ཆུར་ནུབ་མྱོང་བའི་རླངས་འཁོར་མང་པོ་ཞིག་ཧ་ལམ་ཚོང་རར་ཤོར་ཟིན་པའི་ཚང་མས་གནད་དོན་འདི་དག་སྣང་མེད་དུ་འཇོག་མི་རུང་།

ཉེ་ཆར། ཧོ་ནན་ཀྲེན་ཀྲོའུ་དང་ཤིན་ཤང་སོགས་སུ་དྲག་ཆར་བབས་ནས་རླངས་འཁོར་མང་པོ་ཞིག་ཆུར་ནུབ་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།   ཧོ་ནན་གྱི་ཕྱོགས་ཀུན་ཏུ་ཆུར་ནུབ་མྱོང་བའི་རླངས་འཁོར་འཚོལ་མཁན་མང་དུ་བྱུང་འདུག །    ལམ་འགྲམ་གྱི་གློག་སྡོང་སོགས་ཀྱི་སྟེང“ཆུར་ནུབ་རླངས་འཁོར་ཞིག་གསོ་བྱེད་མཁན། ཆུར་ནུབ་རླངས་འཁོར་ཉོ་སྡུད་བྱེད་མཁན”ཞེས་བརྡ་ཁྱབ་སྦྱར་ཡོད་པ་མ་ཟད།     ཉིན་རྒྱུན་མི་གང་མང་ཞིག་ཀྲེན་ཀྲོའུ་རླངས་འཁོར་རྙིང་པའི་ཉོ་ཚོང་ཁྲོམ་རར་རླངས་འཁོར་ཉོ་རུ་ཡོང་བཞིན་ཡོད།     རླངས་འཁོར་རྙིང་པ་ཕབ་ཚོང་གི་ཀུང་སི་ཞིག་གིས་དྲ་ཚིགས་ཐོག“ཧོ་ནན་ཆུར་ནུབ་རླངས་འཁོར་མི་འགྱངས་པར་ཕབ་ཚོང་ཡོད་པའི”གནས་ཚུལ་ཐོན་ཡོད་ལ།    ཀུང་སི་དེའི་ཀྲེན་ཀྲོའུ་དང་།    ཤིན་ཤང་།    ཨན་དབྱང་བཅས་ས་གནས་གསུམ་གྱི་ཆུར་ནུབ་རླངས་འཁོར་སྟོང་ཕྲག་ཁ་ཤས་མཛོད་དུ་བཅུག་ཡོད།     ཀུང་སིའི་ནང་ཁུལ་གྱི་ལས་མི་ཞིག་གིས་བཤད་རྒྱུར། གྲངས་འབོར་མང་བའི་ཆུར་ནུབ་རླངས་འཁོར་དག་བྱེད་ཐབས་སྣ་ཚོགས་བརྒྱུད་རླངས་འཁོར་རྙིང་པའི་ཁྲོམ་རར་བཞག་ནས་རིམ་བཞིན་རྒྱལ་ཡོངས་སུ་ཁྱབ་སྲིད་ཅེས་བཤད་པ་རེད། 

 

ཧོ་ནན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་སྒྲོག་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན།    ཟླ7པའི་ཚེས28ཉིན་བར། ཧོ་ནན་འགན་བཅོལ་ལས་རིགས་ལ་ཁྱོན་རླངས་འཁོར་འགན་བཅོལ་གྱོད་གཞི་ཁྲི22.64ཡི་གྱོད་གཞི་ཐོན་པའི་ནང། ཧོ་ནན་ཞིང་ཆེན་ཡོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་གྱོད་གཞི་ཁྲི2.99ལ་སྐྱིན་ཚབ་གཞལ་རྒྱུ་གཏན་འཁེལ་བྱས་པ་རེད།     གཞི་གྲངས་འདི་ལས་ཐེངས་འདིར་གནོད་འཚེ་ཐེབས་ཐེབས་པའི་རླངས་འཁོར་ཧ་ཅང་མང་པོ་ཡོད་པས་གུན་གསབ་བྱེད་ཚད་ཅུང་འགོར་བ་ཤེས་ཐུབ། 

བཅུ་ཆ་གཅིག་གི་སྐྱིན་ཚབ་འཇལ་བའི་བསྡུར་ཚད་དང་དུས་ཡུན་ཅུང་རིང་བའི་སྐྱིན་ཚབ་འཇལ་བའི་དུས་ཚོད་ཀྱིས་རླངས་འཁོར་བདག་པོ་མང་པོ་ཞིག་གིས་གནོད་འཚེ་ཐེབས་པའི་རླངས་འཁོར་བཙོངས་ནས་གྱོང་གུན་ཉུང་དུ་གཏང་གང་ཐུབ་བྱ་རྒྱུ་དེ་གདམ་ག་ཞིག་ཏུ་བརྩི་བཞིན་ཡོད།     རླངས་འཁོར་དེ་དག་ལ་ཆུའི་ཉེན་འགོག་དང་།    རླངས་འཁོར་ཆག་སྐྱོན་ཉེན་འགོག་ཉོས་མེད་པ་ཡིན་ན།    རླངས་འཁོར་རྙིང་ཚོང་བས་ཐད་ཀར་དུ་ཉོས་པ་རེད། 

ཡིན་ཡང་སྐྱིན་ཚབ་འཇལ་བའི་རླངས་འཁོར་ཡིན་ཚེ།    ཉེན་འགོག་འགན་ལེན་ཀུང་སིས་ཀྱང་སྤྱིར་བཏང་དུ་ཕབ་ཚོང་ཀུང་སིར་སྤྲད་ནས་ཐག་གཅོད་བྱེད་དུ་འཇུག་དགོས་ལ།   ཕབ་ཚོང་ཉོ་ཚོང་མཁན་མང་ཆེ་བ་ནི་ལག་བརྒྱུད་རླངས་འཁོར་གྱི་བརྒྱུད་འཚོང་པ་རེད།     ཆུར་ནུབ་རླངས་འཁོར་མང་པོ་ཞིག་མི་འགྱང་བར་རླངས་འཁོར་རྙིང་པའི་ཁྲོམ་རར་འཆོར་རྒྱུ་གཏན་ཁེལ་རེད། རླངས་འཁོར་རྙིང་པའི་ཚོང་པས“ཚོང་ལས་ཀྱི་གོ་སྐབས”བཟུང་ནས་རིན་གོང་དམའ་པོ་བྱས་ནས་ཆུར་ནུབ་རླངས་འཁོར་ཉོས་ཏེ་ལེགས་པར་བཟོས་རྗེས་ཐབས་ལམ་སྣ་ཚོགས་བརྒྱུད་རྒྱལ་ཡོངས་ཀྱི་ཁྲོམ་རར་ཕྱིར་ཚོང་བྱེད་ཀྱི་ཡོད།     བར་གྱི་རིན་ཁྱད་ཀྱིས་ལག་བརྒྱུད་རླངས་འཁོར་གྱི་ཚོང་པ་རང་ཉིད་ལ་ཡོང་འབབ་མང་པོ་ཐོབ་ཡོད་མོད།    འོན་ཀྱང་བདེ་འཇགས་ཀྱི་ཉེན་ཁ་དེ་འཛད་སྤྱོད་པའི་ཐོག་ལ་བཀལ་ཡོད།  

ཆུར་ནུབ་རླངས་འཁོར“ཡོངས་སུ་ཞིག་གསོ་བྱས་མེད”ཅེས་པར་བཤད་སྲོལ་འདི་འདྲ་ཡོད།     ཆེད་ལས་ཀྱིས་གཙང་བཤེར་བྱས་པ་བརྒྱུད་ཆུར་ནུབ་རླངས་འཁོར་གྱི་ཕྱི་ངོས་དང་ཐ་ན་ལྷུ་ལག་གི་ཕྱི་ངོས་ཀྱང་རླངས་འཁོར་གསར་པ་དང་ཧ་ལམ་ཁྱད་མེད།    འོན་ཀྱང་དེའི་གློག་རྡུལ་སྐུད་ལམ་དང་མགྱོགས་ཚད་སྒྱུར་སྒམ་སོགས་ཀྱི་ཆག་སྐྱོན་རྦད་དེ་ཞིག་གསོ་བྱེད་ཐབས་བྲལ་བ་དང་།    རླངས་འཁོར་གཏོང་སྐབས་སྒྲིག་ཆས་ཀྱི་ནུས་པ་ཉམས་པའི་གནས་ཚུལ་ཐོན་སླ་པོ་ཡོད།     འགྲོ་སྐྱོད་བྱེད་བཞིན་པའི་རླངས་འཁོར་གྱི་ནུས་པ་ཉམས་པ་ནི་འཇིགས་སྣང་སྐྱེ་འོས་པ་ཞིག་ཡིན་ལ།    དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་གློག་ལམ་ཐད་ཐུག་གིས་ད་དུང་རླངས་འཁོར་རང་འབར་བྱེད་སྲིད།    

ཚེ་སྲོག་གི་འགག་སྒོ་ལས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དེ་དག་གིས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཟོ་བ་མ་ཟད།    སྤྱི་པའི་བདེ་འཇགས་ལ་དེ་བས་འཇིགས་སྐུལ་བཟོ་གི་ཡོད།   

དེར་བརྟེན།    ཆུར་ནུབ་རླངས་འཁོར་རླངས་འཁོར་རྙིང་བའི་འཁོར་རྒྱུག་ཁྱབ་ཁོངས་སུ་ཞུགས་ཐུབ་མིན་དང་།    ལམ་དུ་བསྐྱོད་ཐུབ་མིན་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་སྟེང་ནས་ཚད་གཞི་སྲ་མོ་ཞིག་བཟོས་ན་ད་གཟོད་བགྲོད་ལམ་བདེ་འཇགས་སྟེང་གི་སྐྱོན་ཆ་དེ་འགོག་ཐུབ།

ད་བར་དུ་འགྱུར་མེད་ཀྱི་ཚད་གཞི་འདི་ད་དུང་བཙུགས་མེད།     ད་ཆར་རང་རྒྱལ་གྱི་རླངས་འཁོར་རྙིང་པའི་ཉོ་འཚོང་ལག་བསྟར་བྱེད་པ་ནི་སྔར་བཞིན2005ལོའི་《རླངས་འཁོར་རྙིང་པའི་འགྲོ་རྒྱུག་དོ་དམ་བྱེད་ཐབས》ཡིན་ཞིང་།    དེའི་ནང་དུ་ཆུར་ནུབ་རླངས་འཁོར་གྱི་ཉོ་འཚོང་ལ་གསལ་བཤད་གསལ་པོ་བྱས་མེད།

2013ལོའི་ལོ་མཇུག་ཏུ་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུའུ་དང་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་ཁྱབ་སྒྲོག་བྱས་པའི《རླངས་འཁོར་རྙིང་པའི་གསལ་འབྱེད་དཔྱད་དཔོག་ལག་རྩལ་ཚད་གཞི》ཡི་ནང་རླངས་འཁོར་རྙིང་པའི་གསལ་འབྱེད་དཔྱད་དཔོག་བྱེད་སྐབས་རླངས་འཁོར་ཆུར་ནུབ་ཡོད་མེད་དཔྱད་དཔོག་བྱེད་དགོས་ཀྱང་གསལ་འབྱེད་དཔྱད་དཔོག་ཚད་གཞི་སོགས་གནད་འགག་གི་རིམ་པར་ཚད་གཞི་བཟོས་མེད་པ་རེད།

ལས་རིགས་ལ་འབྲེལ་ཡོད་ཚད་གཞི་མེད། རྒྱུ་མཚན་ད་ཡོད་ཀྱི་རླངས་འཁོར་ལ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་རླངས་འཁོར་རྙིང་པའི་ཞིབ་བཤེར་ལས་སྟེགས་ཀྱིས་བཀོལ་སྤྱོད་ཉམས་མྱོང་ཁོ་ནར་གཞིགས་ནས་རླངས་འཁོར་ཁྲོམ་རར་ཞུགས་ཆོག་མིན་གཏན་འཁེལ་བྱེད་ཀྱི་ཡོད་པ་རེད།

ད་ཆར་ང་ཚོའི་མིག་མདུན་གྱི་ཆུར་ནུབ་རླངས་འཁོར་འདི་འདྲའི་མང་པོ་ཞིག་ཞིག་གསོ་བྱས་རྗེས།    དུས་བཅད་འགད་རྫས་ཞིག་དང་འདྲ་བར་རླངས་འཁོར་ར་བ་སོ་སོ་རུ་བཞག་ཡོད་པས།    རླངས་འཁོར་རྙིང་བ་ཉོ་འདོད་མཁན་གྱི་འཛད་སྤྱོད་པ་རྣམས་ཀྱིས་ལྐོག་ཏུ་ཆུར་ནུབ་རླངས་འཁོར་གྱི་དབྱེ་འབྱེད་བྱེད་སྟངས་ཤེས་དགོས་པར་མ་ཟད།    རྗེས་ཕྱོགས་སུ་ཆུར་ནུབ་རླས་འཁོར་ཉོ་མི་རུང་བའི་གནད་དོན་རྙེད་དགོས། 

བསྡོམས་རྩིས་བྱས་པ་ལྟར་ན།ད་ཆ་རླངས་འཁོར་རྙིང་པའི་ཉོ་ཚོང་བྱེད་ཚད་ཁྲི840ལས་བརྒལ་བ་དེ། དུས་མཚུངས་ལས་52.9%འཕར་བ་དང་།     རླངས་འཁོར་རྙིང་བ་དང་རླངས་འཁོར་གསར་བ་བཙོང་བའི་བར་གྱི་བསྡུར་ཚད་ནི0.65:1ལ་འཕར་ཡོད།     མངོན་མེད་ནུས་ཤུགས་དེ་འདྲའི་ཆེན་པོ་ལྡན་པའི་རླངས་འཁོར་རྙིང་པའི་ཚོང་ར་གཏོང་གཏད་དེ།    རླངས་འཁོར་བདག་པོའི་ཁེ་དབང་འགན་སྲུང་།    སྤྱི་པའི་བདེ་འཇགས་སྲུང་སྐྱོང་བཅས་བྱེད་དགོས་པ་ལས།    འཛད་སྤྱོད་པ་རང་ཉིད་ཀྱི་བླང་དོར་ཁོ་ནར་བརྟེན་ན་མི་འགྲིག

གལ་ཏེ་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་བྱས་པ་བརྒྱུད།    ཆུར་ནུབ་རླངས་འཁོར་འགྲོ་ཆོག་མིན་ཐག་བཅད་དེ། གཅིག་གྱུར་གྱི་ལས་རིགས་ཚད་གཞི་འཛུགས་པ་དང་། ཆུར་ནུབ་རླངས་འཁོར་གྱི་འབྲེལ་ཡོད་འགྲོ་རྒྱུག་དོ་དམ་བྱེད་ཐབས་མགྱོགས་མྱུར་ངང་བཟོ་བཅོས་བྱ་དགོས་པར་མ་ཟད་ངེས་པར་དུ་བསྒྲུབ་དགོས།     གཞན་ཡང་།    དེའི་རྗེས་ཀྱི་རླངས་འཁོར་ཉོ་བ་དང་རླངས་འཁོར་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་གོ་རིམ་ལ་ལེགས་སྒྲིག་འོས་འཚམ་བྱེད་དགོས་ཏེ། དཔེར་ན། ཆུར་ནུབ་ཀྱི་རླངས་འཁོར་ལ་ཞིབ་བཤེར་བྱེད་པའི་དུས་ཚོད་དང་།    བགྲོད་སྐྱོད་ཀྱི་ལོ་ཚད་སོགས་སྔར་ལས་ཞིབ་ཚགས་པའི་གནད་དོན་ཚང་མ་ཕྱོགས་གཅིག་ཏུ་བཞག་ནས་བསམ་གཞིག་བྱེད་དགོས།    

གལ་ཏེ་འཁོར་རྒྱུག་བྱེད་མི་ཐུབ་ན།    ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་ལེགས་པོ་ཡིན་པའི་ངོས་ནས་བཤད་ན།   ཆུར་ནུབ་རླངས་འཁོར་དེ་བེད་མེད་དུ་གཏང་བའི་འཕྲུལ་སྒུལ་འཁོར་ལོའི་འཁོར་སྐྱོད་མ་ལག་གི་ཁོངས་མི་དམིགས་བསལ་ཅན་ཞིག་ཏུ་བརྩིས་ཏེ།    དེའི་བདེ་འཇགས་རིམ་པ་ཕྱེ་ནས།    ལག་རྩལ་ཚད་གཞི་མི་འདྲ་བ་ལྟར་བེད་མེད་དུ་གཏང་དགོས།     དཔེར་ན།    རིམ་པ་གང་ཞིག་གི་རླངས་འཁོར་གྱི་རྒྱུ་ཆ་གང་ཞིག་བསྐྱར་དུ་བེད་སྤྱོད་བྱས་ཆོག་པ་དང་།    བཟོ་སྐྲུན་གྱི་རྣམ་པ་གང་ཞིག་ཏུ་བེད་སྤྱོད་བྱས་ཆོག་པ་སོགས་ལྟ་བུ་རེད། 

དེ་ནི་མ་ལག་རང་བཞིན་གྱི་ལས་ཀ་ཞིག་ཡིན་པས།    ད་དུང་འཁོར་བདག་གི་ཁེ་དབང་འགན་སྲུང་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དེ་སྒུལ་ཤུགས་དང་འདེགས་སྐྱོར་བྱ་དགོས་པ་ཞིག་ཡིན།

ལོ་ཙཱ།རྟ་མགྲིན་དཔལ།