ཀོས་ནན་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བདུན་པ་འཚོགས་པ།

ཟླ7པའི་ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད9ཡི་སྟེང་ཀོས་ནན་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བདུན་པའི་ཚོགས་འདུ་ཐེངས་དང་པོ་རྫོང་མི་རིགས་སློབ་འབྲིང་གི་གྲོས་ཚོགས་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཚོགས་འདུར་འཐུས་མི152ཕེབས་དགོས་པ་དང་། ཚོགས་འདུར་ཞུགས་མཁན་འཐུས་མི150ཡོད་པས་གཏན་འཁེལ་མི་གྲངས་དང་མཐུན་པ་རེད།

ཚོགས་འདུ་ལ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཡུས་ཅུན་མིང་གིས་འགོ་འཛིན་བྱས་ཤིང་།ཚོགས་ཆེན་ལག་བསྟར་གྱི་ཀྲུའུ་ཞི་ཉིན་ཧྥ་ཀུའེ་དང་།ཡུས་ཅན་མིང།ལི་གོ་ཧྲིན།ཁུ་ཧུང་ཧྲན།པད་མ་རྡོ་རྗེ།ལེ་ཝུན་ཆའེ།ལྷ་འབྲུག་རྒྱལ།ཚེ་ཐར་རྒྱལ།རྡོ་རྗེ་སྐྱིད།དར་མཚོ་རྒྱལ།ཝང་ཞའོ་ཧུང་བཅས་མདུན་གྲལ་དུ་བཞུགས་ཡོད།

ཚོགས་ཆེན་ལ་ཞུགས་མཁན་དང་ཟུར་ཞུགས་མཁན་རྫོང་མི་དམངས་འཐུས་ཚོགས་སྐབས་བཅུ་བདུན་པའི་འཐུས་མི་མ་ཡིན་པའི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་།རྫོང་གི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།རྫོང་ཨུའུ་དང་རྫོང་སྲིད་གཞུང་གི་སྡེ་ཚན་ཁག་དང་།མང་ཚོགས་ཀྱི་ཚོགས་པ་ཁག བཅའ་སྡོད་དམག་དཔུང་ཁག རྫོང་སྡོད་ཞིང་ཆེན་དང་ཁུལ་གྱི་ཚན་པ་ཁག་གི་འགན་འཁུར་བ་དང་དེ་བཞིན་རྫོང་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་གྱི་ཨུ་ཡོན་བཅས་རེད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་།རྫོང་མི་དམངས་སྲིད་གཞུང་གི་ལས་ཚབ་རྫོང་དཔོན་ཆའོ་བན་མ་ཚེ་རིང་གིས་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བ་དང་།སྙན་ཞུ་དེ་ཁྱོན་ཁག་གསུམ་ལ་དབྱེ་བ་སྟེ།གཅིག་ནི་ལོ་ལྔའི་བྱ་བར་ཕྱིར་མིག་བལྟས་ནས་གྲུབ་འབྲས་བཟང་བོས་མི་སེམས་ལ་སྐུལ་མ་ཐེབས་དགོས་པ་དང་།གཉིས་ནི་ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་འགྱུར་ལ་ཇུས་འགོད་བྱས་ཏེ་འཕེལ་རྒྱས་ཀྱི་དམིགས་ཚད་གསལ་བོ་བཟོ་དགོས་པ།གསུམ་ནས་འབྱུང་འགྱུར་གྱི་ལོ་ལྔའི་ནང་འབད་འབུངས་ཡར་བརྩོན་བྱས་ནས་ངེས་པར་དུ་བྱས་རྗེས་འཇོག་དགོས་པ་བཅས་ཡིན།

སྙན་ཞུའི་ནང་བསྟན་དོན།འདས་པའི་ལོ་ལྔའི་ནང་ཞིང་ཆེན་དང་ཁུལ་ཨུའུ།སྲིད་གཞུང་དང་རྫོང་ཨུའུ་བཅས་ཀྱི་འགོ་ཁྲིད་འོག རྫོང་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་དང་།དབུལ་ཐར་མཁྲེགས་གཏོར་དེ་ལས་གཞི་ཨང་དང་པོར་བརྩི་བ།སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩི་བ།དམངས་འཚོ་ལེགས་སུ་གཏོང་རྒྱུ་བརྩོན་ལེན་བྱེད་པ་ཨང་དང་པོར་བརྩི་བ་བཅས་བྱས་ནས་ཞན་ཆ་ཁ་གསབ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་འཆར་འགོད་དམིགས་ཚད་ཀྱི་ལས་འགན་སྤྱིའི་ཆ་ནས་ལེགས་སྒྲུབ་བྱས་པས།རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མི་སེམས་འགུལ་བའི་གྲུབ་འབྲས་གསར་པ་ཞིག་ཐོབ་པ་དང་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

སྙན་ཞུའི་ནང་བསྟན་དོན།རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་སྲིད་གཞུང་བྱ་བའི་སྤྱིའི་བསམ་གཞི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཚེས་གཅིག་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་།མཚོ་སྔོན་གྱི་ལས་དོན་སྐོར་གྱི་གལ་ཆེའི་གསུང་བཤད་མཛུབ་སྟོན་གྱི་དགོངས་དོན་བཅས་དོན་འཁྱོལ་གཏིང་ཟབ་བྱས་ནས།རྫོང་ཨུའི་འགོ་ཁྲིད་བརྟན་པོའི་འོག་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དམ་འཛིན་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ནས་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འདྲེས་པར་བྱས་ཏེ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ་དང།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་གཙོ་གནད་དུ་འཛིན་པ།བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པ།མི་དམངས་ཀྱི་ཉིན་རེར་འཕར་སྣོན་འགྲོ་བའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་འཛིན་པ།དཔེ་སྟོན་ཞིང་ཆེན་ལྔ་དང་དཔལ་འབྱོར་རྣམ་པ་རིགས་བཞི་དང་ས་ཆ་བཞི་ཡི་འཛུགས་སྐྲུན་ལ་དམིགས་པ།མངོན་མཐོ་གཅིག་དང་སྤུས་ལེགས་གཉིས་ལ་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བཏང་ནས་ཀོས་ནན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ་དང་།ཁྱད་ཆོས་ལྡན་པའི་རྟེན་གཞི་གསུམ་འཛུགས་པ།སྟོབས་ལྡན་རྫོང་བཞིའི་འཐབ་ཇུས་ལག་བསྟར་བྱེད་པ།སྤུས་ཚད་མཐོ་བོས་དཔེ་སྟོན་རྫོང་ལྔ་འཛུགས་ཐུབ་པ་བཅས་ཀྱི12345ཡི་གོང་སྤེལ་འཐབ་ཇུས་ལ་དམིགས་ནས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྔོན་ལ་སྐུལ་འདེད་གཏོང་བ་དང་།དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་པོར་གཏོང་བ།གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ།གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ།སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀོས་ནན་གསར་པ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་སྲིད་གཞུང་བྱ་བའི་འབད་བརྩོན་དམིགས་ཡུལ་ནི།གྲོང་གསེབ་དར་རྒྱས་གཏོང་བའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི4.5ཡས་མས་ཀྱི་འཕར་ཚད་རྒྱུན་འཁྱོངས་དང་།མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་གོང་བསྡོམས་འབོར་སྒོར་ཁྲི2.68ཟིན་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི7འཕར་བ།གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི5འཕར་བ།ས་གནས་ནོར་སྲིད་ཀྱི་སྤྱི་བའི་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི5ཡན་འཕར་བ།གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་བརྒྱ་ཆའི3.4ཡི་ནང་ཚོད་འཛིན་བཅས་བྱ་དགོས་ཤིང།སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་།ཚན་རྩལ་དང་རིག་གནས།སྨན་བཅོས་འཕྲོད་བསྟེན་སོགས་བྱ་གཞག་འཕེལ་རྒྱས་མགྱོགས་ཙམ་གཏོང་བ།སྤྱི་ཚོགས་ཀྱི་སྤྱི་བའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ།རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི40ཟིན་པ་དང་།རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་དཔེ་སྟོན་རྫོང་དང་།རྒྱལ་ཁབ་ཀྱི་གྲངས་འཛིན་གྲོང་གསེབ་དཔེ་སྟོན་རྫོང་།རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་རྫོང་།རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་རྫས་དཔེ་སྟོན་རྫོང་།རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་བཅས་འཛུགས་སྐྲུན་གང་ཐུབ་བྱས་ཏེ།ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་བོད་ལུག་ནག་པོའི་རྟེན་གཞི་དང་།ཞིང་ཆེན་ཡོངས་ཀྱི་ས་མཐོའི་གཟན་རྩྭའི་རྟེན་གཞི་ཆེ་ཤོས་དང་ལེགས་ཤོས།ཁུལ་ཡོངས་ཀྱི་ནུས་རྒྱུ་གསར་པའི་རྟེན་གཞི་ཆེ་གྲས་གཉིས་པ་བཅས་ནུས་ཤུགས་ཡོད་རྒུས་གཏོད་དགོས།

སྙན་ཞུའི་ནང་ནན་གྱི་བསྟན་དོན།རྫོང་མི་དམངས་འཐུས་ཚོགས་སྐབས་བཅུ་བདུན་པའི་ཐོག་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་པ་དང་།ངེས་པར་དུ་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་གཤམ་གསལ་ཕྱོགས་བརྒྱད་ཐད་བྱས་རྗེས་འཇོག་དགོས་པ་སྟེ།གཅིག་ནས་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཚད་བརྒལ་བྱ་རྒྱུར་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས་པ་དང་།གཉིས་ནས་ལྗང་མདོག་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཤུགས་ཆེན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྐྱེ་ཁམས་དཔལ་ཡོན་གསར་པའི་ཐོག་བྱས་རྗེས་གསར་པ་འཇོག་པ།གསུམ་ནས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གྲོང་གསེབ་ཀྱི་ལེའུ་གསར་པ་རྩོམ་པའི་ཐད་བྱས་རྗེས་གསར་པ་འཇོག་པ།བཞི་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་དམ་འཛིན་ཤུགས་ཆེན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རྨང་གཞི་ཇེ་བརྟན་དང་ཁ་གསབ་མཉམ་འདྲེས་ཐད་བྱས་རྗེས་གསར་པ་འཇོག་པ།ལྔ་ནས་མཉམ་སྐྲུན་མཉམ་སྤྱོད་ཀྱི་དམངས་འཚོར་དམ་འཛིན་ཤུགས་ཆེན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པ།དྲུག་ནས་དུས་བདེ་འཛུགས་སྐྱོང་ལ་དམ་འཛིན་དང་བཅོས་སྒྲིག་བྱ་རྒྱུར་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འཆམ་མཐུན་གྱི་ཁོར་ཡུག་གསར་པ་གཏོད་པའི་ཐད་བྱས་རྗེས་གསར་པ་འཇོག་པ།བདུན་ནས་བཅོས་སྒྱུར་གསར་གཏོད་ཀྱི་སྒོ་འབྱེད་ལ་དམ་འཛིན་ཤུགས་ཆེན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་པ།བརྒྱད་ནི་དངོས་གཉེར་ཕན་འབྲས་དམ་འཛིན་དང་སྤྱོད་ཚུལ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྲིད་གཞུང་གི་སྣང་བརྙན་གསར་པའི་ཐོག་ནས་བྱས་རྗེས་གསར་པ་མངོན་ཐུབ་པ་བཅས་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བཏུས།