མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་བཅའ་ཡིག ལེའུ་ལྔ་པ།

ལེའུ་ལྔ་པ། ཆོས་ལུགས་སློབ་ཁྲིད་མི་སྣ།

དོན་ཚན་སོ་བཞི་པ། ཆོས་ལུགས་སློབ་ཁྲིད་མི་སྣ་ནི་ཆོས་ལུགས་ཚོགས་པའི་གཏན་འབེབས་འགྲོ་ལུགས་གཞིར་བཟུང་ནས་གཏན་ཁེལ་བྱས་རྗེས། རྫོང་རིམ་པ་ཡན་ཆོད་ཀྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱ་དགོས།

ངོས་འཛིན་དང་ཐོ་འགོད་བྱས་པའི་ཆོས་ལུགས་སློབ་ཁྲིད་མི་སྣར་ཆོས་ལུགས་ཚོགས་པའི་ངོས་འཛིན་གནང་བའི་ཆོས་ལུགས་སློབ་ཁྲིད་མི་སྣའི་དཔང་ཡིག་བྱིན་རྗེས། ཆོས་ལུགས་སློབ་དོན་བྱ་འགུལ་ལ་ཞུགས་ནས་ལས་ཀ་བྱས་ཆོག

ཆོས་ལུགས་སློབ་ཁྲིད་མི་སྣའི་ཐོབ་ཐང་ལེན་མ་ཐུབ་པ་དང་སློབ་ཁྲིད་ནུས་པ་མེད་པའི་མི་སྣས་ཆོས་ལུགས་སློབ་ཁྲིད་མི་སྣའི་ཐོབ་ཐང་སྤྱད་དེ་བྱ་འགུལ་སྤེལ་མི་ཆོག

ཆོས་ལུགས་སློབ་ཁྲིད་མི་སྣར་བརྫུས་ཏེ་ཆོས་ལུགས་བྱ་འགུལ་དང་ཡང་ན་རྒྱུ་ནོར་གཡོ་ལེན་སོགས་བྱེད་སྟངས་གཏན་འགོག་བྱ་དགོས།

དོན་ཚན་སོ་ལྔ་པ། ཆོས་ལུགས་སློབ་ཁྲིད་མི་སྣར་གཤམ་གསལ་གནས་ཚུལ་གཅིག་ཡོད་ཚེ། ཆོས་ལུགས་ཚོགས་པས་ངོས་འཛིན་བྱས་པའི་ཆོས་ལུགས་སློབ་ཁྲིད་མི་སྣའི་དཔང་ཡིག་ཕྱིར་བསྡུ་དང་། དེར་མ་ཟད་ཐོ་འགོད་ལས་ཁུངས་ལས་བེད་མེད་གཏོང་བའི་འགྲོ་ལུགས་བསྒྲུབ་རྗེས་བྱེད་ཐབས་འོས་འཚམ་སྤྱད་ནས་ཁྱབ་བསྒྲགས་བྱ་དགོས།

གཅིག བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། ཡང་ན་འབྲེལ་ཡོད་གཏན་འབེབས་དང་འགལ་ཚེ། ཆོས་ལུགས་ཚོགས་པས་ཆོས་ལུགས་སློབ་ཁྲིད་མི་སྣའི་ཐོབ་ཐང་མེད་པར་བཟོས་ཆོག

གཉིས། ཆོས་ལུགས་གང་དེའི་བསླབ་བྱ་དང་ཡང་ན་འབྲེལ་ཡོད་གཏན་འབེབས་དང་འགལ་ཚེ། ཆོས་ལུགས་ཚོགས་པས་ཆོས་ལུགས་སློབ་ཁྲིད་མི་སྣའི་ཐོབ་ཐང་མེད་པར་བཟོས་ཆོག

གསུམ། རང་འགུལ་སྒོས་ཆོས་ལུགས་སློབ་ཁྲིད་མི་སྣའི་ཐོབ་ཐང་སྐྱུར་མཁན།

བཞི། ཆོས་ལུགས་སློབ་ཁྲིད་མི་སྣའི་དཔང་ཡིག་གི་གོ་ཆོད་དུས་ཡུན་ལོངས་རྗེས་མུ་མཐུད་རྒྱུན་བསྲིངས་བྱས་མེད་པའི་རིགས།

ལྔ། ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གྱི་བདག་དོམ་དང་ཁ་གྱེས་ནས་འབྲེལ་ཡོད་ཆོས་ལུགས་བྱ་འགུལ་སྤེལ་མཁན།

དྲུག རྒྱུ་རྐྱེན་གཞན་པའི་དབང་གིས་ཆོས་ལུགས་སློབ་ཁྲིད་མི་སྣའི་ཐོབ་ཐང་ཤོར་མཁན།

དོན་ཚན་སོ་དྲུག་པ། བོད་བརྒྱུད་ནང་བསྟན་བླ་མའི་ཡང་སྲིད་ལམ་ལུགས་དེ་ནང་བསྟན་ཚོགས་པའི་མཛུབ་སྟོན་ལ་གཞི་བཅོལ་ནས། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་གཏན་འབེབས་ལྟར་བསྒྲུབ་དགོས་ཤིང་། དེར་མ་ཟད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཞིང་ཆེན་རིམ་པ་ཡན་ཆོད་ཀྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་དང་། ཞིང་ཆེན་རིམ་པའི་ཡན་ཆོད་ཀྱི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་དགོད་དུ་གཞུག་དགོས།

རྩ་འཛུགས་དང་མི་སྒེར་སུས་ཀྱང་བོད་བརྒྱུད་ནང་བསྟན་བླ་མའི་ཡང་སྲིད་ལམ་ལུགས་རྒྱུད་འཛིན་བྱེད་པའི་འབྲེལ་ཡོད་བྱ་འགུལ་གཏན་ནས་སྤེལ་མི་ཆོག

བོད་བརྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་ངོས་འཛིན་ལ་ཕྱི་རྒྱལ་གྱི་རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་ཐེ་གཏོགས་དང་རམ་འདེགས་གཏན་ནས་བྱས་མི་ཆོག

དོན་ཚན་སོ་བདུན་པ། ཆོས་ལུགས་སློབ་ཁྲིད་མི་སྣ་དུས་ལྟར་ཆོས་ལུགས་ལས་དོན་སྡེ་ཁག་གིས་གཏན་འཁེལ་རྩ་འཛུགས་བྱས་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས། དེ་མིན་ཆོས་ལུགས་གཞུང་ལུགས་སོགས་ཀྱི་ཟབ་སྦྱོང་ལ་ཞུགས་དགོས་ཤིང་། ཆོས་ལུགས་ལས་དོན་སྡེ་ཁག་གིས་ཟབ་སྦྱོང་དཔང་ཡིག་སྤྲད་དགོས།

དོན་ཚན་སོ་བརྒྱད་པ། ཆོས་ལུགས་སློབ་ཁྲིད་མི་སྣས་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་དུ་སློབ་ཁྲིད་ཀྱི་འགན་འཁུར་བའམ་ཡང་ན་ལས་གནས་ལས་འབུད་སྐབས། ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གྱི་དོ་དམ་རྩ་འཛུགས་ཀྱིས་བསམ་འཆར་བཏོན་པ་བརྒྱུད། ས་གནས་ཆོས་ལུགས་ཚོགས་པ་ཡིད་འཐད་བྱུང་རྗེས། རྫོང་རིམ་པ་ཡན་ཆོད་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ནས་ཐོ་འགོད་བྱ་དགོས།

དོན་ཚན་སོ་དགུ་པ། ཆོས་ལུགས་སློབ་ཁྲིད་མི་སྣ་རང་ཞིང་གི་ཁྱབ་ཁོངས་ལས་གྲོང་ཁྱེར་དང་ས་ཁུལ་བརྒལ་པའང། རྫོང་དང་ཆུས་བརྒལ་ཏེ་ཆོས་ལུགས་བྱ་འགུལ་ལ་གཙོ་སྐྱོང་དང་ཟབ་སྦྱོང་ཆོས་ཁྲིད་བྱ་དགོས་ཚེ། ས་གནས་དེ་དང་དེའི་ཆོས་ལུགས་ཚོགས་པ་ཡིད་འཐད་བྱུང་རྗེས། ཕྱོགས་གཉིས་ཀའི་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱ་དགོས།

རང་ཞིང་གི་ཆོས་ལུགས་སློབ་ཁྲིད་མི་སྣ་ཞིང་ཆེན་གཞན་ལ་འགྲོ་བའམ། ཡང་ན་ཞིང་ཆེན་གཞན་གྱི་ཆོས་ལུགས་སློབ་ཁྲིད་མི་སྣ་རང་ཞིང་ལ་ཆོས་ལུགས་བྱ་འགུལ་ལ་གཙོ་སྐྱོང་དང་ཟབ་སྦྱོང་ཆོས་ཁྲིད་བྱེད་པར། རང་ཞིང་གི་ཆོས་ལུགས་ཚོགས་པ་ཡིད་འཐད་བྱུང་དགོས་པ་མ་ཟད། ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱ་དགོས།

དོན་ཚན་བཞི་བཅུ་པ། སྤྱིར་བཏང་དུ། ཆོས་ལུགས་སློབ་ཁྲིད་མི་སྣས་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གཅིག་གི་སློབ་ཁྲིད་ཀྱི་འགན་མ་གཏོགས་འཁུར་ཆོག་པ་མེད། དམིགས་གསལ་གནས་ཚུལ་འོག །ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གྱི་སློབ་ཁྲིད་གཙོ་བོའི་འགན་གཅིག་ལྕོགས་སུ་འཁུར་དགོས་ཚེ། ཕྱོགས་གཉིས་ཀའི་ཆོས་ལུགས་ཚོགས་པ་ཡིད་འཐད་བྱུང་རྗེས། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱ་དགོས།

དོན་ཚན་ཞེ་གཅིག་པ། ཆོས་ལུགས་སློབ་ཁྲིད་མི་སྣ་ཁྲིམས་ལྟར་སྤྱི་ཚོགས་འགན་སྲུང་ལ་ཟབ་ཞུགས་དང་འབྲེལ་ཡོད་ཁེ་དབང་ལོངས་སུ་སྤྱད་ཆོག

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གྲྭ། ཆོས་ལུགས་བྱ་འགུལ་སྤེལ་ཡུལ་སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་ཆོས་ལུགས་སློབ་ཁྲིད་མི་སྣས་སྤྱི་ཚོགས་འགན་སྲུང་ཐོ་འགོད་བྱ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།