ཚན་ཞིབ་གྲོན་དངུལ་གྱིས་ཚན་ཞིབ་ལ་ཞབས་ཕྱི་བཟང་པོ་བསྒྲུབ་དགོས།

ཚན་ཞིབ་གྲོན་དངུལ་དོ་དམ་ནི་ཚན་རྩལ་དོ་དམ་བཅོས་སྒྱུར་གྱི་ནང་དོན་གལ་ཆེན་ཡིན་ཞིང་། ཚན་རིག་ཞིབ་འཇུག་བྱེད་མཁན་ལ་སེམས་ཤུགས་སློང་བྱེད་དང་། ཚན་རྩལ་གསར་གཏོད་ལ་ཡར་སྐུལ་བྱེད་སྤྱད་ཀྱི་ཐབས་གཙོ་བོ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་བཤད་རྒྱུར། “ཚན་རིག་པ་ལ་ལག་རྩལ་ལམ་ཕྱོགས་ཀྱི་ཐག་གཅོད་དབང་ཆ་དང་གྲོན་དངུལ་བཀོལ་སྤྱོད་ཀྱི་དབང་ཆ་སྤྲོད་པའི་ཐད་ནས་ཚན་ཞིབ་ལས་ཁུངས་ལ་བདག་དབང་གང་འཚམ་གནང་དགོས་པ་དང་། ཚན་ཞིབ་ལས་ཁུངས་དང་ཚན་ཞིབ་མི་སྣ་དག་རྙོག་འཛིང་ཆེ་ལ་དགོས་མཁོ་མེད་པའི་ནང་རྐྱེན་ལམ་ལུགས་ཀྱི་བཀག་རྒྱ་ལས་གྲོལ་དུ་འཇུག་ཐུབ་དགོས། ”ཞེས་ཚན་ཞིབ་གྲོན་དངུལ་དོ་དམ་བཅོས་སྒྱུར་སྔར་བས་འཐུས་ཚང་དུ་བཟོ་དགོས་པའི་ཐད་དོན་དངོས་ཀྱི་བླང་བྱ་བཏོན་པར་མ་ཟད་ཁ་ཕྱོགས་ཀྱང་གསལ་བོར་བསྟན། 
      ཉེ་ལམ་ཀྲུང་དབྱང་ནོར་སྲིད་ཚན་ཞིབ་གྲོན་དངུལ་དོ་དམ་བཅོས་སྒྱུར་འཐུས་ཚང་གཏང་བའི་བྱེད་ཐབས་ནང“སྒྲིག་ཁུངས་ཀྱི་སྔོན་རྩིས་རིག་ཚན་དགུ་ཡན་ཡོད་པ་གསུམ་དུ་བསྒྱུར”བ་དང་། “ཚན་ཞིབ་པར་སྐུལ་སློང་ལ་ཤུགས་སྣོན་དང་། ཚན་ཞིབ་རྣམ་གྲངས་དང་འབྲེལ་བའི་གྲོན་དངུལ་བསྡུར་ཚད་ཇེ་མཐོར་བཏང་སྟེ། ཚན་ཞིབ་རྣམ་གྲངས་ཀྱི་གྲོན་དངུལ་ལས‘མིའི’ཐད་སྤྱད་བྱའི་གྲོན་དངུལ50%ཡན་ལ་བསླེབ་ཆོག་པ”དང་། ༸རྣམ་གྲངས་ཀྱི་གྲོན་དངུལ་གཏོང་སྤྲོད་རིམ་པ་ཇེ་མགྱོགས་སུ་བཏང་སྟེ། རྣམ་གྲངས་ཀྱི་ལས་འགན་ཡི་གེར་མིང་རྟགས་བཀོད་རྗེས་ཀྱི་ཉིན30ཡི་ནང་གྲོན་དངུལ་དག་འབྲེལ་ཡོད་འགན་འཁུར་ལས་ཁུངས་ལ་སྤྲད་ཚར་དགོས”པའི་སྐོར་བསྒྲགས་པར་ཚན་རྩལ་ལས་རིགས་ཀྱི་སྡེ་རུ་གླེང་ཕྱོགས་ཚ་འུར་བྱུང་ལ། ཚན་ཞིབ་པ་རྣམས་ནས་དེ་ལ་བསྟོད་བསྔགས་བྱེད་བཞིན་ཡོད་པ་རེད།

ཚན་རིག་ཞིབ་འཇུག་པས་ཚན་རིག་ཞིབ་འཇུག་བྱེད་ན་གྲོན་དངུལ་གྱི་རྒྱབ་སྐྱོར་ལ་འབྲལ་ཐུབ་མེད་དེ། བཅོས་སྒྱུར་སྒོ་འབྱེད་སྤྱི་དང་ནང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། ཀྲུང་དབྱང་ནོར་སྲིད་ཀྱི་གྲོན་དངུལ་ཚུད་པའི་སྤྱི་ཚོགས་ཡོངས་ཀྱིས་ཞིབ་འཇུག་གསར་གཏོད་ཐད་བཏང་བའི་མ་དངུལ་ལོ་རེར་ཇེ་མང་ཡིན་པའི་དབང་གིས་ཚན་རྩལ་གསར་གཏོད་ཡར་ངོས་ཟླ་བཞིན་འཕེལ་བ་ལ་གྲུབ་འབྲས་ཀྱང་བཟང་པོ་བླངས་ཡོད། ཡིན་ནའང་དེ་དང་མཉམ་དུ་ཚན་ཞིབ་བྱེད་སྒོ་རང་སྟེང་གི་ཆོས་ཉིད་དང་མ་བསྟུན་པའི་དབང་གིས། ཚན་ཞིབ་གྲོན་དངུལ་གྱི་དོ་དམ་ཕྱོགས་ལ་གནད་དོན་འདྲ་མིན་བྱུང་ནས། ཚན་རྩལ་ཐད་ཀྱི་མ་དངུལ་གཏོང་འཇོག་དང་ཐོན་འབོར་གྱི་ཕན་འབྲས་ལ་ཚད་བཀག་མི་འདྲ་བ་ཐེབས། །

ཚན་རིག་ལག་རྩལ་གྱི་གསར་གཏོད་ནི་དཔེ་གཞིར་སོང་བའི་ཀླད་ཤུགས་ངལ་རྩོལ་དུ་གཏོགས་པས། དེ་དང་སྤྱིར་བཏང་གི་ངལ་རྩོལ་ཐོན་སྐྱེད་དང་བར་ཁྱད་ཤིན་ཏུ་ཆེའོ། །རྨང་གཞིའི་ཞིབ་འཇུག་དང་ཡང་ན་ལག་རྩལ་གསར་གཏོད། ཐོན་རྫས་གསར་གཏོད་གང་ཡིན་རུང་དུས་དང་བྱ་བ་གང་ལ་འདི་དང་འདི་ཞེས་ངེས་གཏན་མེད་པས། ལག་རྩལ་གྱི་ལམ་ཕྱོགས་གང་ལ་སྙེག་པ་དང་། རྒྱུ་ཆ་གང་ཞིག་དགོས་པ། དུས་ནམ་ཞིག་ལ་གནད་འགག་ལས་ཐར་ཐུབ་པ། དུས་ཚོད་ག་ཚད་ནང་ལེགས་འགྲུབ་འབྱུང་བ་སོགས་ལམ་བསྐྲུན་དང་ཐོག་ཁང་བརྩིགས་པ་ལྟ་བུའི་འཆར་གཞི་ནང་ལྟར་འགྲུབ་ཐུབ་པ་ཞིག་ཡེ་ནས་མ་ཡིན་པས་འཆར་གཞི་བཟོ་ཁག་པོ་རེད། དེ་བས་ཚན་ཞིབ་ལག་རྩལ་ཐད་ཨུ་ཚུགས་ཀྱི་གྲོན་དངུལ་དོ་དམ་བྱེད་ཐབས་བཀོལ་ཚེ། ཚན་ཞིབ་གྲུབ་འབྲས་ཀྱི་ཆོས་ཉིད་དང་འགལ་ནས་ཚན་ཞིབ་པའི་ཞིབ་འཇུག་དང་ལག་ལེན། ཚན་རྩལ་གསར་གཏོད་ཐད་ཀྱི་གྲུབ་འབྲས་སྔ་མོ་ནས་ལོན་པར་ཚད་ངེས་ཅན་ནས་བཀག་རྒྱ་ཐེབས་ཀྱི་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་བོ་ཆེ་ལ་ནན་ཏན་དུ་བསྟན་དོན།“ཚན་ཞིབ་འགྲོ་གྲོན་བེད་སྤྱོད་དང་དོ་དམ་བྱེད་ཐབས་བཅོས་སྒྱུར་གསར་གཏོད་ལ་ཤུགས་བསྣན་ཏེ། གྲོན་དངུལ་ཀྱིས་མིའི་གསར་གཏོད་རང་བཞིན་དུ་གྱུར་བའི་ལག་ལེན་ལ་ཞབས་ཞུ་བྱེད་དུ་འཇུག་དགོས་པ་ལས། མིའི་གསར་གཏོད་རང་བཞིན་དུ་གྱུར་བའི་འདུ་འགོད་ཀྱིས་གྲོན་དངུལ་ལ་ཞབས་ཞུ་བྱེད་དུ་འཇུག་མི་རུང་།”ཞེས་ནན་གྱིས་བསྟན་ཏེ། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་ཞིབ་གྲོན་དངུལ་དོ་དམ་མུ་མཐུད་ནས་བཅོས་སྒྱུར་བཟང་པོ་དང་འཐུས་སྒོ་ཇེ་ཚང་གཏང་བར་བྱེད་ཐབས་གསར་པ་བཏོན་པར་མ་ཟད། ཚན་རིག་ཞིབ་འཇུག་པས་སེམས་ཁྲལ་བྱེད་པའི་གནད་དོན་ལ་ལན་ཆ་སྤྲད་ཅིང་། ཚན་ཞིབ་ལས་ཀའི་ཕྱིའི་ཁྱད་ཆོས་དང་ནང་གི་ཆོས་ཉིད་ལ་བསམ་བློ་གང་ལེགས་བཏང་ཡོད་པས། གྲོན་དངུལ་དོ་དམ་ཁྲོད་སེལ་ཐབས་མེད་པའི་དཀའ་གནད་དག་སེལ་བར་རེ་བ་ཡོད་པར་གྱར། དེ་ཡང་ཕྱོགས་གཅིག་ནས་འབྲེལ་ཡོད་སྲིད་ཇུས་དག་གྲོན་དངུལ་དོ་དམ་གྱི་གོ་རིམ་ཧྲིལ་པོར་ལག་བསྟར་བྱས་ཏེ། སྔོན་རྩིས་སྒྲིག་ཁོངས་དང་། གྲོན་དངུལ་སྙན་ཞུ། བགོ་སྤྲོད་བཀོད་སྤྱོད་ནས་རྩིས་སྤྲོད་མྱུར་ཚད། ལྟ་སྐུལ་རྩིས་བཤེར་བཅས་ལ་གཏན་འབེབས་ཕྲ་ཞིབ་བཟོས་ཡོད། ཞོར་དུ་བཅོས་སྒྱུར་བྱེད་ཐབས་སོ་སོར་དམིགས་སུ་གཏད་ཅིང་། གནད་ཐོག་ཏུ་འཁེལ་པ་བྱས་ནས་གྲོན་དངུལ་དོ་དམ་བཀོད་སྤྱོད་ཁྲོད་ཀྱི་དཀའ་གནད་དང་། འགག་གནད་སེལ་རོགས་སྒོས་ཚན་ཞིབ་པའི་གསར་གཏོད་ཀྱི་མི་མངོན་ནུས་ཤུགས་ལ་སེམས་ཤུགས་བསྩལ་ཏེ། འཇོན་ཐང་ཅི་དགར་ངོམ་སོ་ལ་ཆ་རྐྱེན་བསྐྲུན་ཡོད་པས། ཁོ་ཚོས་ཞིབ་འཇུག་ལ་བློ་རྩེ་གཅིག་ཏུ་སྒྲིམ་ཤིང་། ནུས་རྒུ་རྩལ་དུ་སྤྲུགས་ནས་ལག་རྩལ་གྱི་དགག་སྒོ་གཏོར་བར་འགན་སྲུང་བྱས་ཡོད་པ་རེད།

ཚན་རིག་ལག་རྩལ་གྱིས་ཕྲ་རགས་ཀྱི་ཆས་གསར་གཏོད་བྱེད་པ་ནི་ཚན་ཞིབ་པས་རང་དབང་གི་འཚོལ་ཞིབ་དང་འབྲལ་ཐབས་མེད་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ཚན་ཞིབ་བདག་དབང་ཡོད་མིན་དེའོ། ། གྲོན་དངུལ་བཀོལ་སྤྱོད་ཀྱི་བདག་དབང་མེད་ན། ཚན་ཞིབ་བདག་དབང་གི་དོན་བྱ་ཐམས་ཅད་ལག་བསྟར་བྱེད་ཐབས་མེད། དེང་གི་འཛམ་གླིང་སྤྱི་ལ་མཚོན་ན། ལོ་བརྒྱའི་རྗེས་ཀྱི་འགྱུར་ལྡོག་ཆེན་པོའི་སོ་ན་ཡོད་པས། རང་རྒྱལ་གྱི་འཕེལ་རྒྱས་ཡང་དེ་ལྟའི་ཕྱི་ནང་གི་འགྱུར་ལྡོག་ཆེན་པོ་དང་རྙོག་འཛིང་གི་ཁོར་ཡུག་ཁྲོད་ན་ཡོད། དེ་བས་ན་རང་རྒྱལ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང་། དེའི་རྗེས་ཀྱི་ཡུན་རིང་གི་འཕེལ་རྒྱས་ལ་ཆ་བཞག་ན་ཚན་རྩལ་གསར་གཏོད་གང་མགྱོགས་ཅིག་མགྱོགས་ཀྱིས་སྤེལ་བར་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་བླང་བྱ་གསར་པ་ཞིག་འདོན་དགོས་བྱུང་། དེ་ནི་འཕེལ་རྒྱས་གསར་པ་ཞིག་གི་ཐེམ་པར་རྐང་ཚུགས་ཏེ། འཕེལ་རྒྱས་གསར་པ་ཞིག་གི་བསམ་བློ་ལག་ཏུ་བསྟར་ཞིང་། འཕེལ་རྒྱས་གསར་པ་ཞིག་གི་བློ་བཀོད་ཡག་པོ་བཟོས་ནས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་བྱུང་བ་རེད། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་དམངས་ཚིས་ལེགས་བསྒྱུར་ནི་འདས་པའི་དུས་གང་ལ་བལྟས་རུང་ཚན་རིག་ལག་རྩལ་གྱི་གནད་དོན་ཐག་གཅོད་པའི་ཇུས་ཐབས་ཤིན་ཏུ་མཁོ་བའི་དུས་ཤིག་ཡིན་པས། གསར་གཏོད་ཀྱི་སྒུལ་ཤུགས་དང་པོ་འདི་ངེས་པར་དུ་ཇེ་ཆེར་གཏང་དགོས། རྒྱལ་ཁབ་སྟོབས་ཆེན་དུ་བསྒྱུར་ན་ཚན་རྩལ་ལ་བརྟེན་དགོས་པ་ནང་བཞིན་དེའི་ཐད་གོམ་ཁ་ཇེ་མགྱོགས་སུ་བཏང་ནས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་ཕྱོགས་ལ་རང་མགོ་རང་གིས་ཐོན་ཐུབ་པ་ཞིག་བྱ་དགོས་པས། ངེས་པར་ཀྲུང་དབྱང་ནོར་སྲིད་ཀྱི་ཚན་ཞིབ་གྲོན་དངུལ་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཚན་ཞིབ་པར་གྲོན་དངུལ་དོ་དམ་གྱི་བདག་དབང་སྤྲད་དགོས། དེའི་དོན་སྙིང་ནི་གལ་ཆེ་ནང་གི་འགངས་ཆེན་ནོ། །

ཀྲུང་དབྱང་ནོར་སྲིད་ཚན་ཞིབ་གྲོན་དངུལ་དོ་དམ་ནི། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་དང་། རྨང་གཞིའི་བཀོལ་སྤྱོད་ཞིབ་འཇུག་ཐད་སྤྱོད་པའི་གྲོན་དངུལ་གྱི་འགོ་ཁུངས་ཡིན་པས། དེའི་བཅོས་སྒྱུར་དང་འཐུས་ཚང་ནི། ཐོག་མའི་གསར་གཏོད་དང་གནད་འགག་གི་ལག་རྩལ་འགག་གཏོར་ལ་འབྲེལ་བ་དམ་པོ་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་ཞིབ་འཇུག་གསར་གཏོད་ཐད་ཀྱི་མ་དངུལ་གཏོང་འཇོག་ལུགས་མཐུན་བཀོལ་སྤྱོད་ཕྱོགས་ལ་སློབ་སྟོན་རང་བཞིན་དང་དཔེ་སྟོན་རང་བཞིན་གྱི་ནུས་པ་གདོན་ཐུབ་བོ། །འབྲེལ་ཡོད་ཕྱོགས་ཀྱིས་བཀོལ་སྒྲིག་དང་དོན་འཁྱོལ་ལ་ཤུགས་ཆེན་པོ་བརྒྱབ་ཏེ། རང་འགན་རང་འཁུར་དང་མཉམ་འབྲེལ་མཉམ་སྒྲུབ་སྒོས་གྲོན་དངུལ་དོ་དམ་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་སྔ་མོ་དོན་ཐོག་ལ་འཁྱོལ་དུ་བཅུག་ནས་ཚན་ཞིབ་པའི་བློ་རྩེ་གཅིག་སྒྲིམ་གྱིས་ཚན་ཞིབ་ལ་གཞོལ་པར་འགན་སྲུང་ནན་མོ་བྱ་དགོས།

ཁོན་ཐར་འཚོས་བསྒྱུར།