མཚོ་སྔོན་ནས“ཡན་ལག་སྐྱོན་ཅན་ལ་གཤག་བཅོས་དང་སླར་སོས་སྨན་བཅོས”བྱེད་ལ་ལོ་ལྔའི་འཆར་གཞི་བཟོས་ཏེ་ལག་བསྟར་བྱེད་འགོ་བརྩམས་འདུག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་ངོ་ལྔའི་ནང་དུ། མཚོ་སྔོན་ཞིང་ཆེན་གྱིས་ཉུང་མཐར་ཡང་ཞིང་ཆེན་རིམ་པའི་ཕན་བདེ་རྒྱན་ཤོག་སྤྱི་ཕན་ཐེབས་རྩའི་མ་དངུལ་བྱེ་བ་གཅིག་བཏང་སྟེ། དཀའ་ངལ་ཆེ་བའི་ཡན་ལག་སྐྱོན་ཅན་གྱི་གཤག་བཅོས་སྨན་བཅོས་དང་། ཡན་ལག་བཅོས་མ་སྡེབ་སྒྲིག་དང་སྨན་བཅོས། དྲག་སྐྱེད་རམ་འདེགས་སྒྲིག་ཆས་མཁོ་འདོན་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

འབྲེལ་ཡོད་ལས་གཞིས་མི་སྒེར་གྱི་གནས་ཚུལ་སྙན་ཞུ་དང་། རིམ་པ་བཞིན་དུ་དཔྱད་ཞིབ་གཏན་འཁེལ་བྱེད་པ། འཚག་བཤེར་ལེགས་པོ་དང་ཞབས་ཞུའི་བརྒྱུད་རིམ་གཟབ་ནན། རོགས་དངུལ་རེའུ་མིག་ཚད་ལྡན་དུ་སྐོང་བ། ཞིབ་བསྡུར་བསྡོམས་རྩིས་ཡང་དག་བཅས་བརྒྱུད་དེ། ཞིང་ཆེན་དམངས་སྲིད་ཐིང་གི་ཕན་བདེ་རྒྱན་ཤོག་སྤྱི་ཕན་མ་དངུལ་བཀོལ་སྤྱོད་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་ནང་ལྟར། གོ་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱ་རྒྱུ་དང་། དེ་མིན་གནས་གཏན་ཞབས་ཞུ་སྨན་ཁང་དང་། ཡན་ལག་བཅོས་མ་སྒྲིག་སྦྱོར་སྨན་ཁང་། སྨན་བཅོས་རམ་འདེགས་ཆས་སྡེབ་སྒྲིག་ལས་ཁུངས་བཅས་འདེམས་པའི་ཇུས་གཞི་བཟོས་ཏེ། ལས་གཞི་ལག་བསྟར་ལ་རམ་འདེགས་ལེགས་པོ་བྱ་རྒྱུའོ། །

ཁོན་ཐར་འཚོས་བསྒྱུར།