ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། སྤྱི་ཟླ7པའི་ཚེས27ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གཏམ་བཤད་གལ་ཆེན་དང་ཞོད་འགོག་རྒུད་སྐྱོབ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞོད་འགོག་དང་རིམས་འགོག་སོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད་སྐབས་གནང་བའི་གཏམ་བཤད་གལ་ཆེན་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་གངས་ལྗོངས་མཐོ་སྒང་གི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་བཀོད་སྒྲིག་གལ་ཆེན་བྱས་ཡོད་པར་མ་ཟད་ང་ཚོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། དེང་སྐབས་རང་རྒྱལ་ནི་ཆུ་ལོག་རྒྱུག་པའི་དུས་སྐབས་སུ་གནས་ཡོད་པས། གནད་ལ་འཁེལ་ཞིང་དུས་ཐོག་ཏུ་སྔོན་བརྡ་གཏོང་བ་དང་སྔོན་དཔག་ཇུས་གཞི་འཐུས་ཚང་དུ་བཏང་ནས། དྲག་ཆར་བབས་ཏེ་གནོད་པ་ཚབས་ཆེན་བཟོ་བར་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་པ་དང་དོགས་ཟོན་ནན་མོ་བྱ་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་སྒོས།གནོད་འཚེ་ཐེབས་རྗེས་དུས་ཐོག་ཏུ་གཞན་སྤོར་ཉེན་སེལ་སོགས་ཀྱི་ནུས་ལྡན་བྱེད་ཐབས་སྤྱོད་དགོས། འགན་འཁྲི་དང་ལེན་བྱས་ཏེ་ཞོད་འགོག་རྒུད་སྐྱོབ་ཀྱི་གཙོ་གཞིའི་འགན་འཁྲི་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཞོད་འགོག་བྱེད་ཐབས་སྣ་ཚོགས་དངོས་འབེབས་ཞིབ་མོ་བྱེད་པར་མ་ཟད། གཞི་རིམ་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་སྲུང་བྱེད་པ་དང་། ཚད་མཐོན་པོས་རྒྱུ་ནོར་བདེ་འཇགས་འགན་སྲུང་དང་གནོད་ཐེབས་གྱོང་གུད་ཇེ་ཉུང་དུ་གཏང་དགོས་ཟེར།

ཚོགས་འདུའི་སྟེང་ནན་དུ་བསྟན་དོན། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་འགོག་བཅོས་བྱ་བ་དམ་འཛིན་བྱས་ཏེ། ཕྱི་ནས་ནང་ལ་མཆེད་པ་སྔོན་འགོག་བྱ་རྒྱ་དེ་གོ་གནས་དང་པོར་འཇོག་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱ་བའི་བྱེད་ཐབས་སྣ་ཚོགས་ཞིབ་ཕྲ་སྒོས་ལག་བསྟར་བྱ་དགོས་ལ། ལྟ་ཞིབ་ཤུགས་ཚད་ཇེ་ཆེར་བཏང་སྟེ། གནམ་གྲུ་ཐང་དང་ཚོང་རྫས་ཕྱིར་གཏོང་ལྟེ་གནས་སོགས་ཀྱི་འགོག་སྲུང་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ནང་མཆེད་ཉེན་ཁ་གཏན་འགོག་བྱ་དགོས། མྱུར་དུ་འགོག་སྨན་བརྒྱབ་ནས་དམངས་ཡོངས་ཀྱི་རིམས་འགོག་སྒྲིབ་དངོས་སྲ་བརྟན་དུ་གཏོང་དགོས་བའི་རེ་བ་བཏོན།

ཏང་ཙུའུ་ཁོངས་མི་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཀྲང་ལིས། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧོང་ཡ། ཝང་ཏེན་པང་བཅས་ཚོགས་འདུར་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཟུར་ཞུགས་བྱས།

ཤ་མོ་འཚོས་བསྒྱུར།