མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་བཅའ་ཡིག ལེའུ་དྲུག་པ།

ལེའུ་དྲུག་པ། ཆོས་ལུགས་ཀྱི་ཆོ་ག

དོན་ཚན་ཞེ་གཉིས་པ། དད་ལྡན་སྤྱི་དམངས་ཀྱི་ཐུན་མོང་ཆོས་ལུགས་ཆོ་ག་ནི་སྤྱིར་བཏང་དུ་ཆོས་ལུགས་ཆོ་ག་སྤེལ་ཡུལ་དུ་སྤེལ་དགོས། དེ་ཡང་ཆོས་ལུགས་ཆོ་ག་སྤེལ་ཡུལ་དང་། ཆོས་ལུགས་ཚོགས་པ། ཡང་ན་ཆོས་ལུགས་སློབ་གྲྭ་བཅས་ཀྱིས་རྩ་འཛུགས་འོག ཆོས་ལུགས་ཀྱི་དགོངས་དོན་ལྟར། ཆོས་ལུགས་སློབ་ཁྲིད་མི་སྣ་དང་ཆོས་ལུགས་གང་དེའི་གཏན་འབེབས་དང་མཐུན་པའི་མི་སྣ་གཞན་གྱིས་གཙོ་སྐྱོང་བྱ་དགོས།

དོན་ཚན་ཞེ་གསུམ་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གྲྭ། ཆོས་ལུགས་ཆོ་ག་སྤེལ་སོགས་མ་ཡིན་པའི་གནས་སུ། གཏན་ཁེལ་བྱས་པ་མིན་པའི་རང་དགར་གྱི་གནས་སུ་ཆོས་ལུགས་ཆོ་ག་རྩ་འཛུགས་དང་སྤེལ་བ་སོགས་བྱས་མི་ཆོག་ལ། ཆོས་ལུགས་རང་བཞིན་གྱི་ཞལ་འདེབས་སོགས་ཀྱང་བསྡུ་ལེན་བྱས་མི་ཆོག

ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གྲྭ། ཆོས་ལུགས་ཆོ་ག་སྤེལ་ཡུལ་སོགས་མིན་ན་ཆོས་ལུགས་སློབ་གསོའི་ཟབ་སྦྱོང་སྤེལ་མི་ཆོག་ལ། སྤྱི་དམངས་རྩ་འཛུགས་སྒོས་ཕྱི་རྒྱལ་དུ་ཆོས་ལུགས་ཐད་ཀྱི་གསབ་སྦྱོང་དང་། གྲོས་ཚོགས། བྱ་འགུལ་སོགས་མངག་མི་ཆོག

དོན་ཚན་ཞེ་བཞི་པ། ཆོས་ལུགས་ཆོ་གའི་ཡུལ་དུ་ཞུགས་པའི་མི་སྣ་དག་གིས་ཆོས་ལུགས་ཆོ་ག་སྤེལ་ཡུལ་གྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱ་དགོས་ཤིང་། ཆོས་ལུགས་དད་མོས་དང་གོམས་སྲོལ་ལ་བརྩི་འཇོག་བྱེད་རྒྱུ་ལས། རྒྱུན་ལྡན་འོག་གི་ཆོས་ལུགས་བྱ་འགུལ་ལ་ཐེ་གཏོགས་བྱས་མི་ཆོག

དད་ལྡན་སྤྱི་དམངས་ཆོས་ལུགས་ཆོ་ག་དང་ཡང་ན་ཆོས་ལུགས་འཚོ་བར་ཟབ་ཞུགས་བྱེད་དུས། ཐུན་མོང་གི་སྒྲིག་ལམ་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་འགོག་རྐྱེན་བཟོས་མི་ཆོག་ལ། ཉེ་འཁོར་གྱི་ལས་ཁུངས་དང་སློབ་གྲྭ། སྡོད་དམངས་ཀྱི་ཐོན་སྐྱེད། སློབ་སྦྱོང་དང་འཚོ་བར་ཤུགས་རྐྱེན་ངན་པ་བཟོས་མི་ཆོག

དོན་ཚན་ཞེ་ལྔ་པ། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་བརྒལ་པའི་ཆོས་ལུགས་ཆོ་ག་ཐལ་ཆེ་སྤེལ་བའམ། ཡང་ན་ཆོས་ལུགས་ཆོ་ག་སྤེལ་ཡུལ་ལས་འདས་པའི་ཟབ་ཞུགས་མི་སྣའི་ཁ་གྲངས་ངེས་ཅན་ཞིག་གམ། དེ་བཞིན་སྤྱི་ཚོགས་ལ་ཤུགས་རྐྱེན་ངེས་ཅན་ཡོད་པའི་ཆོས་ལུགས་ཀྱི་ཆོ་ག་ཆེས་ཆེ་ཤོས་ཤིག་ཡིན་ཚེ། ཁྲིམས་ལྟར་ཆོག་མཆན་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་ཞེ་དྲུག་པ། ཆོས་ལུགས་ཆོ་ག་ཆེ་གྲས་སྤེལ་བ་ལ་གཤམ་གསལ་གྱི་ཆ་རྐྱེན་འདི་དག་ལྡན་དགོས།

གཅིག བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ཁྲིམས་ཀྱི་གཏན་འབེབས་དང་མཐུན་དགོས།

ཆོས་ལུགས་ཀྱི་དགོངས་དོན་དང་ཆོས་ལུགས་སྲོལ་རྒྱུན་གྱི་གོམས་སྲོལ་དང་མཐུན་དགོས།

ཆོས་ལུགས་ཀྱི་ཆོ་ག་ཆེ་གྲས་སྤེལ་བ་ལ་ངེས་པར་དུ་ཆོས་ལུགས་ཆོ་ག་ཆེ་གྲས་སྤེལ་བའི་ནུས་པ་དང་དགོས་ངེས་ཀྱི་ཆ་རྐྱེན་གྲ་སྒྲིག་བྱ་དགོས།

ཆོས་ལུགས་ཆོ་ག་ཆེ་གྲས་ཀྱིས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཐུན་མོང་སྒྲིག་སྲོལ་ལ་ཤུགས་རྐྱེན་མི་ལེགས་པ་བཟོ་མི་རུང་།

ཆོས་ལུགས་ཆོ་ག་སྤེལ་ཡུལ་གྱི་འཛུགས་སྐྲུན་དང་སྒྲིག་ཆས། སྤེལ་ཡུལ་བཅས་ལ་བདེ་འཇགས་ཀྱི་བླང་བྱ་ནན་མོ་ཡོད་དགོས།

འཕྲལ་བསྟུན་གྱི་གྲ་སྒྲིག་དང་འགན་ཁུར་མི་སྣ། བདེ་འཇགས་འགོག་སྲུང་བྱེད་ཐབས་བཅས་ལྡན་དགོས།

ལོ་གསུམ་ནང་ཚུན་དུ་ཆོས་ལུགས་ཆེ་གྲས་སྤེལ་བའི་ཁྲོད་བདེ་འཇགས་གནད་དོན་བྱུང་མེད་པ།

ཐོག་མར་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ས་གནས་སྲིད་གཞུང་གི་འབྲེལ་ཡོད་ཚན་པའི་ཆོག་མཆན་འཐོབ་དགོས།

དོན་ཚན་ཞེ་བདུན་པ། ཆོས་ལུགས་ཆོ་ག་ཆེ་གྲས་གཙོ་སྒྲུབ་གནང་མཁན་ནང་ཆོས་ཀྱི་དགོན་པ། ཏའོ་ལུགས་ཀྱི་མཆོད་ཁང་། ཁ་ཆེའི་ལྷ་ཁང་སོགས་ཀྱིས་ཉིན་སུམ་ཅུའི་སྔོན་ལ་ཆོ་ག་སྤེལ་སའི་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡིག་ཐོག་རེ་འདུན་སྙན་ཞུ་བྲིས་ཏེ། གཏན་འབེབས་ལྟར་འབྲེལ་ཡོད་རྒྱུ་ཆ་ཡར་སྤྲོད་དགོས། ཆོ་ག་སྤེལ་སའི་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཉིན་བཅོ་ལྔའི་ནང་ས་གནས་གང་དེའི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་དང་འཕྲད་བསྟུན་དོ་དམ་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས། ཆོག་མཆན་སྤྲོད་དགོས་མིན་ཐག་གཅོད་བྱ་དགོས། ཆོག་མཆན་ཐག་གཅོད་བྱས་རྗེས་ཆོག་མཆན་ཉིན་ནས་བརྩིས་པའི་ཉིན་ལྔའི་ནང་ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱ་དགོས།

དོན་ཚན་ཞེ་བརྒྱད་པ། ཆོག་མཆན་ཐོབ་པའི་ཆོས་ལུགས་ཆོ་ག་ཆེ་གྲས་སྤེལ་མཁན་གྱིས་ཆོག་མཆན་བརྡ་ཐོའི་ནང་གསལ་པོར་འཁོད་པའི་ཆོས་ལུགས་དགོངས་དོན་གྱི་བླང་བྱ་ལྟར་སྤེལ་དགོས་ཤིང་། བཅའ་ཡིག་འདིའི་དོན་ཚན་དྲུག་པ་དང་བདུན་པའི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་རུང་། གཙོ་སྒྲུབ་ཆོས་ལུགས་ཚོགས་པ་དང་ནང་ཆོས་དགོན་སྡེ། ཏའོ་ཅའོ་དང་ཁ་ཆེ་སོགས་ཀྱི་ལྷ་ཁང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་འགལ་རྐྱེན་དང་དོན་རྐྱེན་འབྱུང་བ་སྔོན་འགོག་བྱ་དགོས་ལ། ཆོས་ལུགས་ཆོ་ག་ཆེ་གྲས་ཀྱི་བདེ་འཇགས་དེ་གོ་རིམ་ལྡན་པའི་སྤེལ་རྒྱུར་འགན་སྲུང་བྱ་དགོས།

དོན་ཚན་ཞེ་དགུ་པ། ཆོས་ལུགས་སློབ་གྲྭ་ཕུད་པའི་སློབ་གྲྭ་གཞན་དང་། སློབ་ཕྱིའི་ལས་ཁུངས་སོགས་སློབ་གསོའི་ལས་ཁུངས་ཀྱིས་ཆོས་སྤེལ་དང་ཆོས་ལུགས་ཆོ་ག་སྤེལ་བ། ཆོས་ལུགས་ཚོགས་པ་འཛུགས་པ། ཆོས་ལུགས་ཆོ་ག་སྤེལ་ཡུལ་གསར་སྐྲུན་བྱེད་པ་སོགས་གཏན་འགོག་བྱ་དགོས།

མཐོ་རིམ་སློབ་གླིང་སོགས་རིམ་པ་མི་འདྲ་བའི་སློབ་གྲྭ་དང་། དེ་མིན་གཞན་པའི་སློབ་གསོའི་གསབ་སྦྱོང་སྒྲིག་འཛུགས་ཀྱིས་ཆོས་ལུགས་བེད་སྤྱད་དེ་བྱ་བའི་ཁྲོད་སིམ་འཛུལ་བྱེད་པ་གཏན་འགོག་བྱ་དགོས།

ཞིབ་འཇུག་སློབ་སྦྱོང་དང་དབྱར་ཁའི་ཤིང་སློང་། མཚམས་ལ་འདུག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ནར་མ་སོན་པའི་མི་ལ་ཆོས་བཤད་པའི་རིགས་གཏན་འགོག་བྱ་དགོས།

རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་ནར་མ་སོན་པའི་མི་ལ་མགོ་སྐོར་དང་བཙན་བཙུགས་ནས་ཆོས་ལུགས་ཆོ་གའི་ཁྲོད་ཟབ་ཞུགས་བྱེད་དུ་བཅུག་མི་ཆོག

དོན་ཚན་ལྔ་བཅུ་པ། དབྱི་སི་ལན་ཚོགས་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ས་གནས་གང་དེའི་འགན་ཁུར་འོག་དབྱི་སི་ལན་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་རྩ་འཛུགས་ཀྱི་ཕྱག་འཚལ་བྱེད་སྒོ་སྤེལ་ཆོག་ལ། དེ་ལས་གཞན་པའི་རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་ཕྱག་འཚལ་བྱ་འགུལ་རྩ་འཛུགས་བྱས་མི་ཆོག

དོན་ཚན་ང་གཅིག་པ། པར་སྐྲུན་འགྲེམས་སྤེལ་བྱས་པའི་ཆོས་ལུགས་ཀྱི་དེབ་རིགས། རྒྱལ་ཁབ་པར་སྐྲུན་དོ་དམ་གཞིར་བཟུང་སྟེ་འགྲོ་ལུགས་བསྒྲུབ་དགོས།

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གྲྭ། ནང་ཆོས་དགོན་པ་དང་ཏའོ་ཅའོ་ལྷ་ཁང་། ཁ་ཆེའི་ལྷ་ཁང་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་རྩོམ་སྒྲིག་པར་སྐྲུན་དང་འགྲེམས་སྤེལ་བྱས་པའི་ཆོས་ལུགས་ནང་དོན་གྱི་དཔྱད་གཞི་རང་བཞིན་གྱི་པར་སྐྲུན་དངོས་པོ་དེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས། ཞིང་ཆེན་པར་སྐྲུན་དོ་དམ་སྡེ་ཁག་ཞིབ་བཤེར་ཆོག་མཆན་དཔང་ཡིག་སྤྲོད་དགོས། ཆོས་ལུགས་ནང་ཁུལ་གྱི་དཔྱད་གཞིའི་རང་བཞིན་གྱི་པར་སྐྲུན་དངོས་པོ་དེ་ཆོག་མཆན་གྱི་ཁ་གྲངས་ལྟར་པར་སྐྲུན་བྱ་དགོས་ཤིང་། གཏན་འབེབས་ཁྱབ་ཁོངས་ནང་འབྲེལ་འདྲིས་ཁོང་དུ་ཆུད་པ་བྱ་དགོས།

མི་སྒེར་གྱི་བེད་སྤྱོད་དང་ལུགས་མཐུན་ཁ་གྲངས་ལས་བརྒལ་བའི་ཆོས་ལུགས་རིགས་ཀྱི་དེབ་རིགས་ཕྱི་རྒྱལ་ནས་ནང་དུ་ཁྱེར་འོངས་པའམ་ཡང་ན་དེ་ལས་གཞན་པའི་བྱེད་ཐབས་བརྒྱུད་དེ་ཆོས་ལུགས་རིགས་ཀྱི་དངོས་པོ་པར་སྐྲུན་བྱེད་པ་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་འགྲོ་ལུགས་སྒྲུབ་དགོས།

དོན་ཚན་ང་གཉིས་པ། ཆོས་ལུགས་ཀྱི་ནང་དོན་ལ་འབྲེལ་བ་ཡོད་པའི་པར་སྐྲུན་དེབ་རིགས་དག་རྒྱལ་ཁབ་ཀྱི་པར་སྐྲུན་དོ་དམ་གྱི་གཏན་འབེབས་དང་མཐུན་དགོས་ཤིང་། དེར་མ་ཟད་གཤམ་གསལ་གྱི་ནང་དོན་ཡོད་མི་རུང་།

གཅིག དད་ལྡན་སྤྱི་དམངས་དང་སྤྱི་དམངས་གཞན་དག་གི་འཆམ་མཐུན་མཉམ་གནས་ལ་གནོད་སྐྱོན་བཟོ་པ།

གཉིས། ཆོས་ལུགས་མི་འདྲ་བའི་བར་གྱི་ཞི་མཐུན་དང་ཆོས་ལུགས་ནང་དོན་གྱི་ཞི་མཐུན་ལ་གནོད་སྐྱོན་བཟོ་པ།

དད་ལྡན་སྤྱི་དམངས་དང་དད་པ་མེད་པའི་སྤྱི་དམངས་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པ།

ཆོས་ལུགས་ཀྱི་སྒེར་གཅོད་རིང་ལུགས་དྲིལ་སྒྲོག་བྱེད་པ།

ཆོས་ལུགས་ཀྱི་ཚུགས་ཐུབ་རང་བདག་རང་སྒྲུབ་ཀྱི་རྩ་དོན་ལ་རྒྱབ་འགལ་བྱེད་པ།

དོན་ཚན་ང་གསུམ་པ། ཆ་འཕྲིན་དྲ་རྒྱའི་ཆོས་ལུགས་བརྡ་འཕྲིན་ལ་ཞབས་ཞུའི་ལས་སྤེལ་མཁན་གྱིས་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞིབ་བཤེར་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་ཀྱི་ཆ་འཕྲིན་དྲ་རྒྱའི་བརྡ་འཕྲིན་ཞབས་ཞུའི་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས།

ཆ་འཕྲིན་དྲ་རྒྱའི་ཆོས་ལུགས་བརྡ་འཕྲིན་ཞབས་ཞུའི་ནང་དོན་དེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་དང་ཆོས་ལུགས་ལས་དོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལ་མཐུན་དགོས།

དོན་ཚན་ང་བཞི་པ། གློག་འཕྲིན་ལས་གཉེར་མཁན་དང་ཆ་འཕྲིན་དྲ་རྒྱའི་ཞབས་ཞུ་མཁོ་སྤྲོད་མཁན་གྱིས་ཁྲིམས་ལྟར་དྲ་རྒྱའི་བདེ་འཇགས་དང་བརྡ་འཕྲིན་ནང་དོན་གྱི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས། བདེ་འཇགས་འགོག་སྲུང་བྱེད་ཐབས་སོགས་དངོས་འབེབས་བྱ་དགོས་ཤིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འགོག་བྱས་པའི་ཆོས་ལུགས་ཀྱི་ནང་དོན་ཁྱབ་སྤེལ་དང་བརྒྱུད་སྒྲོག་བྱེད་པ་མཐོང་ན། དེར་བསྟུན་མྱུར་དུ་བརྒྱུད་སྒྲོག་བྱེད་པ་གཏན་འགོག་དང་འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱ་དགོས། འབྲེལ་ཡོད་གནས་ཚུལ་གསུབ་དང་སྤྱི་བདེ་ལས་ཁུངས། ཆོས་ལུགས་ལས་དོན། ཆ་འཕྲིན་དྲ་རྒྱའི་བརྡ་འཕྲིན་དོ་དམ་སྡེ་ཁག་བཅས་ལ་སྙན་ཞུ་ཕུལ་དགོས།

དོན་ཚན་ང་ལྔ་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གྲྭ། ཆོས་ལུགས་ཆོ་ག་སྤེལ་སའི་ལས་དོན་གྱི་ཆོས་ལུགས་བྱ་འགུལ་ཐད་ལས་གཉེར་མཁན་གྱིས་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་སྲུང་བྱ་བ་ཡང་སྒྲུབ་དགོས།

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་དགོན་པ། ཆོས་ལུགས་ཆོ་ག་སྤེལ་ཡུལ་གྱིས་ཚེ་ཐར་བྱ་འགུལ་རྩ་འཛུགས་བྱེད་པ་ལ། ཚེ་ཐར་གཏོང་སར་འཚམ་པའི་ས་སྟོང་དུ་འཚོ་གནས་ཐུབ་པའི་སྲོག་ཆགས་ཀྱི་རིགས་ཡིན་ལ། དེར་མ་ཟད་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་ཚེ་ཐར་གཏོང་དགོས། ཚེ་ཐར་བྱ་འགུལ་གྱིས་ས་གནས་སྡོད་དམངས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་མ་ལག་ལ་གནོད་འཚེ་དང་བར་ཆད་གཏོང་མི་རུང་ལ། ཚེ་ཐར་བྱ་འགུལ་གྱི་ཚོང་ལས་རང་བཞིན་གྱི་ཚོང་གཉེར་བྱས་མི་ཆོག

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་དགོན་པ། ཆོས་ལུགས་བྱ་འགུལ་ལས་གཞན་པའི་རྩ་འཛུགས་དང་མི་སྒེར་སོགས་ཀྱིས་ཆོས་ལུགས་ཀྱི་མིང་ཐོག་ནས་ཚེ་ཐར་བྱ་འགུལ་རྩ་འཛུགས་བྱེད་མི་རུང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།