༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར།

རྒྱལ་སྤེལ〔2021﹞ཨང4བ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་དཔལ་འབྱོར་མ་ལག་འཐུས་ཚང་དུ་འཛུགས་པ་དང། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་འབྱུང་འཕྲོད་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་ཐོན་ཁུངས་ཁོར་ཡུག་གི་སྐྱེ་ཁམས་གནད་དོན་ཐག་གཅོད་པའི་རྨང་གཞིའི་ཐབས་ཇུས་ཤིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང། འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་འཛུགས་ཆེད། འདིར་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་ཅིང། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ་དང། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱས་ཐོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བྱེད་པ་དང། ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་བོར་འབྱུང་ཁམས་དང་འཕྲོད་པར་འཆར་འགོད་དང་ཇུས་འགོད། དངུལ་གཏོང། འཛུགས་སྐྲུན། ཐོན་སྐྱེད། འཁོར་རྒྱུག། འཚོ་བ་རོལ་བ། འཛད་སྤྱོད་བཅས་བྱེད་པ་ཁྱབ་སྤེལ་བཏང་ནས་འཕེལ་རྒྱས་ཕན་འབྲས་མཐོན་པོས་ཐོན་ཁུངས་བེད་སྤྱོད་དང། གཟབ་ནན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང། ནུས་ལྡན་གྱིས་དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཚོད་འཛིན་བཅས་བྱེད་པའི་རྨང་གཞིའི་སྟེང་བསྐྲུན་ཏེ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་ཆུ་ཚད་མཐོན་པོས་སྲུང་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་ཞིང། འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་དཔལ་འབྱོར་མ་ལག་འཐུས་ཚང་དུ་བཙུགས་ནས། ཐཱན་འབུད་ཚད་རྩེར་སོན་པ་དང་ཐཱན་འདྲེས་སྙོམས་པའི་དམིགས་ཡུལ་མངོན་འགྱུར་འབྱུང་བར་ཁག་ཐེག་བྱེད་པ་དང། རང་རྒྱལ་གྱི་འབྱུང་འཕྲོད་འཕེལ་རྒྱས་སྐས་རིམ་གསར་བར་སྙེག་པར་སྐུལ་འདེད་གཏང་དགོས།

(གཉིས) བྱ་བའི་རྩ་དོན།

གཙོ་གནད་ཀྱི་འགག་སྒྲོལ་བ་རྒྱུན་འཁྱོངས་བྱ་དགོས། ནུས་སྲི་ཁོར་སྲུང་དང་གཙང་དག་ཐོན་སྐྱེད། ནུས་ཁུངས་གཙང་མ་སོགས་གཙོ་གནད་དུ་བཟུང་ནས་སྔོན་གྲས་སུ་འགག་སྒོ་བསྒྲལ་ཏེ་ཞིང་ལས་དང་བཟོ་སྐྲུན་ལས་རིགས། ཞབས་ཕྱིའི་ལས་རིགས། ཆ་འཕྲིན་ལག་རྩལ་བཅས་དང་མཉམ་འདྲེས་ངང་འཕེལ་རྒྱས་ལེགས་པོར་བཏང་ནས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་དང་རྨང་གཞིའི་སྒྲིག་བཀོད་འབྱུང་འཕྲོད་ཅན་དུ་གདང་རིམ་སྤར་བར་ཁྱོན་ཡོངས་ནས་སྐུལ་ཁྲིད་བྱ་དགོས།

གསར་གཏོད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱ་དགོས། ལག་རྩལ་དང་མ་དཔེ། དོ་དམ་བྱེད་སྟངས་བཅས་གསར་དུ་གཏོད་པར་སྐུལ་འདེད་ཟབ་མོ་གཏོང་ཞིང། ཁྲོམ་ར་ཁ་ཕྱོགས་སུ་འཛིན་པའི་འབྱུང་འཕྲོད་ལག་རྩལ་གསར་གཏོད་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང། ཚོང་ལས་ཀྱི་མ་དཔེ་གསར་བ་ཁྱབ་སྤེལ་བཏང་ནས་ཕན་ནུས་ལྡན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་འཛུགས་སྐྱོང་བྱ་དགོས།

བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱ་དགོས། འབྱུང་འཕྲོད་ཅན་དུ་སྒྱུར་བ་དེ་དཔལ་འབྱོར་གོང་སྤེལ་དང་ལག་རྩལ་ཡར་ཐོན། ཐོན་ལས་རྒྱུན་མཐུད། ལས་གནས་བརྟན་འཇགས་གཏོང་བ་དང་ལས་ཞུགས། དམངས་ཚིས་ལེགས་སྒྱུར་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཧུར་བརྩོན་བརྟན་བརླིང་དང་ཞུམ་མེད་རྒྱུན་སྲིང་གི་སྒོ་ནས་སྐུལ་འདེད་གཏང་དགོས།

ཁྲོམ་ར་ཁ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས། འབྱུང་འཕྲོད་ཅན་དུ་སྒྱུར་བའི་ཁྲོམ་རའི་ཕྱོགས་སྟོན་ནུས་པ་དང་ཁེ་ལས་ཀྱི་བྱེད་པོའི་ནུས་པ། ཁྲོམ་ར་རིགས་སོ་སོའི་ཉོ་ཚོང་ལམ་སྲོལ་གྱི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས་འབྱུང་འཕྲོད་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་དགོས།

(གསུམ) དམིགས་འབེན་གཙོ་བོ། 2025ལོར་སླེབས་སྐབས། ཐོན་ལས་དང་ནུས་ཁུངས། སྐྱེལ་འདྲེན་བཅས་ཀྱི་སྒྲིག་གཞི་མངོན་གསལ་གྱིས་ཇེ་ལེགས་སུ་འགྱུར་བ་དང། འབྱུང་འཕྲོད་ཐོན་ལས་ཀྱི་བསྡུར་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བ། རྨང་གཞིའི་སྒྲིག་བཀོད་འབྱུང་འཕྲོད་ཅན་དུ་སྒྱུར་བའི་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་འགྲོ་བ། ཐོན་སྐྱེད་གཙང་དག་ཡིན་པའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་འགྲོ་བ། ཐོན་སྐྱེད་དང་འཚོ་བ་རོལ་སྟངས་འབྱུང་འཕྲོད་ཅན་དུ་སྒྱུར་བའི་གྲུབ་འབྲས་མངོན་གསལ་ཐོབ་པ། ནུས་ཁུངས་དང་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལུགས་མཐུན་དང་བེད་སྤྱོད་ལས་ཆོད་ལྡབ་འགྱུར་གྱིས་ཇེ་མཐོར་འགྲོ་བ། གཙོ་ཆེའི་འབག་བཙོག་དངོས་པོ་འབུད་ཚད་ཀྱི་བསྡོམས་འབོར་རྒྱུན་མཐུད་ངང་མར་ཆག་པ། ཐཱན་འབུད་ཤུགས་མངོན་གསལ་གྱིས་མར་ཆག་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། ཁྲོམ་ར་ཁ་ཕྱོགས་སུ་འཛིན་པའི་གནོད་མེད་ལག་རྩལ་གསར་གཏོད་མ་ལག་སྔར་བས་འཐུས་ཚང་དུ་འགྲོ་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྲིད་ཇུས་མ་ལག་སྔར་བས་ནུས་ལྡན་ཡིན་པ། འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་ཐོན་སྐྱེད་མ་ལག་དང་འཁོར་རྒྱུག་མ་ལག འཛད་སྤྱོད་མ་ལག་བཅས་ཐོག་མར་ཆགས་པར་བྱ་དགོས། 2035ལོར་སླེབས་སྐབས། འབྱུང་འཕྲོད་འཕེལ་རྒྱས་ཀྱི་ནང་སྐྱེད་སྒུལ་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན་པ་དང། འབྱུང་འཕྲོད་ཐོན་ལས་ཀྱི་གཞི་ཁྱོན་སྐས་རིམ་གསར་བར་སྙེག་པ་དང། གཙོ་གནད་ལས་རིགས་དང་གཙོ་གནད་ཐོན་རྫས་ཀྱི་ནུས་ཁུངས་དང་ཐོན་ཁུངས་བེད་སྤྱོད་ལས་ཆོད་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང། འབྱུང་འཕྲོད་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་རྒྱ་ཁྱབ་ཏུ་དར་བ། ཐཱན་འབུད་ཚད་རྩེར་སོན་རྗེས་སུ་བརྟན་འཇགས་ངང་མར་ཆག་པ། སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་འགྲོ་བ་དང། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་རེད།

གཉིས། འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་ཐོན་སྐྱེད་མ་ལག་འཐུས་ཚང་དུ་གཟུག་དགོས།

(བཞི) བཟོ་ལས་འབྱུང་འཕྲོད་ངང་གདང་རིམ་སྤར་བར་སྐུལ་འདེད་གཏང་དགོས། ངར་ལྕགས་དང་རྡོ་སྣུམ་རྫས་འགྱུར། རྫས་འགྱུར་བཟོ་ལས། མདོག་ལྡན་ལྕགས་རིགས། ཨར་ལས་རྒྱུ་ཆ། འཁེལ་འཐག ཤོག་བུ་བཟོ་བ། ཀོ་ཆས་སོགས་ལས་རིགས་འབྱུང་འཕྲོད་ཅན་དུ་སྒྱུར་བཀོད་བྱེད་པའི་བྱ་བ་མགྱོགས་མྱུར་ངང་སྤེལ་དགོས། ཐོན་རྫས་འབྱུང་འཕྲོད་ཅན་དུ་ཇུས་འགོད་བྱེད་པ་ཁྱབ་སྤེལ་བྱས་ནས་འབྱུང་འཕྲོད་ཀྱི་བཟོ་སྐྲུན་མ་ལག་བསྐྲུན་དགོས། བསྐྱར་བཟོའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས་བསྐྱར་བཟོའི་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་དང་ཁྱབ་སྤེལ་བེད་སྤྱོད་བྱེད་པར་ཤུགས་བསྣན་དགོས། ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པའི་རྟེན་གཞི་འཛུགས་སྐྲུན་བྱས་ནས་བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པར་སྐུལ་འདེད་གཏང་དགོས། གཙང་དག་གི་ཐོན་སྐྱེད་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་ཏེ། ཁྲིམས་ལྟར“གཉིས་བརྒལ་གཉིས་ལྡན་དང་ཟད་གྲོན་ཆེ་བའི”ལས་རིགས་སུ་བཙན་ཤེད་རང་བཞིན་གྱི་གཙང་དག་ཐོན་སྐྱེད་ཞིབ་བཤེར་བྱ་བ་ལག་ཏུ་བསྟར་དགོས། “ཐོར་ཟིང་བཙོག”གསུམ་གྱི་ཁེ་ལས་ངོས་འཛིན་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ་རིགས་བཀར་ནས་སྒོ་གཏན་པ་དང། ལས་མཚམས་འཇོག་པ། རྩིས་མེད་གཏོང་བ། བསྡུ་སྒྲིལ་གནས་སྤོ། དག་ཐེར་རིམ་སྤར་སོགས་བྱེད་ཐབས་ལག་བསྟར་བྱ་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་མགྱོགས་མྱུར་ངང་ལག་བསྟར་བྱ་དགོས། བཟོ་ལས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་དུ་ཉེན་ཡོད་ཟོག་རོ་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

(ལྔ) ཞིང་ལས་འབྱུང་འཕྲོད་ཅན་དུ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏང་དགོས། སྐྱེ་ཁམས་འདེབས་འཛུགས་དང་སྐྱེ་ཁམས་གསོ་སྤེལ་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་བཏང་ནས་འབྱུང་འཕྲོད་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས་ལ་ཁས་ལེན་དཔང་འདོན་དང་དོ་དམ་བྱེད་པར་ཤུགས་བསྣན་དགོས། སྐྱེ་ཁམས་འཁོར་སྐྱོད་ཀྱི་ཞིང་ལས་འཕེལ་རྒྱས་སུ་གཏོང་ཞིང། སྒོ་ཕྱུགས་དང་ཁྱིམ་བྱའི་རྟུག་ལུད་ཐོན་ཁུངས་ཅན་དུ་བེད་སྤྱོད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང། ལོ་ཏོག་གི་སོག་མ་ཕྱོགས་བསྡུས་སྒོས་བེད་སྤྱོད་པར་སྐུལ་འདེད་བཏང་ཐོག ཞིང་སྤྱོད་འགྱིག་ཤོག་གི་འབག་བཙོག་བཅོས་སྐྱོང་བྱེད་པར་ཤུགས་བསྣན་དགོས། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་མཐོར་འདེགས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ཉམ་ཞན་དུ་གྱུར་དང་འགྱུར་བཞིན་པའི་རྨོ་ཞིང་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། ནགས་ལས་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་ནགས་ཚལ་གྱི་སྐྱེ་ཁམས་མཚོན་རྟགས་ལྡན་པའི་ཐོན་རྫས་འཛུགས་སྐྲུན་ལས་གྲྭ་ལག་ཏུ་བསྟར་དགོས། ཞིང་ལས་ཀྱི་ཆུ་གྲོན་ཆུང་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་ཕན་ནུས་ཆེ་བའི་ཆུ་གྲོན་ཆུང་གི་ལག་རྩལ་ཁྱབ་གདལ་དུ་གཏང་དགོས། ཆུ་ཐོན་དངོས་རིགས་སྐྱོན་བྲལ་ངང་གསོ་སྤེལ་བྱེད་པར་ཁྱབ་སྤེལ་གཏང་དགོས། ཞིང་སྨན་དང་ཕྱུགས་རིགས་ལ་མཁོ་བའི་སྲིན་འགོག་སྨན་རྫས་སྤྱོད་ཚད་ཇེ་ཉུང་དུ་གཏོང་བ་དང་ཐོན་སྐྱེད་བྱ་ཡུལ་གྱི་ཁོར་ཡུག་གཙང་བཟོའི་བྱེད་སྒོ་སྤེལ་དགོས། གསོ་སྤེལ་ཆུ་ཁོངས་དང་གྲམ་ཐང་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་ཁྲིམས་ལྟར་ཤུགས་བསྣན་དགོས། འབྲེལ་ཡོད་ཆུ་ཁོངས་ཀྱི་ཉ་འཛིན་མི་ཆོག་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ཡུལ་སྐོར་དང་སློབ་གསོ། རིག་གནས། བདེ་ཐང་སོགས་ཀྱི་ཐོན་ལས་དེ་ཞིང་ལས་དང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་ནས་མགྱོགས་མྱུར་ངང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་སུ་གཏང་དགོས།

(དྲུག) ཞབས་ཕྱིའི་ལས་རིགས་འབྱུང་འཕྲོད་ངང་འཕེལ་རྒྱས་སུ་འགྲོ་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། ཉོ་ཚོང་ཁེ་ལས་འབྱུང་འཕྲོད་ཅན་དུ་གདང་རིམ་སྤར་བར་སྐུལ་འདེད་བཏང་ནས་འབྱུང་འཕྲོད་ངང་འཁོར་རྒྱུག་གི་བྱེད་པོ་ཁག་ཅིག་གསོ་སྐྱོང་བྱ་དགོས། འགྲུལ་བཞུད་དང་ཞག་སྡོད་སོགས་ཁྱབ་ཁོངས་ཀྱི་མཉམ་སྤྱོད་དཔལ་འབྱོར་སྒྲིག་ཡོད་ཀྱིས་འཕེལ་རྒྱས་སུ་གཏོང་བ་དང། བེད་མེད་དུ་བསྐྱུར་བའི་ཐོན་ཁུངས་ཉོ་ཚོང་ཚད་ལྡན་གྱིས་འཕེལ་རྒྱས་སུ་གཏང་དགོས། ཆ་འཕྲིན་ཞབས་ཕྱིའི་ལས་རིགས་འབྱུང་འཕྲོད་ཅན་དུ་མགྱོགས་མྱུར་ངང་སྒྱུར་བ་དང། གཞི་གྲངས་ལྟེ་གནས་ཆེ་འབྲིང་གྲས་དང་དྲ་རྒྱའི་འཁོར་ཁང་འབྱུང་འཕྲོད་ཅན་དུ་འཛུགས་སྐྲུན་དང་སྒྱུར་བཀོད་ལེགས་པོར་བྱས་ཏེ། འབྱུང་འཕྲོད་སྒོས་གཉེར་སྐྱོང་དང་སྲུང་སྐྱོང་བྱེད་པའི་མ་ལག་གཟུག་དགོས། འགྲེམ་ཚོགས་ལས་རིགས་འབྱུང་འཕྲོད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏོང་ཞིང། ལས་རིགས་ཀྱི་འབྲེལ་ཡོད་འབྱུང་འཕྲོད་ཚད་གཞི་བཟོ་བར་མཛུབ་སྟོན་བྱས་ནས་འགྲེམ་སྟོན་གྱི་སྒྲིག་བཀོད་འཁོར་སྐྱོད་ངང་སྤྱོད་པར་སྐུལ་འདེད་གཏང་དགོས། རླངས་འཁོར་ཞིག་གསོ་དང་མཛེས་བཟོ་མཛེས་སྤྲས་སོགས་ལས་རིགས་ཀྱིས་ཡལ་སླའི་རང་བཞིན་གྱི་སྐྱེ་ལྡན་དངོས་པོ་འདུས་ཚད་ཉུང་བའི་མ་བཅོས་རྒྱུ་ཆ་ཕལ་བ་བེད་སྤྱོད་པར་སྐུལ་འདེད་གཏང་དགོས། མགྲོན་ཁང་དང་བཟའ་བཏུང་སོགས་ལས་རིགས་ཀྱིས་གཅིག་སྤྱོད་རང་བཞིན་གྱི་སྤྱོད་ཆས་རང་འགུལ་གྱིས་འདོན་སྤྲོད་མི་བྱེད་པ་དར་སྤེལ་གཏང་དགོས།

(བདུན) གནོད་མེད་ཁོར་སྲུང་གི་ཐོན་ལས་རྒྱ་ཆེར་བསྐྱེད་དགོས། རྒྱལ་ཁབ་ཀྱི་འབྱུང་འཕྲོད་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་ཅིག་འཛུགས་སྐྲུན་བྱས་ཏེ། སྒོ་འབྱེད་དང་མཉམ་ལས། ནུས་ལྡན་བཅས་ཀྱི་གསར་གཏོད་སྐྱེ་ཁམས་མ་ལག་ཆགས་པར་སྐུལ་འདེད་གཏང་དགོས། ཁྲོམ་རའི་བྱེད་པོ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་ཅིང། དབང་བའི་ལམ་ལུགས་འདྲེས་མ་ཅན་གྱི་སྤྱི་གཉེར་ཁང་འཛུགས་པར་སྐུལ་མ་བཏང་སྟེ་འབྱུང་འཕྲོད་ཐོན་ལས་སྡེ་ཚོགས་ཆེ་གྲས་ཁག་ཅིག་བསྐྲུན་དགོས། ཁེ་ལས་འབྲིང་ཆུང་གིས་ལས་གཙོ་བོར་དམིགས་ཏེ་ལྟེ་བའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱས་ནས“ཆེད་མཁས་ཁྱད་གསར”གྱི་ཁེ་ལས་འབྲིང་ཆུང་གསོ་སྐྱོང་བྱ་དགོས། གན་རྒྱ་བཞག་སྟེ་ནུས་ཁུངས་དོ་དམ་དང་གན་རྒྱ་བཞག་སྟེ་ཆུ་སྲི་དོ་དམ། ཁོར་ཡུག་འབག་བཙོག་ལ་ཕྱོགས་གསུམ་པས་བཅོས་སྐྱོང་བྱེད་པ་སོགས་ཀྱི་རྣམ་པ་དང། ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་ཁ་ཕྱོགས་སུ་འཛིན་པའི་ཁོར་ཡུག་གཏད་གཉེར་ཞབས་ཕྱི་བཅས་ཁྱབ་སྤེལ་གཏང་དགོས། རྡོ་སྣུམ་དང་རྫས་འགྱུར་བཟོ་ལས། གློག་ཤུགས། རང་བྱུང་སོལ་རླངས་སོགས་ཁྱབ་ཁོངས་ཀྱི་ནུས་སྲི་ཁོར་སྲུང་སྐོར་གྱི་འགྲན་རྩོད་རང་བཞིན་གྱི་ལས་སྒོ་སྔར་ལས་འཁྲུག་པོར་བཟོས་ཏེ། སྤྱི་པའི་ལས་ཁུངས་ཀྱིས་ནུས་ཁུངས་གཏད་གཉེར་ཞབས་ཕྱི་སྤེལ་བར་སྐུལ་མ་གཏང་དགོས། འབྱུང་འཕྲོད་ཐོན་ལས་ཀྱི་མཛུབ་སྟོན་དཀར་ཆག་དུས་བབ་དང་བསྟུན་ནས་བཟོ་བཅོས་བརྒྱབ་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱ་དགོས།

(བརྒྱད) ཐོན་ལས་གླིང་ཁུལ་དང་ཐོན་ལས་ཁྱུ་ཚོགས་འཁོར་སྐྱོད་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། གསར་དུ་སྐྲུན་འཆར་ཡོད་པའི་ཐོན་ལས་གླིང་ཁུལ་གསར་སྤེལ་འཛུགས་སྐྲུན་གྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འཆར་འགོད་དེས་ཁོར་ཡུག་ལ་བཟོ་སྲིད་པའི་ཤུགས་རྐྱེན་ལ་གདེང་འཇོག་བྱས་ནས། འཇུག་འཐུས་ཚད་གཞི་གཟབ་ནན་དང་འཁོར་སྐྱོད་ཐོན་ལས་ཀྱི་སྦྲེལ་ཐག་འཐུས་ཚང་དུ་བཏང་ནས་ཐོན་ལས་འཁོར་སྐྱོད་མཐུན་འགྱུར་ཡོང་བར་སྐུལ་འདེད་གཏང་དགོས། ད་ཡོད་ཀྱི་ཐོན་ལས་གླིང་ཁུལ་དང་ཐོན་ལས་ཁྱུ་ཚོགས་འཁོར་སྐྱོད་ཅན་དུ་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱི་པའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་དང་ནུས་ཁུངས་སྐས་རིམ་ལྟར་བེད་སྤྱོད་པ། ཐོན་ཁུངས་འཁོར་སྐྱོད་ངང་བེད་སྤྱོད་པ། འབག་བཙོག་དངོས་པོ་གཅིག་བསྡུས་ཀྱིས་བདེ་འཇགས་ངང་ཐག་གཅོད་པ་སོགས་ལ་སྐུལ་འདེད་གཏང་དགོས། གློག་དང་ཚ་གྲང། སོལ་རླངས་སོགས་ནུས་ཁུངས་སྣ་མང་མཐུན་སྦྱོར་རོགས་རེས་བྱེད་པའི་ཕྱོགས་བསྡུས་ནུས་ཁུངས་ལས་གཞི་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏང་དགོས། རྫས་འགྱུར་བཟོ་ལས་སོགས་ཐོན་ལས་གླིང་ཁུལ་དུ་ཉེན་ཆེའི་ཟོག་རོ་གཅིག་བསྡུས་ཀྱིས་གསོག་ཉར་དང་སྔོན་འགྲོའི་གཙང་སེལ། ཐག་གཅོད་བཅས་བྱེད་པའི་སྒྲིག་བཀོད་ཆ་འགྲིག་ཏུ་འཛུགས་སྐྲུན་བྱ་དགོས།

(དགུ) འབྱུང་འཕྲོད་ཀྱི་མཁོ་འདོན་སྦྲེལ་ཐག་འཛུགས་སྐྱོང་བྱ་དགོས། ཁེ་ལས་ཀྱིས་འབྱུང་འཕྲོད་ཅན་དུ་ཇུས་འགོད་དང་འབྱུང་འཕྲོད་རྒྱུ་ཆ་འདེམས་པ། འབྱུང་འཕྲོད་ཉོ་སྒྲུབ་བྱེད་པ། འབྱུང་འཕྲོད་ཀྱི་བཟོ་སྐྲུན་བཟོ་རྩལ་སྐྲུན་པ། འབྱུང་འཕྲོད་ཐུམ་སྒྲིལ་ཁྱབ་གདལ་གཏོང་བ། འབྱུང་འཕྲོད་སྒོས་སྐྱེལ་འདྲེན། བེད་མེད་ཐོན་རྫས་ཕྱིར་བསྡུ་དང་ཐག་གཅོད་ལེགས་པོ་བཅས་བྱེད་པར་སྐུལ་མ་བཏང་སྟེ། ཐོན་རྫས་ཀྱི་དུས་འཁོར་ཧྲིལ་བོ་འབྱུང་འཕྲོད་ཁོར་སྲུང་ཐུབ་པ་མངོན་འགྱུར་བྱ་དགོས། བརྩོན་སེམས་ཆེ་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་དང། སྐུལ་ཁྲིད་ཀྱི་ནུས་པ་དྲག་པའི་ཁེ་ལས100ཡས་མས་བདམས་ཏེ་འབྱུང་འཕྲོད་ཀྱི་མཁོ་འདོན་སྦྲེལ་ཐག་གི་ཚོད་ལྟའི་བྱ་བ་སྤེལ་ནས་འབྱུང་འཕྲོད་ཀྱི་མཁོ་འདོན་སྦྲེལ་ཐག་ལམ་ལུགས་མ་ལག་འཚོལ་ཞིབ་བྱས་ནས་གཟུག་དགོས། ལས་རིགས་མཐུན་ཚོགས་ཀྱིས་ཚད་གཞི་གཏན་འབེབས་དང་བློ་འདྲིའི་ཞབས་ཕྱི་སྒྲུབ་པ། ལས་རིགས་ཀྱིས་རང་གཅུན་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་པ་བརྒྱུད་དེ་ལས་རིགས་ཀྱི་མཁོ་འདོན་སྦྲེལ་ཐག་འབྱུང་འཕྲོད་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བར་སྐུལ་མ་གཏང་དགོས།

གསུམ། འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏང་དགོས།

(བཅུ) འབྱུང་འཕྲོད་ཀྱི་དངོས་ཟོག་འགྲེམ་སྐྱེལ་བྱེད་སྟངས་བསྐྲུན་དགོས། སྐྱེལ་འདྲེན་གྱི་སྒྲིག་གཞི་ཧུར་ཐག་གིས་ལེགས་སྒྲིག་བྱེད་ཅིང། ལྕགས་ལམ་མཚོ་ལམ་དང་གཞུང་ལམ་ལྕགས་ལམ། གཞུང་ལམ་མཚོ་ལམ་སོགས་སྣ་མང་མཉམ་འབྲེལ་གྱིས་སྐྱེལ་འདྲེན་བྱེད་པར་སྐུལ་འདེད་བཏང་སྟེ། ལྕགས་ལམ་ཆེད་སྤྱོད་ལམ་བུ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས། དངོས་ཟོག་འགྲེམ་སྐྱེལ་རྩ་འཛུགས་དང་དོ་དམ་བྱེད་པར་ཤུགས་བསྣན་ནས་མགྱོགས་མྱུར་ངང་འབྲེལ་ཡོད་སྤྱི་པའི་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ཅིང། ཟུར་འགེལ་སྐྱེལ་འདྲེན་དང་ཐུན་མོང་སྡེབ་སྐྱེལ་འཕེལ་རྒྱས་སུ་གཏང་དགོས། འབྱུང་འཕྲོད་ཐཱན་ཉུང་གི་སྐྱེལ་འདྲེན་ཡོ་བྱད་ཁྱབ་སྤེལ་བྱེད་པ་དང་རླངས་འཁོར་དང་གྲུ་གཟིངས་རྙིང་བ་གསེས་འདོར་གསར་སྒྱུར་རམ་སྒྱུར་བཀོད་བྱ་དགོས་ཤིང། གྲུ་ཁ་དང་གནམ་གྲུ་ཐང་གི་ཞབས་ཕྱི་དང་གྲོང་ཁྱེར་གྱི་དངོས་ཟོག་འགྲེམ་སྐྱེལ་སྡེབ་སྐྱེལ། སྦྲག་སྲིད་མྱུར་སྐྱེལ་སོགས་ཁྱབ་ཁོངས་སུ་ནུས་ཁུངས་གསར་བའམ་ནུས་ཁུངས་གཙང་མའི་རླངས་འཁོར་དམིགས་བསལ་གྱིས་སྔོན་ལ་སྤྱད་དགོས། འབྱུང་འཕྲོད་གྲུ་གཟིངས་དཔེ་སྟོན་བཀོལ་སྤྱོད་བྱེད་པ་ཁྱབ་གདལ་བྱེད་ཤུགས་ཇེ་ཆེར་བཏང་ནས་སྐམ་སའི་དབུས་ཁུལ་གྱི་ཆུ་བོར་གཏོང་བའི་གྲུ་གཟིངས་རིགས་ཚད་ལྡན་ཅན་དུ་སྒྱུར་བར་སྐུལ་འདེད་གཏང་དགོས། གྲུ་ཁ་དང་མཚོ་འགྲམ་གྱི་གློག་གི་སྒྲིག་བཀོད་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། གནམ་གྲུ་ཐང་གིས་གནམ་གྲུའི་རམ་འདེགས་སྒུལ་ཤུགས་སྒྲིག་ཆས་ཀྱི་ཚབ་བྱེད་སྒྲིག་ཆས་འཛུགས་སྐྲུན་དང་བེད་སྤྱོད་པར་རྒྱབ་སྐྱོར་བྱ་དགོས། དངོས་ཟོག་འགྲེམ་སྐྱེལ་ཁེ་ལས་ཀྱིས་གྲངས་འཛིན་ཅན་གྱི་གཉེར་སྐྱོང་ལས་སྟེགས་གཏོད་པར་རྒྱབ་སྐྱོར་བྱེད་ཅིང། རིག་ལྡན་མཛོད་ཉར་དང་རིག་ལྡན་སྐྱེལ་འདྲེན་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་བཏང་ཐོག ཚད་ལྡན་ཅན་གྱི་འདེགས་གཞོང་འཁོར་སྐྱོད་ངང་མཉམ་སྤྱོད་ཀྱི་ལམ་ལུགས་འཛུགས་པར་སྐུལ་འདེད་གཏང་དགོས།

(བཅུ་གཅིག) སླར་སྐྱེའི་ཐོན་ཁུངས་ཕྱིར་བསྡུ་དང་བེད་སྤྱོད་པརཤུགས་བསྣན་དགོས། གད་སྙིགས་རིགས་ཕྱེས་ནས་ཕྱིར་བསྡུ་དང་སླར་སྐྱེའི་ཐོན་ཁུངས་ཕྱིར་བསྡུ་བའི“དྲ་གཉིས་མཉམ་འདྲེས”ཡོང་བར་སྐུལ་འདེད་བཏང་ཐོག ས་གནས་ཀྱིས་སླར་སྐྱེའི་ཐོན་ཁུངས་ཀྱི་ས་ཁོངས་ཉོ་ཚོང་ལྟེ་གནས་འཛུགས་པར་སྐུལ་མ་གཏང་དགོས། ཐོན་སྐྱེད་བྱེད་མཁན་གྱི་འགན་འཁྲི་མུ་སྲིང་བའི་ལམ་ལུགས་མགྱོགས་མྱུར་ངང་དོན་འཁྱོལ་བྱས་ནས་ཐོན་སྐྱེད་ཁེ་ལས་ཀྱིས་ལྡོག་ཕྱོགས་ཀྱི་དངོས་ཟོག་འགྲེམ་སྐྱེལ་ཕྱིར་བསྡུ་བའི་མ་ལག་འཛུགས་པར་ཁྲིད་སྟོན་བྱ་དགོས། ཁེ་ལས་ཀྱིས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་སྤྱད་དེ་ཟོག་རོ་ཕྱིར་བསྡུ་བའི་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་དམ་ཚགས་བྱེད་པར་སྐུལ་མ་གཏོང་ཞིང། ཚོང་ལས་ཀྱི་མ་དཔེ་གསར་བ་གསོ་སྐྱོང་བྱེད་པ་དང། སྣེ་ཁྲིད་ཁེ་ལས་བསྐྲུན་ནས་ལས་རིགས་སྤྱིའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏང་དགོས། བེད་མེད་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་བ་ཕྱིར་བསྡུ་དང་ཐག་གཅོད་པའི་མ་ལག་འཐུས་ཚང་དུ་བཏང་ནས་དཔེ་མཚོན་ཅན་གྱི་ཕྱིར་བསྡུའི་མ་དཔེ་དང་ཉམས་མྱོང་བྱེད་ཐབས་ཁྱབ་སྤེལ་གཏང་དགོས། ཟོག་རོ་འཁོར་སྐྱོད་ངང་བེད་སྤྱོད་པའི་མ་ལག་མགྱོགས་མྱུར་ངང་བཙུགས་ནས། ཤོག་སྙིགས་དང་སྤོས་འགྱིག་གི་སྙིགས་རོ། འགྱིག་འཁོར་རྙིང་ཧྲུལ། བེད་མེད་ལྕགས་རིགས། བེད་མེད་ཤེལ་སྒོ་སོགས་སླར་སྐྱེའི་ཐོན་ཁུངས་ཕྱིར་བསྡུ་དང་བེད་སྤྱོད་བྱེད་པར་ཤུགས་བསྣན་ཏེ། ཐོན་ཁུངས་ཐོན་སྐྱེད་བྱེད་ཚད་དང་ཕྱིར་བསྡུ་བེད་སྤྱོད་བྱེད་ཚད་ཇེ་མང་དུ་གཏང་དགོས།

(བཅུ་གཉིས) འབྱུང་འཕྲོད་ཀྱི་ཉོ་ཚོང་མ་ལག་གཟུག་དགོས། ཉོ་ཚོང་གི་སྒྲིག་གཞི་ཧུར་ཐག་གིས་ཇེ་ལེགས་སུ་གཏོང་བ་དང། སྤུས་ཚད་མཐོ་ཞིང་ཟུར་སྣོན་རིན་ཐང་ཆེ་བའི་འབྱུང་འཕྲོད་ཐོན་རྫས་ཀྱི་ཉོ་ཚོང་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང། འབག་བཙོག་བཟོ་ཚད་དང་ཟད་གྲོན་ཆེ་བའི་ཐོན་རྫས་ཕྱིར་གཏོང་བར་ཚོད་འཛིན་ནན་མོ་བྱ་དགོས། འབྱུང་འཕྲོད་ཚད་གཞི་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང། འབྲེལ་ཡོད་རྒྱལ་སྤྱིའི་ཚད་གཞི་བཟོ་བར་ཧུར་ཐག་གིས་ཁྲིད་སྟོན་དང་ཐེ་ཞུགས་བྱེད་ཅིང། ཚད་དང་མཐུན་མིན་ཞིབ་དཔྱད་གཏན་འབེབས་བྱེད་པའི་ཐད་ནས་མཉམ་ལས་དང་ཕན་ཚུན་ཁས་ལེན་གྱི་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་སྟེ་འབྱུང་འཕྲོད་ཀྱི་ཉོ་ཚོང་སྒྲིག་སྲོལ་དང་ཕྱིར་གཏོང་ནང་འདྲེན་གྱི་སྲིད་ཇུས་འབྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབ་དགོས། འབྱུང་འཕྲོད་ཀྱི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ནུས་སྲི་ཁོར་སྲུང་དང་ནུས་ཁུངས་གཙང་དག་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་སྒྲིག་ཆས་དང་ཞབས་ཕྱིའི་མཉམ་ལས་རྒྱ་བསྐྱེད་དགོས།

བཞི། འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་འཛད་སྤྱོད་མ་ལག་འཐུས་ཚང་དུ་གཏང་དགོས།

(བཅུ་གསུམ) འབྱུང་འཕྲོད་ཐོན་རྫས་འཛད་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། སྲིད་གཞུང་གིས་འབྱུང་འཕྲོད་ངང་ཉོ་སྒྲུབ་བྱེད་ཤུགས་ཇེ་ཆེར་གཏོང་ཞིང། འབྱུང་འཕྲོད་ཐོན་རྫས་ཉོ་སྒྲུབ་བྱེད་པའི་ཁྱབ་ཁོངས་ཇེ་ཆེར་བཏང་ནས་འབྱུང་འཕྲོད་ངང་ཉོ་སྒྲུབ་བྱེད་པའི་ལམ་ལུགས་དེ་རྒྱལ་དབང་ཁེ་ལས་སུ་རིམ་བཞིན་རྒྱ་བསྐྱེད་དགོས། ཁེ་ལས་དང་སྡོད་དམངས་ཀྱིས་འབྱུང་འཕྲོད་ཐོན་རྫས་ཉོ་སྒྲུབ་ལ་ཁྲིད་སྟོན་བྱེད་པར་ཤུགས་བསྣན་ནས་ས་གནས་ཀྱིས་གསབ་དངུལ་དང་ཆ་བསགས་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འབྱུང་འཕྲོད་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་སྐུལ་མ་གཏང་དགོས། གློག་རྡུལ་ཚོང་དོན་ལས་སྟེགས་སུ་འབྱུང་འཕྲོད་ཐོན་རྫས་ཕྱིར་འཚོང་གི་ཆེད་དམིགས་ཁུལ་འཛུགས་པར་སྐུལ་འདེད་གཏང་དགོས། འབྱུང་འཕྲོད་ཐོན་རྫས་དང་ཞབས་ཕྱིར་ཁས་ལེན་དཔང་འདོན་དང་དོ་དམ་བྱེད་པར་ཤུགས་སྣོན་པ་དང་ཁས་ལེན་དཔང་འདོན་ལས་ཁུངས་ཀྱི་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། འབྱུང་འཕྲོད་གློག་ཤུགས་ཀྱི་ལག་ཁྱེར་ཉོ་ཚོང་ཁྱབ་སྤེལ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་འབྱུང་འཕྲོད་གློག་ཤུགས་འཛད་སྤྱོད་བྱེད་ཚད་ཇེ་ཆེར་གཏོང་བར་སྣེ་འཁྲིད་དགོས། འབྱུང་འཕྲོད་ཐོན་རྫས་ཀྱི་རྟགས་མཚན་རྫུ་འགོད་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། འབྲེལ་ཡོད་སྲིད་འཛིན་ཆད་གཅོད་སོགས་ཀྱི་ཆ་འཕྲིན་དེ་རྒྱལ་ཁབ་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ཏུ་གཞུག་དགོས།

(བཅུ་བཞི) འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བ་རོལ་སྟངས་དར་སྤེལ་གཏང་དགོས། གྲོན་ཆུང་ནན་མོ་བྱས་ནས་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས། ཡུལ་བབ་དང་བསྟུན་ནས་འཚོ་བའི་གད་སྙིགས་ལ་རིགས་དབྱེ་བ་དང་ཇེ་ཉུང་དུ་གཏོང་བ། ཐོན་ཁུངས་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་སྟེ་དྲིལ་སྒྲོག་དང་གསོ་སྦྱོང། ཕན་འབྲས་དཔྱད་འཇོག་བཅས་ཀྱི་བྱ་བ་སྤེལ་དགོས། སྤོས་འགྱིག་གི་འབག་བཙོག་སྦྲེལ་ཐག་ཡོངས་སུ་བཅོས་སྐྱོང་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏང་དགོས། ཚད་ལས་བརྒལ་བའི་ཐུམ་སྒྲིལ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་ཐོན་སྐྱེད་གཉེར་སྐྱོང་མཁན་གྱིས་ཚོང་རྫས་ལ་ཚད་བརྒལ་གྱིས་ཐུམ་སྒྲིལ་བར་ཚོད་འཛིན་པའི་བཙན་ཤེད་རང་བཞིན་གྱི་ཚད་གཞི་བརྩི་སྲུང་བྱེད་པར་སྐུལ་འདེད་གཏང་དགོས། འགྲིམ་འགྲུལ་མ་ལག་རིག་ནུས་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་བཏང་ནས་འབྱུང་འཕྲོད་ངང་འགྲུལ་བཞུད་ལ་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་ཞིང། ཁོར་ཡུག་བཙོག་ཟིང་ཞན་གསུམ་བཅོས་སྒྲིག་བྱས་ཏེ་གནས་སྡོད་ལ་འཚམ་པའི་འཚོ་བའི་ཁོར་ཡུག་བསྐྲུན་དགོས། འབྱུང་འཕྲོད་ཀྱི་འཚོ་བ་རོལ་སྟངས་གསར་སྐྲུན་གྱི་བྱེད་སྒོ་སྤེལ་དགོས།

ལྔ། མགྱོགས་མྱུར་ངང་རྨང་གཞིའི་སྒྲིག་བཀོད་འབྱུང་འཕྲོད་ཅན་དུ་གདང་རིམ་སྤར་དགོས།

(བཅོ་ལྔ) ནུས་ཁུངས་མ་ལག་འབྱུང་འཕྲོད་ཐཱན་ཉུང་ཅན་དུ་སྒྱུར་བར་སྐུལ་འདེད་གཏང་དགོས། ནུས་ཁུངས་གྲོན་ཆུང་བྱ་རྒྱུ་དམིགས་བསལ་གྱིས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ནས་ནུས་ཁུངས་འཛད་སྤྱོད་ཀྱི་བསྡོམས་འབོར་དང་དྲག་ཚད་གཉིས་སྡོམ་གྱི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། སླར་སྐྱེའི་ནུས་ཁུངས་བེད་སྤྱོད་པའི་བསྡུར་ཚད་ཇེ་མཐོར་གཏོང་ཞིང། རླུང་ནུས་ཀྱིས་གློག་འདོན་པ་དང་འོད་ཝོལ་གྱིས་གློག་འདོན་པ་གོང་དུ་སྤེལ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ཏེ་ཆུ་ནུས་དང་ས་འོག་ཚ་ནུས། རྒྱ་མཚོའི་ནུས་ཁུངས། ཆིང་ནུས། སྐྱེ་དངོས་ཀྱི་གཤིས་ནུས། འོད་དྲོད་བཅས་ཀྱིས་གློག་འདོན་པ་འཕེལ་རྒྱས་སུ་གཏང་དགོས། ཤོང་ཚད་ཆེ་བའི་ནུས་གསོག་ལག་རྩལ་མགྱོགས་མྱུར་ངང་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་བྱས་ནས་གློག་དྲ་གཅིག་བསྡུས་དང་ཕྱིར་སྐྱེལ་ནུས་པ་ཇེ་ཆེར་གཏང་དགོས། ཞིང་སྡེའི་ནུས་ཁུངས་གཙང་དག་མཁོ་འདོན་བྱེད་ཚད་ཇེ་མང་དུ་བཏང་ནས་ཞིང་སྡེ་རུ་སྐྱེ་དངོས་གཤིས་ནུས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏང་དགོས། རྡོ་སོལ་གཙང་དག་དང་ནུས་ལྡན་སྒོས་གསར་སྤེལ་རིགས་སྒྱུར་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང། སོལ་གློག་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཁྲོད་དུ་ཤོང་ཚད་ཆེ་ཞིང་དཔྱད་གྲངས་མང་བ་དང། འབག་བཙོག་གི་ཚད་དམའ་བའི་སོལ་གློག་གི་འཕྲུལ་འཁོར་ཚན་པས་ཟིན་པའི་བསྡུར་ཚད་མུ་མཐུད་ཇེ་མང་དུ་གཏང་དགོས། བྱང་ཕྱོགས་ས་ཁུལ་གྱི་རྫོང་མཁར་དུ་གཙང་དག་གི་ཚ་གློག་ཐོན་སྦྲེལ་གྱི་དྲོད་རླངས་གཅིག་བསྡུས་སྒོས་མཁོ་འདོན་བྱེད་པ་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་ནས་སྐྱེ་དངོས་ཀྱི་གཤིས་ནུས་མཐུན་འགྱུར་བྱུང་ནས་དྲོད་འདོན་པར་བརྟན་འཇགས་ངང་སྐུལ་འདེད་གཏང་དགོས། གསར་དུ་བསྣན་པའི་སོལ་གློག་འཕྲུལ་འཁོར་གྱིས་གློག་འདོན་ཚད་ཚོད་འཛིན་ནན་མོ་བྱ་དགོས། ནུས་ཁུངས་འདྲེན་སྦྱོར་ལས་ཕྱོད་ཇེ་ཆེར་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཏུ་གློག་བགོད་དྲ་ལམ་འཛུགས་སྐྲུན་དང་རིག་ནུས་རིམ་སྤར་འཆར་གཞི་ལག་ཏུ་བསྟར་ནས་ཞིང་སྡེའི་གློག་དྲ་རིམ་སྤར་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏང་དགོས། རང་བྱུང་སོལ་རླངས་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་ཅིང་ཕན་ཚུན་སྦྲེལ་མཐུད་ཡོང་བར་བྱ་དགོས། དབྱང་གཉིས་ཐཱན་འགྱུར་སྡུད་ལེན་དང་བཀོལ་སྤྱོད། ཐམ་ཉར་བཅས་ཀྱི་ཚོད་ལྟའི་དཔེ་སྟོན་སྤེལ་དགོས།

(བཅུ་དྲུག) མཁར་གྲོང་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རིམ་སྤར་ལ་སྐུལ་འདེད་གཏང་དགོས། མཁར་གྲོང་གི་བཙོག་ཆུའི་སྦུག་དྲ་ཁྱོན་ཡོངས་ལ་ཁེབས་པར་སྐུལ་འདེད་གཏང་དགོས། མཁར་གྲོང་གི་འཚོ་བའི་བཙོག་ཆུ་བསྡུ་རུབ་དང་གཙང་བཅོས་བྱེད་པའི་སྒྲིག་བཀོད་དེ“བཟོ་གྲྭ་དང་དྲ་བ་གཞི་གཅིག་ཅན”དུ་གཏོང་བར་སྐུལ་འདེད་གཏོང་ཞིང། འདམ་རྫབ་གནོད་མེད་ཅན་དང་ཐོན་ཁུངས་ཅན་དུ་སྒྱུར་བའི་སྒྲིག་བཀོད་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང། ཡུལ་བབ་དང་བསྟུན་ཏེ་བཙོག་ཆུ་ཐོན་ཁུངས་ཅན་དུ་བེད་སྤྱོད་པའི་སྒྲིག་བཀོད་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གྱི་བཙོག་ཆུ་གཞི་རྩའི་ཆ་ནས་མེད་པར་བྱ་དགོས། མཁར་གྲོང་གི་འཚོ་བའི་གད་སྙིགས་ཐག་གཅོད་པའི་སྒྲིག་བཀོད་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང། འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་འདོན་པར་སྐུལ་སྤེལ་བཏང་སྟེ་འཚོ་བའི་གད་སྙིགས་ས་འོག་ཏུ་སྦས་ཚད་ཇེ་ཉུང་དུ་གཏང་དགོས། ཉེན་ཆེའི་ཟོག་རོ་གཅིག་བསྡུས་ཀྱིས་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་བ་དང། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ་ཆུ་ཚད་ཇེ་ཆེར་བཏང་ཐོག གཉེར་སྐྱོང་ཆོག་འཐུས་དོ་དམ་ལམ་ལུགས་གཟབ་ནན་གྱིས་ལག་ཏུ་བསྟར་དགོས། སྨན་བཅོས་སྐོར་གྱི་ཟོག་རོ་འཚུབ་ཟློག་ཐག་གཅོད་བྱེད་པའི་ནུས་པ་ཇེ་ཆེར་གཏང་དགོས། ཟ་ཁང་དང་ཇ་ཁང་གི་གད་སྙིགས་ཐོན་ཁུངས་ཅན་དུ་བེད་སྤྱོད་དང་གནོད་མེད་ཅན་དུ་བསྒྱུར་དགོས། རྒྱ་མཚོའི་འགྲམ་རྒྱུད་ཀྱི་ཆུ་དཀོན་པའི་གྲོང་ཁྱེར་དུ་མཚོ་ཆུ་ཚྭ་མེད་ཅན་དུ་གཏོང་བའི་སྒྲིག་བཀོད་ཆེ་གྲས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས།

(བཅུ་བདུན) འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འབྱུང་འཕྲོད་ངང་འཕེལ་རྒྱས་སུ་གཏོང་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན། གཉེར་སྐྱོང། སྲུང་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ་ས་ཞིང་སོགས་ཀྱི་ཐོན་ཁུངས་ལེགས་བསྡུས་བེད་སྤྱོད་བྱེད་པ་དང། སྐྱེ་ཁམས་རྩོལ་ནུས་གལ་ཆེན་ལྡན་པའི་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་ལ་ལུགས་མཐུན་གྱིས་གཡོལ་ནས་སྤྱི་གནོད་མེད་པའི་གཞུང་ལམ་དང་ལྕགས་ལམ། མཚོ་ལམ། གྲུ་ཁ། མཁའ་སྐྱོད་གྲུ་ཁ་བཅས་ཧུར་ཐག་གིས་བསྐྲུན་དགོས། ནུས་ཁུངས་གསར་བའི་རླངས་འཁོར་ལ་གློག་གསོག་བརྗེ་བྱེད་པ་དང། ཆིང་སྣོན་པ་སོགས་ཆ་འགྲིག་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་དགོས། འཁྱག་ཐུབ་སྣུམ་སྙིགས་དང་རིག་ནུས་ལ་བརྟེན་ནས་རླུང་རྒྱུ་བར་བྱེད་པ། རམ་འདེགས་སྒུལ་ཤུགས་ཀྱིས་ཚབ་བྱེད་པ། ནུས་སྲིའི་གློག་སྒྲོན། སྒྲ་འགོག་སྒྲིབ་དངོས་སོགས་ནུས་སྲི་ཁོར་སྲུང་གི་སྔོན་ཐོན་ལག་རྩལ་དང་ཐོན་རྫས་ཧུར་ཐག་གིས་ཁྱབ་སྤེལ་དང་བེད་སྤྱོད་བྱ་དགོས། ལས་གྲྭ་འཛུགས་སྐྲུན་ཁྲོད་བེད་མེད་དུ་བསྐྱུར་བའི་ཐོན་ཁུངས་ཕྱོགས་བསྡུས་སྒོས་བེད་སྤྱོད་ཤུགས་ཇེ་ཆེར་བཏང་ནས་ལམ་ངོས་རྙིང་ཧྲུལ་དང་སྣུམ་སྙིགས། ཆུ་ལམ་བཤངས་པའི་ས་རོ་སོགས་རྒྱུ་ཆ་དང་ཨར་ལས་གད་སྙིགས་ཐོན་ཁུངས་ཅན་དུ་བེད་སྤྱོད་པར་སྐུལ་འདེད་གཏང་དགོས།

(བཅོ་བརྒྱད) གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས། འབྲེལ་ཡོད་བར་སྟོང་རང་བཞིན་གྱི་འཆར་འགོད་ལ་འབྱུང་འཕྲོད་ངང་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་ལག་ཏུ་བསྟར་ནས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་ཅིང། བར་སྟོང་གི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང། གསར་སྤེལ་བྱེད་ཤུགས་ལུགས་མཐུན་གྱིས་གཏན་ཁེལ་བྱས་ཐོག གྲོང་ཁྱེར་གྱི་བར་སྟོང་བསྐྱུར་ཏེ་ལྗང་མདོག་སྣོན་པར་སྐུལ་མ་གཏང་དགོས། “མཛེས་པའི་གྲོང་ཁྱེར”གྱི་གདེང་འཇོག་མ་ལག་བཙུགས་ནས“མཛེས་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ཚོད་ལྟའི་བྱ་བ་སྤེལ་དགོས། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་གཤོང་ནུས་ཇེ་ཆེར་གཏང་དགོས། འབྱུང་འཕྲོད་ཀྱི་སྡེ་ཁུལ་གསར་འཛུགས་ལས་སྒོ་སྤེལ་ཞིང་འབྱུང་འཕྲོད་ཀྱི་བཟོ་བཀོད་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང། འབྱུང་འཕྲོད་བཟོ་བཀོད་ཀྱི་གཅིག་གྱུར་མཚོན་རྟགས་ལམ་ལུགས་བཙུགས་ཏེ། མཁར་གྲོང་གི་སྡེ་ཁུལ་རྙིང་གྲས་སྒྱུར་བཀོད་བྱེད་པའི་བྱ་བ་དང་ཟུང་དུ་སྦྲེལ་ནས་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འབྱུང་འཕྲོད་ཅན་དང་ད་ཡོད་བཟོ་བཀོད་ནུས་སྲི་ཅན་དུ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏང་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་གདེང་འཇོག་མ་ལག་བཙུགས་ནས་གྲོང་གསེབ་འཛུགས་སྐྲུན་གྱི་ཞན་ཆ་གསབ་པར་སྐུལ་འདེད་གཏང་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང། ཡུལ་བབ་དང་བསྟུན་ཏེ་ཞིང་སྡེའི་སྤྱོད་ཁང་སྒྱུར་བཀོད་དང་འཚོ་བའི་གད་སྙིགས་གཙང་སེལ། བཙོག་ཆུ་བཅོས་སྐྱོང། ཞིང་སྡེའི་རྣམ་པ་ལེགས་སྒྱུར། གྲོང་གསེབ་ལྗང་སྒྱུར་མཛེས་སྒྱུར་སོགས་བྱེད་པར་སྐུལ་འདེད་གཏང་དགོས། ཞིང་སྡེ་ལ་གཙང་དག་གི་དྲོད་འདོན་པར་སྒྱུར་བཀོད་དང་ཉེན་ཡོད་ཁང་རྙིང་སྒྱུར་བཀོད་བྱ་བ་མུ་མཐུད་དུ་ལེགས་པར་བསྒྲུབས་ཏེ། གཙང་ཞིང་གྲལ་དག་པ་དང་སྒྲིག་ཡོད་མཛེས་སྡུག་ལྡན་པའི་གྲོང་ཚོའི་ཁོར་ཡུག་བསྐྲུན་དགོས།

དྲུག ཁྲོམ་ར་ཁ་ཕྱོགས་ཡིན་པའི་འབྱུང་འཕྲོད་ལག་རྩལ་གསར་གཏོད་མ་ལག་འཛུགས་སྐྱོང་བྱ་དགོས།

(བཅུ་དགུ) འབྱུང་འཕྲོད་ཐཱན་ཉུང་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པར་སྐུལ་མ་གཏང་དགོས། འབྱུང་འཕྲོད་ལག་རྩལ་གསར་གཏོད་ཀྱི་འགག་སྒྲོལ་བྱེད་སྒོ་སྤེལ་ཏེ། ནུས་སྲི་ཁོར་སྲུང་དང་གཙང་དག་ཐོན་སྐྱེད། ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་ལ་དམིགས་ནས་རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན། རྩ་སློག་རང་བཞིན་བཅས་ལྡན་པའི་ཚན་རྩལ་འགག་སྒྲོལ་ལས་གཞི་ཁག་ཅིག་བཀོད་སྒྲིག་བྱ་དགོས། འབྱུང་འཕྲོད་ལག་རྩལ་གྱི་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་དང་རྒྱལ་ཁབ་ཀྱི་ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་ཞབས་ཕྱིའི་ལས་སྟེགས་སོགས་གསར་གཏོད་རྟེན་གཞིའི་ལས་སྟེགས་ཁག་ཅིག་གསོ་སྐྱོང་བྱས་ཏེ་འཛུགས་སྐྲུན་བྱ་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ཤུགས་དྲག་ཏུ་གཏོང་ཞིང་ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང། ཐོན་ལས་གླིང་ཁུལ་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་ཁྲོམ་ར་ཅན་དུ་འཁོར་སྐྱོད་བྱེད་པའི་འབྱུང་འཕྲོད་ལག་རྩལ་གསར་གཏོད་ཀྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང། ནོར་སྲིད་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པའི་འབྱུང་འཕྲོད་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་གཞི་དང་ཁྲོམ་རའི་ཁ་ཕྱོགས་ངེས་གསལ་ཡིན་པའི་འབྱུང་འཕྲོད་ལག་རྩལ་གསར་གཏོད་ལས་གཞི་ལ་ཁེ་ལས་ཀྱིས་སྣེ་ཁྲིད་པའམ་ཐེ་ཞུགས་བྱེད་པར་སྐུལ་མ་གཏང་དགོས།

(ཉི་ཤུ) ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་ངང་གཞན་སྒྱུར་བྱ་དགོས། གལ་ཆེ་བའི་ལག་རྩལ་སྒྲིག་ཆས་ཐོག་མའི(བུབས་ཚང)སྐོར་གྱི་སྲིད་ཇུས་ཧུར་ཐག་གིས་བེད་སྤྱད་དེ་འབྱུང་འཕྲོད་ལག་རྩལ་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཁྲིད་སྟོན་ཐེབས་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང། ལས་གཏོད་དངུལ་འཇོག་སོགས་ཐེབས་རྩ་སོ་སོས་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་འབྱུང་འཕྲོད་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཁེ་ལས་དང་མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་ཀྱིས་འབྱུང་འཕྲོད་ལག་རྩལ་གསར་གཏོད་ལས་གཞི་གཉེར་སྐྱོང་འཕྲུལ་ཆས་དང་གསར་གཏོད་ལས་གཏོད་རྟེན་གཞི་འཛུགས་པར་རྒྱབ་སྐྱོར་བྱ་དགོས། འབྱུང་འཕྲོད་ལག་རྩལ་ཁྱབ་གདལ་གཏོང་བའི་དཀར་ཆག་དུས་ལྟར་ཁྱབ་བསྒྲགས་བྱས་ནས་སྔོན་ཐོན་དང་བྱང་ཆུབ་པའི་ལག་རྩལ་མགྱོགས་མྱུར་ངང་ཁྱབ་གདལ་དུ་བཏང་ནས་བེད་སྤྱད་དགོས། འབྱུང་འཕྲོད་ལག་རྩལ་ཉོ་ཚོང་ལྟེ་གནས་འཛུགས་པར་སྐུལ་འདེད་ཟབ་མོ་གཏང་དགོས།

བདུན། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏང་དགོས།

(ཉེར་གཅིག) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་འདེགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། འབྱུང་འཕྲོད་ཅན་དུ་ཇུས་འགོད་བྱེད་པར་སྐུལ་འདེད་དང་གཙང་དག་ཐོན་སྐྱེད་ལ་ཤུགས་སྣོན། ཐོན་ཁུངས་བེད་སྤྱོད་པའི་ལས་ཕྱོད་མཐོར་འདེགས། འཁོར་སྐྱོད་དཔལ་འབྱོར་གོང་སྤེལ། གཟབ་ནན་གྱིས་འབག་བཙོག་བཅོས་སྐྱོང། འབྱུང་འཕྲོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། འབྱུང་འཕྲོད་འཛད་སྤྱོད་རྒྱ་སྐྱེད་པ། ཁོར་ཡུག་སྐོར་གྱི་ཆ་འཕྲིན་ཡོངས་བསྒྲགས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱ་དགོས། ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང། ཁྲིམས་འགལ་བྱ་སྤྱོད་རྩད་ཞིབ་ཐག་གཅོད་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཇེ་ཆེར་བཏང་ནས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་བར་གྱི་བྱ་བ་འབྲེལ་མཐུད་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏང་དགོས།

(ཉེར་གཉིས) ལུགས་མཐུན་གྱི་གྲོན་དངུལ་བསྡུ་བའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། བཙོག་ཆུ་གཙང་སེལ་གྱི་གྲོན་དངུལ་བསྡུ་བའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་གཉེར་སྐྱོང་དང་འདམ་རྫབ་གཙང་སེལ་གྱི་མ་གནས་ལོངས་པ་མ་ཟད། ལུགས་མཐུན་གྱི་ཁེ་སྤོགས་ཐོབ་པའི་རྩ་དོན་ལྟར་བཙོག་ཆུ་གཙང་སེལ་གྱི་གྲོན་དངུལ་བསྡུ་བའི་ཚད་གཞི་ལུགས་མཐུན་གྱིས་གཏན་འབེབས་བྱེད་པ་དང། ཚད་གཞི་འགུལ་རྣམ་ལྟར་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཟུག་དགོས། གད་སྙིགས་བཟོ་མཁན་གྱིས་གྲོན་དངུལ་སྤྲོད་པའི་རྩ་དོན་ལྟར་འཚོ་བའི་གད་སྙིགས་གཙང་སེལ་གྱི་གྲོན་དངུལ་བསྡུ་བའི་ལམ་ལུགས་འཐུས་ཚང་དུ་བཙུགས་ཏེ། ས་གནས་སོ་སོས་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རིགས་བཀར་ཏེ་རྩིས་རྒྱག་པ་དང་ཚད་འཇལ་ནས་གྲོན་དངུལ་བསྡུ་བ་སོགས་ཁྱད་པར་ཅན་གྱི་དོ་དམ་ལག་ཏུ་བསྟར་དགོས། ནུས་སྲི་ཁོར་སྲུང་གི་གློག་རིན་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་ཀྱིས་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས་སྡོད་དམངས་ཀྱི་སྐས་རིམ་རྣམ་པའི་གློག་རིན་དང་སོལ་རླངས་རིན་པ། ཆུ་རིན་བཅས་ཀྱི་ལམ་ལུགས་མུ་མཐུད་དོན་འཁྱོལ་ལེགས་པར་བྱ་དགོས།

(ཉེར་གསུམ) ནོར་སྲིད་དཔྱ་ཁྲལ་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ནོར་སྲིད་ཀྱི་མ་དངུལ་དང་སྔོན་རྩིས་ནང་གི་མ་དངུལ་མུ་མཐུད་དུ་སྤྱད་དེ་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ཅིང་ཉམས་པ་སོར་ཆུད་པ་དང། འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་གོང་དུ་སྤེལ་བ། ནུས་ཁུངས་ནུས་ལྡན་གྱིས་བེད་སྤྱོད་པ། ཐོན་ཁུངས་འཁོར་སྐྱོད་ངང་བེད་སྤྱོད་པ་སོགས་ལ་རྒྱབ་སྐྱོར་བྱ་དགོས། ནུས་སྲི་ཆུ་གྲོན་དང་ཁོར་ཡུག་སྲུང་སྐྱོང། ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པ། གན་རྒྱ་བཞག་སྟེ་ནུས་ཁུངས་ལ་དོ་དམ་བྱེད་པ། ཁོར་ཡུག་འབག་བཙོག་ལ་ཕྱོགས་གསུམ་པས་བཅོས་སྐྱོང་བྱེད་པ་སོགས་ཐད་ཀྱི་ཐོབ་ཁྲལ་དང་གནས་ཐང་འཕར་ཁྲལ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱ་དགོས། ཐོན་ཁུངས་ཀྱི་དཔྱ་ཁྲལ་བསྡུ་བ་དང་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་དེ་དཔྱ་ཁྲལ་དུ་སྒྱུར་བའི་ཚོད་ལྟའི་བྱ་བ་ལེགས་པོར་བསྒྲུབ་དགོས།

(ཉེར་བཞི) འབྱུང་འཕྲོད་དངུལ་རྩ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། འབྱུང་འཕྲོད་ཡིད་རྟོན་དངུལ་བུན་སྐྱི་བ་དང་འབྱུང་འཕྲོད་མ་དངུལ་ཐད་ཀར་བསྡུ་རྒྱུག་བྱེད་པ་འཕེལ་རྒྱས་སུ་བཏང་ནས་དངུལ་རྩའི་ལས་ཁུངས་ཀྱི་འབྱུང་འཕྲོད་དངུལ་རྩའི་གྲུབ་འབྲས་ལ་གདེང་འཇོག་དང་དཔྱད་ཞིབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། འབྱུང་འཕྲོད་བུན་འཛིན་གྱི་ཚད་གཞི་གཅིག་གྱུར་བྱས་ནས་འབྱུང་འཕྲོད་བུན་འཛིན་གྱི་རིམ་པ་དཔྱད་བསྡུར་བྱེད་པའི་ཚད་གཞི་བཟོ་དགོས། འབྱུང་འཕྲོད་འགན་བཅོལ་འཕེལ་རྒྱས་སུ་བཏང་ནས་འགན་བཅོལ་གྲོན་དངུལ་གྱི་བསྡུར་ཚད་སྙོམ་སྒྲིག་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱ་དགོས། ཆ་རྐྱེན་དང་འཚམ་པའི་འབྱུང་འཕྲོད་ཐོན་ལས་ཀྱི་ཁེ་ལས་ཀྱིས་མ་རྐང་ཁྲོམ་རར་བཀྲམ་ནས་མ་དངུལ་བསྡུ་རྒྱུག་བྱེད་པར་རྒྱབ་སྐྱོར་བྱ་དགོས། དངུལ་རྩའི་ལས་ཁུངས་དང་འབྲེལ་ཡོད་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་རུ་འབྱུང་འཕྲོད་མ་དངུལ་བསྡུ་རྒྱུག་བྱེད་པར་རྒྱབ་སྐྱོར་བྱ་དགོས། རྒྱལ་སྤྱིའི་འབྱུང་འཕྲོད་དངུལ་རྩའི་ཚད་གཞི་གཅིག་མཚུངས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང། འབྱུང་འཕྲོད་དངུལ་རྩའི་ཁྲོམ་ར་ཕྱོགས་གཉིས་སུ་སྒོ་འབྱེད་པར་སྒྲིག་ཡོད་སྒོས་སྐུལ་འདེད་གཏང་དགོས། གནམ་གཤིས་ཐད་ལ་མ་དངུལ་འཇོག་པ་དང་མ་དངུལ་བསྡུ་རྒྱུག་བྱ་བར་སྐུལ་འདེད་གཏང་དགོས།

(ཉེར་ལྔ) འབྱུང་འཕྲོད་ཀྱི་ཚད་གཞི་དང་འབྱུང་འཕྲོད་ཀྱི་ཁས་ལེན་དཔང་འདོན་མ་ལག བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། འབྱུང་འཕྲོད་ཀྱི་ཚད་གཞིའི་མ་ལག་རྩེ་རིམ་ཇུས་འགོད་དང་རྒྱུད་རིམ་ལྡན་པའི་ངང་ནས་འཆར་འགོད་བྱས་ཏེ། ཁ་ཚང་ཞིང་རྒྱུད་རིམ་ལྡན་པའི་འབྱུང་འཕྲོད་ཀྱི་ཚད་གཞིའི་མ་ལག་ཆགས་པར་བྱ་དགོས། ཚད་ལྡན་ཅན་གྱི་འདེགས་སྐྱོར་ལས་ཁུངས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས། འབྱུང་འཕྲོད་ཐོན་རྫས་ཁས་ལེན་དཔང་འདོན་བྱེད་པའི་ལམ་ལུགས་མགྱོགས་མྱུར་ངང་འཛུགས་པ་དང། ཆེད་ལས་ཅན་གྱི་འབྱུང་འཕྲོད་ཁས་ལེན་དཔང་འདོན་ལས་ཁུངས་ཁག་ཅིག་གསོ་སྐྱོང་བྱ་དགོས། ནུས་སྲི་ཁོར་སྲུང་དང་གཙང་དག་ཐོན་སྐྱེད། ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་ཀྱི་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ་དང། འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་བཙུགས་ནས་བསྡོམས་རྩིས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས།

(ཉེར་དྲུག) འབྱུང་འཕྲོད་ཉོ་ཚོང་གི་ཁྲོམ་རའི་ལམ་སྲོལ་གསོ་སྐྱོང་བྱ་དགོས། བཙོག་དངོས་འབུད་དབང་དང་ནུས་ཁུངས་སྤྱོད་དབང། ཆུ་སྤྱོད་དབང། ཐཱན་འབུད་དབང་སོགས་ཀྱི་ཉོ་ཚོང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཉོ་ཚོང་གི་མ་གནས་གཅོག་པ་དང་འཁོར་རྒྱུག་གི་ལས་ཕྱོད་ཇེ་ཆེར་གཏང་དགོས། ཐོག་མའི་བགོ་བཤའ་དང་རིན་དོད་ཡོད་པར་བེད་སྤྱོད། ཁྲོམ་རའི་ཉོ་ཚོང། རྩོད་གཞི་ཐག་གཅོད། ཆ་འགྲིག་པར་ཞབས་ཕྱི་སྒྲུབ་པ་སོགས་ཀྱི་ལམ་ལུགས་མགྱོགས་མྱུར་ངང་བཙུགས་ཏེ། འབྱུང་འཕྲོད་ཀྱི་བདག་ཁོངས་ཉོ་ཚོང་དང་འབྲེལ་ཡོད་ཀྱི་དམིགས་ཡུལ་དམིགས་ཚད་འབྲེལ་མཐུད་དང་མཐུན་སྦྱོར་ལེགས་པར་བྱ་དགོས།

བརྒྱད། རྩ་འཛུགས་དང་ལག་བསྟར་བྱ་བ་དམ་འཛིན་ལེགས་པར་བྱ་དགོས།

(ཉེར་བདུན) དོན་འཁྱོལ་མཐར་ཕྱིན་བྱ་བ་དམ་འཛིན་བྱ་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བསམ་བློ་དང་བྱེད་ཐབས། བྱ་སྤྱོད་བཅས་གནད་ལ་འཁེལ་བར་བྱེད་ཅིང། འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་དཔལ་འབྱོར་མ་ལག་འཐུས་ཚང་དུ་འཛུགས་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དེ་ཉིད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བྱ་བའི་འགན་འཁྲི་སྔར་བས་ནན་དཀྲི་བྱེད་ཅིང། ལྟ་སྐུལ་དང་དོན་འཁྱོལ་ལ་ཤུགས་སྣོན་པ་དང། སྤུས་ཚད་དང་གྲངས་འབོར་གཉིས་ལྡན་གྱི་སྒོ་ནས་ལས་འགན་ཡོངས་འགྲུབ་བྱ་དགོས། ས་ཁུལ་སོ་སོས་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཞིབ་འཇུག་བྱས་ཏེ་བྱེད་ཐབས་ཞིབ་ཕྲ་འདོན་དགོས་པ་དང། དོན་འཁྱོལ་དམ་འཛིན་བྱེད་པའི་ཐད་སེམས་ཤུགས་སྔར་བས་ཆེན་པོ་བཏོན་ནས་སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས།

(ཉེར་བརྒྱད) གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་སོ་སོས་མཉམ་སྒྲུབ་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་བ་སྒྲུབ་ཤུགས་གཅིག་ཏུ་བསྒྲིལ་དགོས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བསྣན་ནས་ལོ་འཁོར་གྱི་བྱ་བ་གཙོ་བོ་བཀོད་སྒྲིག་ལེགས་པོ་བྱེད་པ་དང། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་ཉམས་མྱོང་དང་མ་དཔེ་བཟང་པོ་དུས་ཐོག་ཏུ་སྤྱི་བསྡོམས་བྱེད་ཅིང། ལོ་འཁོར་གྱི་འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་སྙན་ཞུ་འཚོལ་ཞིབ་བྱས་ཏེ་བསྒྲིགས་ནས་གནས་ཚུལ་གལ་ཆེན་དག་དུས་ཐོག་ཏུ་ཏང་ཀྲུང་དབང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས།

(ཉེར་དགུ) རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་ཁྱབ་ཁོངས་སུ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་སོ་སོ་བར་གྱི་སྲིད་ཇུས་འབྲེལ་འདྲིས་དང་ལག་རྩལ་བརྗེ་རེས། ལས་གཞི་མཉམ་ལས། འཇོན་མི་གསོ་སྦྱོང་སོགས་ཀྱི་ཐད་ལ་ཤུགས་སྣོན་པ་དང། གོ་ལ་ཧྲིལ་བོའི་གནམ་གཤིས་བཅོས་སྐྱོང་ལ་ཧུར་ཐག་གིས་ཞུགས་ཤིང་སྣེ་ཁྲིད་དེ། རྒྱལ་སྤྱིའི་འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་རང་རྒྱལ་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་འཇོག་དགོས།

(སུམ་ཅུ) སྣང་ཚུལ་ལེགས་པོ་བསྐྲུན་དགོས། གསར་འགྱུར་སྨྱན་བྱད་སོ་སོས་རང་རྒྱལ་གྱི་འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བའི་གཏམ་རྒྱུད་ལེགས་པར་སྒྲོག་བཤད་བྱེད་ཅིང། གཟེངས་སུ་ཐོན་པའི་གྲུབ་འབྲས་དག་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་པ་དང། སྔོན་ཐོན་གྱི་དཔེ་མཚོན་ཧུར་ཐག་གིས་དྲིལ་སྒྲོག་བྱས་ཐོག སྐྱེ་ཁམས་ལ་གཏོར་བཤིག་དང་ཁོར་ཡུག་ལ་འབག་བཙོག་བཟོས་པ། ཐོན་ཁུངས་ཆུད་ཟོས་ཚབས་ཆེན་བཏང་བ། སྒྲིག་འགལ་ངང་འབག་བཙོག་བཟོ་ཚད་ཆེ་ཞིང་ནུས་ཁུངས་ཟད་གྲོན་ཆེ་བའི་ལས་གཞི་རང་དགར་གྱིས་བསྐྲུན་པ་སོགས་ཐད་ཀྱི་ལྡོག་ཕྱོགས་ཀྱི་དཔེ་མཚོན་དུས་ཐོག་ཏུ་སུན་འབྱིན་བྱས་ནས་འབྱུང་འཕྲོད་ཐཱན་ཉུང་དང་འཁོར་སྐྱོད་ངང་འཕེལ་རྒྱས་སུ་གཏོང་བར་སྣང་ཚུལ་ལེགས་པོ་བསྐྲུན་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང།

2021ལོའི་ཟླ2པའི་ཚེས2ཉིན།

པདྨ་ཚེ་འཛོམས་ཀྱིས་བསྒྱུར། ཚེ་རིང་འཚོས་ཞུ་དག་བྱས།