ཧྲན་ཏུང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་བཞུགས་མོལ་གྲོས་ཚོགས་ཟི་ལིང་དུ་སྤེལ་བ།

— ཝང་ཅན་ཅོན་གྱིས་གཙོ་སྐྱོང་དང་གཏམ་བཤད། ལིས་ཀན་ཅེ་དང་ཞིན་ཁྲང་ཞིན་གྱིས་གཏམ་བཤད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས27ཉིན། ཧྲན་ཏུང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་འོངས་ཤིང་། ཟི་ལིང་གྲོང་ཁྱེར་དུ་ཧྲན་ཏུང་གི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བ་གཏིང་ཟབ་དུ་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅོན་གྱིས་གཙོ་སྐྱོང་དང་གཏམ་བཤད། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལིས་ཀན་ཅེ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིན་གྱིས་གཏམ་བཤད།

ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧྲན་ཏུང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་དང་བྱ་བར་མཛུབ་སྟོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་བྱས་ཤིང་། ཧྲན་ཏུང་ཞིང་ཆེན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ལོའི་ཟླ3པར་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། ཟླ6པར་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་ཏུ་དངོས་སུ་ཡོང་ནས། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁུངས་ཀྱི་བདེ་འཇགས་གོ་གནས་ཐད་སྔར་ལས་གལ་ཆེ་བའི་བླང་བྱ་མཐོན་པོ་བཏོན་ཡོད། ད་ལྟ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་ཡོན་ས་མཐོ་གསར་སྐྲུན་དེ་སྤྱིའི་སྣེ་ཁྲིད་དུ་བཟུང་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་དྭངས་གཙང་ནུས་ཁུངས་ཐོན་ལས་རྟེན་གཞི། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བཅས་གང་མགྱོགས་འཛུགས་སྐྲུན་བྱེད་བཞིན་ཡོད། ཧྲན་ཏུང་གི་འཕེལ་རྒྱས་ནི་རྒྱལ་ཡོངས་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཤིག་སྟེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་མདུན་སྐྱོད་ཀྱི་མདུན་གྲས་སུ་ཚུད་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འགན་འཁྲི་གསར་པའི་ཁྲོད་ཡང་མདུན་གྲས་སུ་ཚུད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ལ་བཏོན་པའི་བླང་བྱ་གལ་ཆེན་དང་ཧྲན་ཏུང་གིས་ཕྲག་ཏུ་ཁུར་བའི་དུས་རབས་ཀྱི་འགན་འཁྲིའང་ཡིན། མཚོ་སྔོན་གྱི་མཐོ་སྒང་འཛུགས་སྐྲུན་དང་ཧྲན་ཏུང་གི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་ཚུད་པ་དེའི་གོ་དོན་ཕན་ཚུན་འབྲེལ་ཆགས་ལ། འཚོལ་སྙེག་ཡང་གཅིག་མཐུན་དང་བརྒྱུད་རིམ་ཡང་བསྣོལ་སྡེབ་ཏུ་བྱུང་། ཞིང་ཆེན་གཉིས་ཀྱིས་ལག་ཟུང་དམ་སྦྲེལ་གྱིས་མཉམ་དུ་མདུན་སྐྱོད་ལ་རེ་ལྟོས་ངང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དང་བརྗེ་རེས་མཉམ་འབྲེལ་ཁྲོད་ཆབ་སྲིད་ཀྱི་མཛའ་བརྩེ་དང་འགན་འཁྲིའི་བརྩེ་བ་ཇེ་ཟབ་ཏུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དང་མཚོ་སྔོན་གཉིས་ལ་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་སྣེ་ཁྲིད་འགྱུར་མེད་སྲ་བརྟན་སྒོས། མི་རྣམས་ལ་བདེ་སྐྱིད་བསྐྲུན་པ་དམིགས་འབེན་དང་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་དེ་རྨང་གཞིར་བཟུང་ནས། བཅོས་སྒྱུར་སྒོ་འབྱེད་སྒུལ་ཤུགས་ཀྱིས་བདེ་འཇགས་འཕེལ་རྒྱས་དེ་རྨང་གཞིར་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དེ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་དངོས་ཡོད་གསོན་ཉམས་ཅན་ཞིག་ཡིན།

ལིས་ཀན་ཅེ་ཡིས་གཏམ་བཤད་ཁྲོད་བཤད་རྒྱུར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་སྤྲད་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན་ལ། ཞིང་ཆེན་གཉིས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དང་མཉམ་ལས་གཏིང་ཟབ་དུ་སྤེལ་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ངོ་། །ན་ནིང་ནས་བཟུང་། ཧྲན་ཏུང་གིས་ཀྲུང་དབྱང་གི་སྐབས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་དུ་སྤེལ་བ་དང་། ཧྲན་ཏུང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་སྒོས་སྤེལ། དབུལ་ཐར་མཁྲེགས་གཏོར་དང་དམངས་ཚིས་ལེགས་བཅོས། ཐོན་ལས་མཉམ་ལས། བརྗེ་རེས་འབྲེལ་འདྲིས་སོགས་ཁྱབ་ཁོངས་སོ་སོའི་ཁྲོད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་བླངས། ང་ཚོས་མུ་མཐུད་དུ་ལངས་ཕྱོགས་མཐོར་འདེགས་དང་འགན་འཁྲི་དམ་འཛིན་སྒོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་འགན་བབས་ལས་དོན་དང་ཕྲག་ཏུ་ལེན་འོས་པའི་འགན་འཁྲི་རུ་བརྩིས་ནས། མཚོ་བྱང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ལ་རོགས་རམ་བྱས་ཏེ། སྤུས་ཚད་མཐོ་བའི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་སྒྲུབ་རྒྱུ་ཡིན་ཟེར། བྱ་བའི་གཙོ་གནད་འབུར་དུ་ཐོན་རྒྱུ་དང་རྣམ་གྲངས་གལ་ཆེན་ནང་འདྲེན་གྱི་བྱེད་ནུས་ཀྱིས་གོང་འོག་གི་འབྲེལ་བ་འཐུས་ཚང་དང་སྔ་གཞུག་མཉམ་བསྲེས། གོ་རིམ་མང་པོ་དང་ཁྱབ་ཁོངས་མང་པོར་གྲོས་མཐུན་སྐུལ་འདེད་མ་ལག་བཙུགས་ཏེ། ཚོགས་པ་དང་ཐུན་མོང་གི་རྣམ་པའི་རོགས་སྐྱོར་རྣམ་པ་ལེགས་པོར་བཀོལ་ནས། སྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་དར་སྤེལ་མཐོར་འདེགས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ། དམངས་ཚིས་བཅོས་སྒྱུར་འགན་སྲུང་སོགས་བྱ་བ་གཙོ་བོར་ཕན་འབྲས་ལེན་རྒྱུ། ཞིང་ཆེན་གཉིས་ཀྱིས་ལག་ཟུང་དམ་སྦྲེལ་སྒོས་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན། ཐོན་ལས་གསར་སྤེལ་འཕེལ་རྒྱས་དང་སྐྱེ་ཁམས། ནུས་ཁུངས། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་མཉམ་འབྲེལ་གྱི་ཁྱབ་རྒྱ་དང་ཟབ་ཚད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ། ཕན་ཚུན་ཁེ་ཕན་གཉིས་སྨན་མངོན་འགྱུར་དང་ཐུན་མོང་འཕེལ་རྒྱས་བྱུང་ཡོད།

ཞིན་ཁྲང་ཞིན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་གྱིན་ཡོད་ལ། ལོ་རྒྱུས་རང་བཞིན་སྒོས་ལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས། དེའི་ཁྲོད་ཧྲན་ཏུང་གི་མིག་དཔེ་དང་ཧྲན་ཏུང་གི་དཔེ་གཞི་འདུ། ཧྲན་ཏུང་གི་ཤེས་རབ་དང་ཧྲན་ཏུང་གི་སྟོབས་ཤུགས་འདུ། དུས་ཡུན་རིང་བོའི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་ཁྲོད། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མཐོ་རིམ་གྱི་གོ་གནས་སྐུལ་འདེད་ལ་སྔར་ལས་མཐོང་ཆེན་བྱས་ཤིང་། སྔར་ལས་ཤེས་རིག་ནང་འདྲེན་གྱི་མཉམ་སྐྲུན་ལ་མཐོང་ཆེན་བྱས། སྔར་ལས་གནད་འཁེལ་ལས་དོན་གྱི་ཕན་འབྲས་ལ་མཐོང་ཆེན། སྔར་ལས་བརྗེ་རེས་དང་འབྲེལ་འདྲིས་མཉམ་བསྲེས་བཅས་ལ་མཐོང་ཆེན་བྱས་པས། ཧྲན་ཏུང་གི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་རྣམ་པ་ཞིག་གྲུབ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་ཏུ་སྤེལ་ནས། དྲིན་ཚོར་ཧུར་བརྩོན་མདུན་སྐྱོད་ཀྱིས་བེད་སྤྱོད་གང་ལེགས་སྒོས། རོགས་སྐྱོར་མཉམ་ལས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས། ཁྱབ་ཁོངས་ཀྱི་བྱ་བ་གཏིང་ཟབ་དུ་གཏོང་བའི་རྨང་གཞིའི་སྟེང་མཚོ་སྔོན་གྱི་ཕྱོགས་བཞིའི་འཛུགས་སྐྲུན་དང་གཅིག་བསྡུས་ལ་བརྗེ་རེས་ཤུགས་སྣོན་དང་འཚོལ་ཞིབ་ཚོད་ལྟའི་མི་མངོན་པའི་ནུས་པ་སྔོག་འདོན། སྟེགས་བུ་གསར་སྐྲུན་གྱིས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལག་བསྟར་གྱི་རྣམ་གྲངས་རེ་རེ་ལ་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་ངེས་ཅན་རེ་བཏང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་འཇོན་མི་རེ་རེར་སེམས་ཁུར་སྒོས་རོགས་སྐྱོར་མཉམ་ལས་ཀྱིས་འགོ་ཚུགས་ས་གསར་པའི་སྟེང་གྲུབ་འབྲས་གསར་པ་ལེན་རྒྱུ་འགན་སྲུང་བྱས།

ཟླ7པའི་ཚེས28ཉིན། ཧྲན་ཏུང་འཐུས་ཚབ་ཚོགས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདའ་བཞི་རྫོང་དང་རྐང་ཚ་རྫོང་དུ་ཕྱིན་ནས། མཚོ་བྱང་ཁུལ་གྱི་མཐོ་སྒང་དེང་རབས་ཕྱུགས་ལས་ཐོན་ལས་དཔེ་སྟོན་གླིང་དང་། མཚོ་སྔོན་པོའི་ཁེ་རམས་ཐང་། རྐང་ཚ་རྫོང་གི་ཤིང་ཏོག་དང་སྔོ་ཚོད་འདེབས་འཛུགས་ཚོད་ལྟའི་རྟེན་གཞི། དཔལ་དགེ་གྲོང་རྡལ་གྱི་འཕྲོད་བསྟེན་གླིང་བཅས་ལ་རྟོག་ཞིབ་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཡུའེ་ཚུན་ལི་འབྲེལ་ཡོད་བྱ་འགུལ་ཁྲོད་ཟབ་ཞུགས་བྱས་སོ། །

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།