མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་བཏང་བའི་གསལ་བརྡ།

རང་རེའི་དྲ་བའི་འཕྲིན། ཉེ་ཆར། མཚམས་སྦྱོར་ལས་ཁུངས་ཀྱིས་དྲ་རྒྱ་དང་སྨྱན་སྦྱོར་སོགས་སྤྱད་དེ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མིང་ཐོག་ནས་དར་མའི་སློབ་མ་བསྡུ་བའི་ཆ་འཕྲིན་རྫུན་མ་སྤེལ་ཡོད་པར། ཟླ8པའི་ཚེས19ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་དར་མའི་བསླབ་གནས་རྒྱུན་མཐུད་སློབ་གསོས་ད་ལྟའི་བར་དུ་སློབ་གསོའི་ལས་ཁུངས་གང་ལའང་མཉམ་འབྲེལ་ཐོག་སློབ་བསྡུ་བྱེད་མྱོང་མེད་པར་གསལ་བརྡ་བཏང་འདུག

མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱུན་མཐུད་སློབ་གསོ་དང་གསོ་སྦྱོང་སློབ་གླིང་དར་མའི་བསླབ་གནས་རྒྱུན་མཐུད་སློབ་གསོའི་སློབ་སྦྱོང་ཁྲོད་ཞུགས་དགོས་ཚེ། ཚང་མས་ངེས་པར་དུ་མཚོ་སྔོན་སློབ་གསོ་རྒྱུགས་ལེན་དྲ་བའི་སྟེང་མིང་ཐོ་བཀོད་པ་བརྒྱུད། རྒྱལ་ཡོངས་ཀྱི་དར་མའི་མཐོ་རྒྱུགས་ལ་ཞུགས་ནས་སློབ་བསྡུའི་སྐར་གྲངས་ཚད་ཐིག་ལ་ལོངས་པར་མ་ཟད། མཚོ་སྔོན་སློབ་གསོ་རྒྱུགས་ལེན་ལྟེ་གནས་ཀྱིས་ཆོག་མཆན་འཐོབ་རྗེས། ད་གཟོད་མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱུན་མཐུད་སློབ་གསོ་དང་གསོ་སྦྱོང་སློབ་གླིང་དར་མའི་བསླབ་གནས་རྒྱུན་མཐུད་སློབ་གསོའི་སློབ་མར་བསྡུ་ཆོག་པ་རེད།

མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱུན་མཐུད་སློབ་གསོ་དང་གསོ་སྦྱོང་སློབ་གླིང་གིས་ད་ལྟའི་བར་དུ་ས་གནས་སོ་སོའི་སློབ་གསོ་མཚམས་སྦྱོར་ལས་ཁུངས་དང་མི་སྒེར་གང་ལའང་དར་མའི་མཐོ་རིམ་བསླབ་གནས་རྒྱུན་མཐུད་སློབ་གསོའི་ཐད་མཉམ་འབྲེལ་བྱས་མྱོང་མེད་པས། མཚམས་སྦྱོར་ལས་ཁུངས་བརྒྱུད་ནས་མིང་ཐོ་བཀོད་ཟིན་པའི་སློབ་མ་ཡོད་ན། དུས་ནམ་ཞིག་ལ་རྩད་ཞིབ་བྱུང་ཚེ་སློབ་མའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན་ཞིང་། སློབ་མཐར་ཕྱིན་ཟིན་པའི་སློབ་མར་སློབ་གསོ་པུའུ་ཡི་བསླབ་གནས་གློག་རྡུལ་ལམ་ནས་ཐོ་འགོད་བྱས་ཡོད་པ་མེད་པར་བཟོ་རྒྱུ་དང་། དེ་མིན་འབྲེལ་ཡོད་ཀྱི་མཇུག་འབྲས་ཚང་མ་མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱུན་མཐུད་སློབ་གསོ་དང་གསོ་སྦྱོང་སློབ་གླིང་གིས་འགན་འཁུར་རྒྱུ་མིན།

དེང་སྐབས། མཐར་ཕྱིན་སློབ་མ་མང་པོ་ཞིག་གིས་རྒྱུན་མཐུད་སློབ་གསོ་བརྒྱུད་ནས་བསླབ་གནས་ཇེ་མཐོར་གཏང་བཞིན་འདུག དེ་བས་ན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་རྒྱ་ཆེའི་རྒྱུགས་ཞུགས་སློབ་མར་དྲ་ཚིགས་གཞན་པ་དང་གསོ་སྦྱོང་ལས་ཁུངས་ཀྱིས་སྤེལ་པའི་སློབ་བསྡུའི་དྲིལ་སྒྲོག་ཆ་འཕྲིན་ལ་ཡིད་ཆེས་མི་རུང་ལ། མགོ་སྐོར་དང་གྱོང་གུན་ཐེབས་པར་དོགས་ཟོན་བྱ་དགོས། གལ་སྲིད་མཚོ་སྔོན་དགེ་ཐོན་སློབ་ཆེན་དར་མའི་མཐོ་རིམ་བསླབ་གནས་རྒྱུན་མཐུད་སློབ་གསོར་བརྫུས་ནས་སློབ་མ་བསྡུ་བཞིན་པ་ཤེས་ཚེ། མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱུན་མཐུད་སློབ་གསོ་དང་གསོ་སྦྱོང་སློབ་གླིང་ལ་འབྲེལ་གཏུག་བྱས་ཏེ་བློ་འདྲི་བྱ་དགོས་པའི་གསལ་འདེབས་བཏང་བ་ཡིན། བློ་འདྲི་ཁ་པར0971—6308920།

ལོ་ཙཱ་པ། ལྷ་ཆེན་རྒྱལ།