱེལ་ས་ཚིགས་དང་བགྲོད་ལམ་མ་ལག་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་ཟོང་འདྲེན་མཁའ་ལམ་འབྱེད་པར་སྐུལ་འདེད་གཏང་དགོས་ཤིང་། ཁྲལ་སྲུང་དངོས་ཟོག་འགྲེམ་སྐྱེལ་དང་མཛོད་ཉར། རྒྱལ་སྤྱིའི་དངོས་ཟོག་འགྲེམ་སྐྱེལ་དང་སྡེབ་སྐྱེལ། དངོས་ཟོག་འགྲེམ་སྐྱེལ་ཆ་འཕྲིན་ཐག་གཅོད་སོགས་ཀྱི་ལས་སྒོ་འཕེལ་རྒྱས་སུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་ཕན་ནུས་མཐོར་འདེགས་དང་ཆ་འཕྲིན་ཉེར་སྤྱོད་མ་ལག་ཁྱབ་གདལ་དུ་བཏང་ནས། ཁྲལ་སྲུང་དངོས་ཟོག་རང་མོས་ངང་འཁོར་རྒྱུག་བྱེད་པར་སྟབས་བདེ་བསྐྲུན་དགོས། ཀྲུང་ཡོབ་བར་རྒྱུག་པའི་མེ་འཁོར་དང་ནུབ་རྒྱུད་ཀྱི་སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པ་སོགས་ལ་བརྟེན་ནས་དབུས་རྒྱུད་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)སོ་སོ་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། རྒྱལ་སྤྱིའི་དངོས་ཟོག་འགྲེམ་སྐྱེལ་བགྲོད་ལམ་སྐྲུན་པར་མཉམ་དུ་སྐུལ་འདེད་གཏང་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནང་དུ་དངོས་ཟོག་འགྲེམ་སྐྱེལ་དབྱེ་གཏོང་ལྟེ་གནས་བསྐྲུན་ཏེ། ཕྱིར་གཏོང་གཅིག་སྡུད་ཅན་དང་ནང་འདྲེན་སྡེབ་སྐྱེལ་ཅན། དངོས་ཟོག་འགྲེམ་སྐྱེལ་ཕྱོགས་བསྡུས་ཅན་སོགས་ཀྱི་ཁེ་ལས་བཅའ་སྡོད་བྱེད་པར་རྒྱབ་སྐྱོར་བྱས་ནས། ཁྲལ་སྲུང་ཉོ་ཚོང་དང་ཁྲལ་སྲུང་དངོས་ཟོག་འགྲེམ་སྐྱེལ་ལས་སྒོ་སྤེལ་དགོས། རིག་དངོས་དང་རིག་གནས་སྒྱུ་རྩལ་ཐོན་རྫས་ཕྱི་རྒྱལ་ནས་ཁྲལ་སྲུང་ཁུལ་དུ་འདྲེན་པར་ལྟ་སྐུལ་དོ་དམ་བྱེད་སྟངས་འཚོལ་ཞིབ་སྒོས་ལེགས་སྒྱུར་བྱེད་པ་དང་ ཐོ་འགོད་གོ་རིམ་སྟབས་བདེ་རུ་བཏང་ནས། རིག་དངོས་དང་རིག་གནས་སྒྱུ་རྩལ་ཐོན་རྫས་ནང་འདྲེན་དང་ཁྲལ་སྲུང་མཛོད་ཉར། འགྲེམ་སྟོན་བཅས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་རིག་གནས་སྤེལ་རེས་བྱེད་པར་སྐུལ་འདེད་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཚོང་དོན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཟི་ལིང་རྒྱལ་མཚམས་འགག་སྒོ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་རིག་དངོས་ཅུས། མཚོ་སྔོན་གནམ་ཐང་སྤྱི་གཉེར་ཁང་། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

(བཞི) བརྟག་བཤེར་ཉམས་གསོའི་ཞབས་ཕྱི་བསྒྲུབ་དགོས།

བརྟག་བཤེར་ཉམས་གསོའི་ལས་སྒོར་འཚོལ་ཞིབ་སྒོས་སྐུལ་འདེད་བྱས་ཏེ། ཞབས་ཕྱི་སྒྲུབ་འགན་ཕྱི་སྤྲོད་ཅན་གྱི་ཁེ་ལས་བཅའ་སྡོད་བྱེད་པར་རྒྱབ་སྐྱོར་དང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཁེ་ལས་ཀྱིས་མཐོ་སྒང་གི་ཁྱད་ཆོས་དང་འཚམ་པའི་ལྗང་མདོག་ཐོན་ལས་དང་རྒྱུན་འཁོར་དཔལ་འབྱོར་ཐོན་ལས་ཀྱི་བརྟག་བཤེར་ཉམས་གསོའི་ལས་སྒོ་སྤེལ་བ་དང་། ལག་རྩལ་མཐོ་ཞིང་ཟུར་སྣོན་རིན་ཐང་ཆེ་ལ་ཁོར་ཡུག་སྲུང་སྐྱོང་གི་བླང་བྱར་མཐུན་པའི་ཁྲལ་སྲུང་བརྟག་བཤེར་ལས་སྒོ་སྤེལ་བར་རྒྱབ་སྐྱོར་བྱ་དགོས་ལ། ཕྱོགས་གསུམ་པའི་ཞིབ་བཤེར་བརྟག་བཤེར་ར་སྤྲོད་ལས་ཁུངས་ཀྱིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཕྱིར་གཏོང་ནང་འདྲེན་གྱི་ཞིབ་བཤེར་ར་སྤྲོད་ཞབས་ཕྱི་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཆ་འཕྲིན་ཐོན་ལས་ལ་འཛམ་གླིང་ཡོངས་ཀྱི་བརྟག་བཤེར་ཉམས་གསོ་བྱེད་ནུས་མེད་པའི་སྟོང་ཆ་བསབ་དགོས་ལ། གློག་རྡུལ་ཆ་འཕྲིན་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་བསྲིངས་ཤིང་ཚང་བར་བསབས་ནས། གློག་རྡུལ་ཆ་འཕྲིན་ཐོན་ལས་ཕུལ་བྱུང་ཅན་སྔར་བས་མང་པོ་གཞིས་ཆགས་པར་ཡིད་འགུགས་བླ་ལྷག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཆ་འཕྲིན་ཐོན་ལས་རྒྱ་ཆེན་སྟོབས་ཆེན་དུ་གཏོང་བར་སྐུལ་དགོས། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ། སྲོག་ཆགས་དང་རྩི་ཤིང་གི་ཐོན་རྫས་ལ་ཞིབ་བཤེར་དང་གློད་གཏོང་བྱེད་པའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས། ཆ་རྐྱེན་དང་མཐུན་པའི་ནང་འདྲེན་ཟས་རིགས་ལ“མ་དཔེ་བདམས་རྗེས་གཏོང་བའི”ལྟ་སྐུལ་དོ་དམ་བྱེད་ཐབས་ལག་བསྟར་བྱེད་པ་དང་། རྒྱལ་མཚམས་ཕྱི་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་འབྱོར་བའི་སྲོག་ཆགས་དང་རྩི་ཤིང་ཐོན་རྫས་ཀྱི་ཞིབ་བཤེར་རྣམ་གྲངས་ལ“སྔོན་ལ་ཁུལ་ནང་དུ་ཡོང་དུ་བཅུག་རྗེས་སུ་བརྟག་བཤེར་བྱེད་པ”ལག་བསྟར་བྱས་ཏེ། བརྟག་བཤེར་བྱས་འབྲས་གཞིར་བཟུང་ནས་རྗེས་མཐུད་དེ་ཐག་གཅོད་བྱ་དགོས། རྒྱལ་མཚམས་ཕྱི་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ནང་འདྲེན་བྱས་པའི་རྒྱལ་སྤྱིའི་འགྲེམ་ཟོང་ལ་སྒོ་ཁྲལ་གནས་ཞུ་དང་ཞིབ་བཤེར་བརྟག་དཔྱད། མཛོད་ཉར་སོགས་གཅིག་འཐུས་རྣམ་པའི་ཞབས་ཕྱི་མཁོ་འདོན་བྱ་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་བརྟག་བཤེར་ཉམས་གསོ་སོགས་ལས་སྒོའི་ཁོར་ཡུག་སྲུང་སྐྱོང་བྱ་བར་ཤུགས་སྣོན་རྒྱག་པ་དང་། ཉམས་གསོ་བྱས་ཤུལ་གྱི་སྙིགས་རོ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས་ཤིང་། ས་ངོས་ཀྱི་ཆུ་དང་རླུང་ཁམས་ཆེན་པོ། ས་རྒྱུ། ས་འོག་གི་ཆུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཇེ་ཆེར་བཏང་ནས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཟི་ལིང་རྒྱལ་མཚམས་འགག་སྒོ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

(ལྔ) ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་བྱེད་སྟངས་འཚོལ་ཞིབ་བྱས་ནས། ལས་སྒོ་སྤེལ་སྟངས་གསར་པ་འཕེལ་རྒྱས་སུ་གཏང་དགོས།

གསར་གཏོད་ཀྱི་བཙན་ས་འཛུགས་པར་འཚོལ་ཞིབ་བྱེད་པ་དང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་སྲིད་ཇུས་ཀྱི་བྱེད་ནུས་དགེ་མཚན་ཚན་རིག་དང་མཐུན་པར་བེད་སྤྱོད་བཏང་ནས། རྒྱལ་ཁབ་ཀྱི་ཐོན་ལས་གསར་གཏོད་ལྟེ་གནས་དང་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས། རྒྱལ་ཁབ་ཀྱི་ལས་གྲྭ་ཞིབ་འཇུག་ལྟེ་གནས། ཞིབ་འཇུག་གསར་སྤེལ་ལས་ཁུངས་གསར་པ་སོགས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། སྐྱེ་དངོས་སྨན་དཔྱད་དང་འཕྲུལ་ཆས་སྒྲིག་ཆས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་སོགས་ཐོན་ལས་ཞིབ་འཇུག་གསར་སྤེལ་དང་འགྲེམ་སྟོན་ལས་སྒོ་སྤེལ་བར་ཚོད་ལྟ་བྱས་ནས། ལས་སྒོ་སྤེལ་སྟངས་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཟི་ལིང་རྒྱལ་མཚམས་འགག་སྒོ། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

གསུམ། རྒྱབ་སྐྱོར་གྱི་སྲིད་ཇུས།

(གཅིག) དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཇུས་ཆོད་ཀྱི་ཕན་ནུས་མཐོ་ཞིང་ཞབས་ཕྱིའི་འཐུས་སྒོ་ཚང་བའི་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་ནས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་ཚོང་འགུགས་དངུལ་འདྲེན། འཆར་འགོད་འཛུགས་སྐྲུན། གཉེར་སྐྱོང་དོ་དམ་སོགས་ཀྱི་བྱ་བར་སྐུལ་འདེད་གཏང་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་ལ་ལས་ཁུངས་མངགས་སྡོད་དང་འགན་འཁྲི་རྩིས་སྤྲོད་བྱེད་པའི་ཆོག་འཐུས་ལམ་སྲོལ་བཙུགས་ནས། རྒྱལ་མཚམས་འགག་སྒོ་དང་ཁྲོམ་ར་ལྟ་སྐུལ་དོ་དམ། ཁྲལ་བསྡུ། དངུལ་རྩ། སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ལས་ཁུངས་དང་མི་སྣ་མངགས་སྡོད་བྱེད་པའམ་ཞབས་ཕྱིའི་སྒེའུ་ཁུང་འཛུགས་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་བྱ་བའི་སྡེ་ཁག་གིས་ལས་ཁུངས་མངགས་སྡོད་བྱེད་པར་ཚོད་འཛིན་ནན་མོ་བྱ་དགོས། ཁེ་ལས་ཅན་ལྟར་དོ་དམ་དང་ཚོང་ར་ཅན་དུ་སྒྲུབ་གཉེར་གྱི་བྱ་བའི་ལམ་སྲོལ་འཚོལ་ཞིབ་སྒོས་འཛུགས་པ་དང་། གླ་ཕོགས་ཀྱིས་སྐུལ་ལྕག་གཏོང་བའི་ལམ་སྲོལ་བཙུགས་ཏེ་ལས་ཁུངས་ཁུ་བསྡུ་དང་ཞབས་ཕྱི་སྤུས་ལེགས་ཡིན་ཞིང་། ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཏང་ཨུའི་སྒྲིག་ཁུངས་གཞུང་ལས་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། ཟི་ལིང་རྒྱལ་མཚམས་འགག་སྒོ། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

(གཉིས) ཚོང་འགུགས་པའི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། ཪང་ཞིང་གི་ཚོང་འགུགས་དངུལ་འདྲེན་སྲིད་ཇུས་ཧུར་ཐག་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ནོར་སྲིད་དང་ཁྲལ་བསྡུ་དང་ཕྱི་དངུལ་སོགས་ཀྱིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཚོང་འགུགས་དངུལ་འདྲེན་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དང་ཐབས་བཀོད་འཚོལ་ཞིབ་སྒོས་གསཪ་གཏོད་བྱ་དགོས། ཚོང་འགུགས་ཐོན་ཁུངས་ལ་ཧུར་ཐག་གིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཚོང་འགུགས་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་འགྲེལ་བཤད་དང་དྲིལ་བསྒྲགས་བྱེད་པར་ཤུགས་བསྣན་ཏེ། རྒྱལ་མཚམས་ཕྱི་ནང་གི་བཟོ་སྐྲུན་དང་ཞབས་ཕྱི། ཉམས་གསོ། ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་སོགས་ཀྱི་ཁེ་ལས་རྩེ་གྲ་ཅན་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་བཅའ་སྡོད་བྱེད་པར་ཡིད་དགུག་དགོས། ཚོང་འགུགས་དངུལ་འདྲེན་གྱི་བྱེད་སྒོ་ཏན་ཏིག་གིས་སྤེལ་བ་དང་། ལས་གཞི་དོན་ཐོག་ཏུ་འཁྱོལ་བར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་འཕེལ་རྒྱས་ངེས་གནས་དང་འཚམ་པའི་སྣེ་ཁྲིད་ཁེ་ལས་ནུས་ཤུགས་བཏོན་ཏེ་ནང་འདྲེན་བྱས་ནས་གཞིས་ཆགས་སུ་འཇུག་དགོས། “རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན”སོགས་ཉོ་ཚོང་གི་ལས་རྣམ་གསར་པ་སྤེལ་དགོས། ཆ་རྐྱེན་འཛོམས་པའི་ཞིང་ཆེན་ནང་ཁུལ་གྱི་ཕྱི་ལ་ཕྱོགས་པའི་གཙོ་གནད་ལས་གཞི་དེ་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་དངོས་འབེབས་ཐོན་སྐྱེད་དང་རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་མཚོ་སྔོན་ཞིང་ཆེན་ཡན་ལག་ཅུས། ཟི་ལིང་རྒྱལ་མཚམས་འགག་སྒོ། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

(གསུམ) ནོར་ཁྲལ་དང་ས་ཞིང་ཐད་ནས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གོང་སྤེལ་གྱི་ཆེད་སྤྱོད་མ་དངུལ་ལ་གཅིག་གྱུར་འཆར་འགོད་བྱས་ནས་བེད་སྤྱོད་ཡག་པོ་བྱེད་པ་དང་། འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། བཟོ་ལས་ཆ་འཕྲིན་སོགས་ཀྱི་གོང་སྤེལ་མ་དངུལ་ལུགས་དང་མཐུན་པར་བེད་སྤྱད་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སྤུས་ཚད་མཐོན་པོའི་སྒོ་ནས་འཛུགས་སྐྲུན་དང་ཆུ་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་འཛུགས་སྐྲུན་དངུལ་བུན་བླངས་ན། རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞིའི་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་ལོངས་སུ་སྤྱོད་ཆོག ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནང་གི་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་ཐོན་ལས་སྲིད་ཇུས་དང་མཐུན་པའི་གློག་རྡུལ་ཆ་འཕྲིན་དང་། རིག་ནུས་མཐའ་སྣེ། ཁྱད་ལྡན་ཡང་བའི་བཟོ་ལས། སྒྲིག་ཆས་བཟོ་སྐྲུན་སོགས་གཙོ་གནད་ཁེ་ལས་དག་ལ། རོགས་དངུལ་ཁ་གསབ་དང་སྐྱེད་ཀ་གསབ་སྤྲོད་སོགས་བྱེད་ཐབས་སྤྱད་དེ་རྒྱབ་སྐྱོར་བྱེད་པ་དང་། གཏན་འབེབས་ལྟར་ཁེ་ལས་ཀྱི་ཐོབ་ཁྲལ་སོགས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སོ་སོ་དོན་འཁྱོལ་བྱ་དགོས། ས་གནས་དེ་གའི་རྒྱལ་ཁོངས་བར་སྟོང་གི་འཆར་འགོད་ལྟར། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་འཛུགས་སྐྲུན་སྤྱོད་ས་གསར་དུ་ཁ་སྣོན་པའི་དགོས་མཁོ་འགན་སྲུང་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ནོར་སྲིད་ཐིན་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཚོང་དོན་ཐིན། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

(བཞི) དངུལ་རྩའི་ཐད་ནས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས། རྒྱལ་མཚམས་ཕྱི་ནང་གི་དངུལ་རྩའི་ལས་ཁུངས་ཀྱིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཡན་ལག་ལས་ཁུངས་སམ་དོན་གཅོད་ཁང་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། དངུལ་གསོག་དང་དངུལ་བསྐུར་སྤྲོད། དངུལ་བུན། བསྡོམས་རྩིས། མ་དངུལ་བསྡུ་རུབ། ཕྱོགས་གསུམ་པས་གཏོང་སྤྲོད་བྱེད་པ་སོགས་ཀྱི་དངུལ་རྩའི་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། གཏོང་སྤྲོད་དང་བསྡོམས་རྩིས་མ་ལག་གི་སྟབས་བདེའི་རང་བཞིན་ཇེ་ཆེར་གཏང་དགོས། དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཡིད་རྟོན་དངུལ་བུན་གཏོང་ཚད་དང་མཉམ་འབྲེལ་གྱིས་མ་དངུལ་བསྡུ་རུབ་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་ཀྱིས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཐབས་བཀོད་ཧུར་ཐག་གིས་བེད་སྤྱད་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཕེལ་རྒྱས་སུ་གཏོང་བ་ལ་རྒྱབ་སྐྱོར་བྱེད་པར་སྐུལ་མ་གཏང་དགོས། མ་དངུལ་བསྡུ་རུབ་ཀྱི་བོགས་གཏོང་ལས་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་གྱེས་དངུལ་རྩ་དང་རྒྱལ་མཚམས་ལས་བརྒལ་བའི་གཏོང་སྤྲོད། ཡིད་རྟོན་མངག་བཅོལ། བུན་འཛིན་སོགས་ཀྱི་དངུལ་རྩ་གསར་གཏོད་བྱེད་སྟངས་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས། རྒྱལ་ཁབ་ལ་དབང་བའི་སྲིད་ཇུས་རང་བཞིན་གྱི་མ་དངུལ་བསྡུ་རུབ་འགན་ལེན་ལས་ཁུངས་ཀྱིས་ཁྲལ་སྲུང་ཁུལ་གྱི་ཁེ་ལས་དག་ལ་རྒྱུ་མང་ཅན་གྱི་མ་དངུལ་བསྡུ་རུབ་ཀྱི་འགན་ལེན་ཞབས་ཕྱི་འདོན་སྤྲོད་བྱེད་པར་སྐུལ་མ་གཏང་དགོས། སྒེར་བསྡུས་རྐང་དབང་གི་མ་དངུལ་གཏོང་འཇོག་དང་ལས་སྒོ་གསར་གཏོད་ཀྱི་མ་དངུལ་གཏོང་འཇོག ཐོན་ལས་ཀྱི་མ་དངུལ་གཏོང་འཇོག་སོགས་རིགས་མི་འདྲ་བའི་རྐང་དབང་དངུལ་འཇོག་ཐེབས་རྩ་འཕེལ་རྒྱས་སུ་གཏང་དགོས། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་མ་རྐང་འཛིན་ཤོག་ཁྲོམ་རར་བཏོན་ནས་མ་དངུལ་བསྡུ་རུབ་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་དང་མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

(ལྔ) འཇོན་མི་ནང་འདྲེན་གྱི་སྲིད་ཇུས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་རིམ་པ་མཐོ་གྲས་ཀྱི་འཇོན་མི་ནང་འདྲེན་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་གཏན་ལ་ཕབ་ནས་དངོས་སུ་འདོན་པར་རྒྱབ་སྐྱོར་བྱ་དགོས་པ་དང་། འཇོན་མི་གྲབས་གསོག་ཡིག་ཚགས་ཀྱི་མཛོད་འཐུས་སྒོ་ཚང་བར་འཛུགས་པ་དང་། དགོས་གཏུག་ཆེ་བའི་འཇོན་མི་དཀོན་པོ་ཧུར་ཐག་གིས་ནང་འདྲེན་བྱས་ཏེ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཆུ་ཚད་མཐོན་པོའི་སྒོ་ནས་སྒོ་འབྱེད་པ་དང་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་རིག་སྟོབས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས། ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་། གསོ་སྦྱོང་ལས་ཁུངས་སོགས་ལ་བརྟེན་ནས་འཇོན་མི་འཁོར་རྒྱུག་གི་ལམ་སྲོལ་དང་གསོ་སྦྱོང་དྲ་བ་བཙུགས་ཏེ། རིམ་པ་མང་བའི་འཇོན་མིའི་སློབ་གསོ་དང་གསོ་སྦྱོང་མ་ལག་ཕྱོགས་ཡོངས་ཅན་འཛུགས་སྐྱོང་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འཇོན་མི་གཞུང་ལས་ཁང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ནོར་སྲིད་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

(དྲུག) མ་དངུལ་གཏོང་འཇོག་དང་ཉོ་ཚོང་སྟབས་བདེ་ཅན་དུ་སྒྱུར་བའི་ཐད་ནས་སྔོན་གྲས་སུ་སྐྱོད་ཅིང་སྔོན་གྲས་སུ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱ་དགོས། ནང་ལོགས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྔོན་ཐོན་ཉམས་མྱོང་དཔེ་ལྟ་ས་བྱེད་ཅིང་ཁྱབ་གདལ་དུ་བཏང་སྟེ། དངུལ་འཇོག་ཉོ་ཚོང་སྟབས་བདེ་ཅན་དུ་སྒྱུར་བའི་ཐད་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སྔོན་གྲས་སུ་སྐྱོད་ཅིང་སྔོན་གྲས་སུ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱ་དགོས་ཤིང་། “དཔང་མང་ཆིག་སྒྲིལ་དང་། ལག་ཁྱེར་གཅིག་ལ་ཨང་རྟགས་གཅིག”གི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཁྱབ་སྤེལ་དང་། ཁེ་ལས་འཛུགས་གཉེར་གྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བཅོས་སྒྱུར་ཡོངས་ཁྱབ་ཏུ་སྤེལ་དགོས། ཕྱི་རྒྱལ་ཚོང་པས་མ་དངུལ་གཏོང་བར་ཆོག་འཐུས་མ་ཐོབ་སྔོན་དུ་རྒྱལ་དམངས་གསོལ་ཐང་དང་བཀག་རྒྱ་གསལ་ཐོའི་དོ་དམ་ལམ་ལུགས་དོན་འཁྱོལ་བྱ་དགོས་ལ། ཕྱི་རྒྱལ་ཚོང་པས་མ་དངུལ་བཏང་བའི་ཁེ་ལས་ཀྱི་ཆ་འཕྲིན་སྙན་ཞུའི་ལམ་ལུགས་ཁྱབ་སྤེལ་གཏང་དགོས། རྒྱལ་སྤྱིའི་ཉོ་ཚོང་གི“སྒེའུ་ཁུང་གཅིག་རྐྱང”ལས་སྟེགས་བཀོལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ཉོ་ཚོང་དང་ཁྲལ་སློག ཕྱི་དངུལ་བསྡོམས་རྩིས། རྒྱལ་མཚམས་འགག་སྒོའི་སྒོ་ཁྲལ་གནས་ཞུ་དང་ཞིབ་བཤེར་སྙན་ཞུ་སོགས་ཀྱི་དོན་ཚན་རྣམས་ཟླ་སྒྲིལ་བྱེད་པ། སྲིད་དོན་དང་དངོས་ཟོག་འགྲེམ་སྐྱེལ། གཞི་གྲངས་སོགས་ཁྱད་ལྡན་ཆ་འཕྲིན་ཞབས་ཕྱིའི་རྩོལ་ནུས་རྒྱ་སྐྱེད་ཅིང་། དངོས་ཟོག་གི་སྙན་ཞུ་དང་ཁེ་ལས་ཀྱི་འོས་ཐོབ། འཁྲོལ་འཛིན་ལེན་པ་སོགས་ཀྱི་རྩོལ་ནུས་ཁྱབ་གདལ་དུ་བཏང་སྟེ། འགག་སྒོའི་དོ་དམ་དང་ཞབས་ཕྱིའི་ལམ་སྲོལ་ལེགས་སྒྱུར་བྱ་དགོས། ཕྱིར་གཏོང་ཁྲལ་སློག་གི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་དུ་གཏོད་པར་རྒྱབ་སྐྱོར་བྱས་ཏེ། “རྒྱལ་མཚམས་སུ་གཏོང་གློད་བྱེད་ཅིང་། རང་མོས་ཉོ་ཚོང་ཁུལ་དབྱེ་མཚམས་སུ་བདེ་འཇགས་ནུས་མཐོ་སྒོས་དོ་དམ་བྱེད་པའི”རྩ་དོན་ལྟར། “སྡེབ་ཐེངས་ལྟར་གཏོང་འདྲེན་དང་། གཅིག་བསྡུས་སྒོས་སྙན་སེང་ཞུ་བ”དང་། “འགག་སྒོའི་བཤེར་གཏོང་རིག་ནུས་ཅན”དང“ཁྲལ་སྲུང་འགྲེམ་སྟོན་ཉོ་ཚོང”སོགས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་བཅོས་སྒྱུར་ཚོད་ལྟའི་ཉམས་མྱོང་འདྲ་བཟོ་དང་ཁྱབ་གདལ་དུ་གཏང་དགོས། ཞིང་ཆེན་ཡོངས་ཀྱི་ཁེ་ལས་སྒོ་འབྱེད་ཅན་ཀུན་ལ་ཞབས་ཕྱི་ཁྱབ་པར་བྱེད་པ་དང་། ཁུལ་ཕྱིའི་ཁེ་ལས་ཀྱིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ལས་སྟེགས་བརྒྱུད་ནས་ལས་སྒོ་གཉེར་བར་རྒྱབ་སྐྱོར་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཟི་ལིང་རྒྱལ་མཚམས་འགག་སྒོ། ཞིང་ཆེན་ཚོང་དོན་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་མཚོ་སྔོན་ཞིང་ཆེན་ཡན་ལག་ཅུས། མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

(བདུན) ཕྱི་དངུལ་དང་རྒྱལ་མཚམས་ལས་བརྒལ་བའི་མི་དམངས་ཤོག་སྒོར་ཐད་ནས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས། ཕྱི་དངུལ་དོ་དམ་གྱི་སྒྲིག་སྲོལ་གསར་པ་འཚོལ་ཞིབ་སྒོས་གསར་འཛུགས་བྱས་ནས། ཉོ་ཚོང་གི་ཕྱི་དངུལ་ལས་སྒོ་གཉེར་བའི་གོ་རིམ་སྟབས་བདེར་གཏོང་བ་དང་། རྒྱལ་མཚམས་ལས་བརྒལ་བའི་མི་དམངས་ཤོག་སྒོར་ཞིབ་བཤེར་གཏན་འབེབས་བྱེད་པའི་ལས་སྒོའི་གོ་རིམ་སྟབས་བདེར་གཏང་དགོས་ལ། ཁེ་ལས་ཀྱིས་མི་དམངས་ཤོག་སྒོར་སྤྱད་དེ་རྒྱལ་མཚམས་ལས་བརྒལ་བའི་ཉོ་ཚོང་བསྡོམས་རྩིས་རྒྱག་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་མཚམས་ལས་བརྒལ་བའི་ཉོ་ཚོང་དངུལ་འཇོག་དང་མ་དངུལ་བསྡུ་རུབ་སྟབས་བདེར་བསྒྱུར་དགོས། དངོས་ཟོག་ཉོ་ཚོང་གི་ཕྱི་དངུལ་གཏོང་ཡོང་སྟབས་བདེ་ཅན་དུ་སྒྱུར་བའི་ཚོད་ལྟའི་གནས་རེ་ཞུ་བྱ་དགོས། རྒྱལ་མཚམས་འགག་སྒོས་དམིགས་བསལ་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་ཡོད་པའི་ལས་ཁུངས་ཀྱིས་དངོས་ཟོག་འགྲོ་རྒྱུག་དང་མ་དངུལ་འགྲོ་རྒྱུག་དོ་མཉམ་མིན་པའི་ཉོ་ཚོང་བྱེད་སྟངས་སྤྱོད་སྐབས། ཕྱི་དངུལ་གཏོང་ཡོང་ལ་བདེན་ཐུབ་དང་ཁྲིམས་མཐུན་གྱི་ཉོ་ཚོང་རྨང་གཞི་ལྡན་དགོས། རྒྱལ་མཚམས་འགག་སྒོས་དམིགས་བསལ་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་ཡོད་པའི་ཁེ་ལས་དག་མཚོན་རྟགས་ཁེ་ལས་ཀྱི་དོ་དམ་ནང་བཅུག་ནས། ཕྱི་དངུལ་སྡེ་ཁག་གིས་དེ་དག་ལ་ཆེད་དམིགས་བརྟག་བཤེར་བྱ་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་བཅའ་སྡོད་བྱས་པའི་དངུལ་རྩའི་ལས་ཁུངས་ལ“གཅིག་གྱུར་གྱིས་བདག་སྤྲོད་དང་། གཅིག་གྱུར་གྱིས་ཞིབ་བཤེར། མགྱོགས་མྱུར་ངང་རྩིས་ལེན་བྱེད་པའི”སྒྲུབ་སྟངས་ལྟར། དངུལ་རྩའི་ལས་ཁུངས་ཀྱི་ཕྱི་དངུལ་ལས་སྒོ་ཞུགས་འཐུས་དང་མ་ལག་རྩིས་ལེན་གྱི་བྱ་བ་སྣ་ཚོགས་ཕན་ནུས་མཐོན་པོའི་སྒོ་ནས་བསྒྲུབ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་མཚོ་སྔོན་ཞིང་ཆེན་ཡན་ལག་ཅུས་དང་། མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་བཅས་ཡིན།)

བཞི། འབྲེལ་ཡོད་བླང་བྱ།

ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཆུ་ཚད་མཐོན་པོའི་སྒོ་ནས་སྒོ་འབྱེད་པ་དང་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་དེས། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་དང་ཕྱི་རྒྱལ་ཚོང་པས་མ་དངུལ་གཏོང་བར་ཡིད་འགུགས་པ། ཐོན་ལས་ཀྱི་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཅས་ཐད་ལ་ནུས་པ་གལ་ཆེན་ཐོན་ངེས་པ་ཤེས་རྟོགས་གང་ལེགས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཐོག མཉམ་ལས་རོགས་འདེགས་ལ་ཤུགས་སྣོན་པ་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། དོན་དག་སྒྲུབ་རིམ་ལེགས་སྒྱུར་བྱེད་པ། བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཐབས་བཀོད་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱས་ཏེ། ཕྱི་ཚོང་བརྟན་རླིང་ཡོང་བའི་སྦས་ཤུགས་གསར་པ་སྐུལ་སློང་དང་། ཕྱི་དངུལ་བརྟན་རླིང་ཡོང་བའི་འཕར་སྣེ་གསར་པ་གསོ་སྐྱོང་བྱས་ནས། མཚོ་སྔོན་ཆུ་ཚད་མཐོན་པོའི་སྒོ་ནས་སྒོ་འབྱེད་པའི་བཙན་ས་གསར་པ་བསྐྲུན་དགོས། འབྲེལ་ཡོད་ཀྱི་གྲོང་ཁྱེར་རམ་ཁུལ་མི་དམངས་སྲིད་གཞུང་གིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་ནུས་པ་ངེས་པ་དོན་གྱིས་འདོན་སྤེལ་བྱས་ཏེ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་ཁྲོད་དུ་འཕྲད་པའི་དཀའ་ངལ་དང་གནད་དོན་མཐའ་དག་ནུས་ཤུགས་བཏོན་ནས་ཐག་གཅོད་བྱ་དགོས།

བསམ་འཆར་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2021ལོའི་ཟླ3པའི་ཚེས2ཉིན།