མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲི་ཆུ་འབབ་ཡུལ་གྱི་མཚོ་སྔོན་མཚམས་སུ་ཀླུང་རྒྱ་སྡོམ་པའི་སྐོར་གྱི་བརྡ་ཁྱབ།

མཚོ་སྲིད [2020]ཨང89པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲི་ཆུ་འབབ་ཡུལ་གྱི་མཚོ་སྔོན་མཚམས་སུ་ཀླུང་རྒྱ་སྡོམ་པའི་སྐོར་གྱི་བརྡ་ཁྱབ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ལག་བསྟར་སྲོལ་ཡིག》དང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་བྱ་བར་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར》(རྒྱལ་གཞུང་སྤེལ〔2018〕ཨང95པ)དང་། 《ཞིང་ལས་ཞིང་སྡེ་པུའུ་ཡི་འབྲི་ཆུ་འབབ་ཡུལ་གྱི་གཙོ་གནད་ཆུ་ཁོངས་སུ་ཀླུང་རྒྱ་སྡོམ་པའི་ཁྱབ་ཁོངས་དང་དུས་ཚོད་སྐོར་གྱི་བརྡ་ཁྱབ》(ཞིང་ལས་ཞིང་སྡེ་པུའུ་ཡི་བརྡ་ཁྱབ〔2019〕ཨང4པ)བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། འབྲི་ཆུ་འབབ་ཡུལ་གྱི་མཚོ་སྔོན་མཚམས་སུ་ཀླུང་རྒྱ་བསྡམ་རྒྱུ་ཐག་བཅད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག ཀླུང་རྒྱ་བསྡམ་བྱའི་ཆུ་ཁོངས།

(གཅིག)འབྲི་ཆུའི་གཞུང་རྒྱུན་དང་ཆུ་ལག་གི་ཆུ་ཁོངས། ཁུངས་འགོ་དངོས་མ་དམར་ཆུ་དང་། ཁུངས་འགོ་ལྷོ་མ་འདམ་ཆུ། ཁུངས་འགོ་བྱང་མ་ཆུ་དམར། དེ་མིན་འབྲི་ཆུའི་སྟོད་རྒྱུད་ཀྱི་ཡུལ་ཤུལ་མངའ་ཁོངས་ཀྱི་མཚམས་བཅས་དང་། རྒྱལ་མོ་རྔུལ་ཆུ་(སྨར་ཆུ)མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དང་པད་མ་རྫོང་། དར་ལག་རྫོང་དུ་འབབ་མཚམས་བཅས་ཡིན།

(གཉིས)ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཁུལ། དམར་ཆུ་ཁོ་ནར་ཡོད་པའི་ཉ་རིགས་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཁུལ་དང་། ཆུ་དམར་ཁོ་ནར་ཡོད་པའི་ཉ་རིགས་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཁུལ། ཡུལ་ཤུལ་ཁུལ་གྱི་དུད་སྨུག་འགག་རོང་ཁོ་ནར་ཡོད་པའི་ཉ་རིགས་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཁུལ། སྨར་ཆུའི་མཆུ་མཐུག་ལྟོ་གས་ཉའི་རྒྱལ་ཁབ་རིམ་པའི་ཆུ་ཐོནསོན་རྒྱུ་ཐོན་ཁུངས་སྲུང་སྐྱོང་ཁུལ་བཅས་ཡིན།

རང་ཞིང་གི་འབྲི་ཆུ་འབབ་ཡུལ་གྱི་ཁྱབ་ཁོངས་སུ་གསར་དུ་བཙུགས་པའི་ཆུ་སྐྱེས་སྐྱེ་དངོས་རང་བྱུང་སྲུང་སྐྱོང་ཁུལ་དང་ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཁུལ་ནི། བཙུགས་ཉིན་ནས་བཟུང་སྟེ་ཀླུང་རྒྱ་སྡོམ་པའི་ཁྱབ་ཁོངས་སུ་འཇུག་དགོས།

གཉིས། ཀླུང་རྒྱ་སྡོམ་པའི་དུས་ཡུན།

གནས་སྐབས་སུ་དུས་ཡུན་ལོ་བཅུ་རིང་ལ་ལོ་རྒྱུན་དུ་ཀླུང་རྒྱ་སྡོམ་པ་ལག་བསྟར་བྱ་རྒྱུ་ཡིན་ཏེ། 2021ལོའི་ཟླ1ཚེས1ཉིན་ནས2030ལོའི་ཟླ12ཚེས31ཉིན་བར་ཡིན།

གསུམ། ཀླུང་རྒྱ་སྡོམ་པའི་བླང་བྱ།

(གཅིག)སྡེ་ཚན་དང་མི་སྒེར་ཡོད་དོ་ཅོག་གིས་ཀླུང་རྒྱ་བསྡམས་པའི་ཆུ་ཁོངས་དང་ཀླུང་རྒྱ་བསྡམས་པའི་དུས་ཡུན་ནང་དུ་ཉ་འཛིན་པའི་བྱ་སྤྱོད་གང་ཡང་གཏན་ནས་སྤེལ་མི་ཆོག། ཀླུང་རྒྱ་བསྡམས་པའི་ཆུ་ཁོངས་དང་ཀླུང་རྒྱ་བསྡམས་པའི་དུས་ཡུན་ནང་དུ་ཁྲིམས་འགལ་གྱིས་འཛིན་རྙབ་བྱས་པའི་ཉ་རིགས་སམ་དེའི་ཐོན་རྫས་ཕྱིར་འཚོང་དང་ཉོ་བསྡུ་བྱེད་མི་ཆོག ཆུའི་ཐོན་རྫས་ཉོ་ཚོང་ཁྲོམ་ར་དང་བཟའ་བཏུང་སོགས་ལས་རིགས་ཀྱིས་འབྲི་ཆུའི་བྱེས་སྐྱེས་ཉ་རིགས་དང་དེའི་ཐོན་རྫས་ཀྱི་མིང་དངོས་དང་མིང་གཞན། རི་མོ་སོགས་བཀོལ་ནས་སྒོ་བྱང་ངམ་ཡང་ན་ཚལ་ཐོ་བཟོས་ནས་འགྲུལ་བ་འགུག་ཐབས་དང་བསླུ་ཁྲིད་བྱེད་པར་གཏན་འགོག་བྱ་དགོས།

(གཉིས)ཀླུང་རྒྱ་བསྡམས་པའི་དུས་ཡུན་དུ། ཚན་རིག་ཞིབ་འཇུག་གི་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན། སོན་རྒྱུད་གསོ་སྤེལ་སོགས་དམིགས་བསལ་གྱི་དགོས་མཁོའི་དབང་གིས་ཆུ་གནས་སྐྱེ་དངོས་འཛིན་རྙབ་བྱ་དགོས་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།

(གསུམ)འབྲི་ཆུ་འབབ་ཡུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཏན་ཏིག་གིས་གོ་རྟོགས་ཇེ་མཐོར་གཏོང་བ་དང་། ཁུར་དུ་བླངས་ནས་འགན་འཁྲི་གཙང་སྒྲུབ་བྱེད་པ། གནད་དོན་གྱི་ཕྱོགས་ཁྲིད་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་ཞིབ་ཕྲའི་ངང་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཐོག ཡུན་ཕན་ལམ་སྲོལ་འཐུས་ཚང་དང་བཅོས་སྒྲིག་ཕན་འབྲས་སྲ་བརྟན། དྲིལ་བསྒྲགས་སློབ་གསོ་ཟབ་སྤེལ། ཀུན་པོས་མཉམ་འགོག་མཉམ་བཅོས། ཁྲིམས་བསྟར་སྟོབས་ཤུགས་ལ་ཤུགས་སྣོན། ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་བཅས་བྱེད་པའི་ཐད་ལ་ཡུན་རིང་དུ་བརྩོན་པ་བསྐྱེད་ཅིང་རྒྱུན་མཐུད་ངང་ཤེད་ཤུགས་བཏང་ནས། ཀླུང་རྒྱ་སྡོམ་པའི་ལམ་ལུགས་བདེ་བླག་ངང་ལག་བསྟར་དང་ཀླུང་རྒྱ་སྡོམ་པའི་བྱ་བ་སྤུས་ཚད་མཐོན་པོར་སྐུལ་སྤེལ་གཏོང་བར་ཁག་ཐེག་བྱས་ཏེ། འབྲི་ཆུའི་སྲུང་སྐྱོང་ཆེན་པོ་དོན་ཐོག་ཏུ་འཁྱོལ་བ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཚོ་སྔོན་གྱི་བྱས་རྗེས་གཞག་དགོས།

(བཞི)བརྡ་ཁྱབ་འདིའི་གཏན་འབེབས་ལས་འགལ་ཏེ། འབྲི་ཆུ་འབབ་ཡུལ་གྱི་གཙོ་གནད་ཆུ་ཁོངས་ཀྱི་ཀླུང་རྒྱ་བསྡམས་པའི་ཁྱབ་ཁོངས་དང་དུས་ཡུན་ནང་དུ་ཁྲིམས་མིན་གྱིས་བཟུང་བའི་ཉ་རིགས་སམ་དེའི་ཐོན་རྫས་འཛིན་རྙབ་དང་། ཕྱིར་འཚོང་། ཉོ་བསྡུ་བཅས་ཁྲིམས་འགལ་གྱིས་གཉེར་བ་ལ། 《ཉ་ལས་བཅའ་ཁྲིམས》དང་《ཉེས་ཁྲིམས》ལས་ཀླུང་རྒྱ་སྡོམ་ཁུལ་དང་ཀླུང་རྒྱ་སྡོམ་ཡུན་སྐོར་གྱི་གཏན་འབེབས་གཞིར་བཟུང་སྟེ་ཐག་གཅོད་བྱ་དགོས།

(ལྔ)བརྡ་ཁྱབ་འདི2021ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས་ལ། གོ་ཆོད་པའི་དུས་ཡུན་ནི2030ལོའི་ཟླ12ཚེས31ཉིན་བར་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ12ཚེས24ཉིན།