ཉི་མ་སྒྲོལ་མས་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་དུ་རིམ་པ་ལྔའི་དམངས་ཆེན་འཐུས་མིའི་བརྗོད་དོན་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་སྔོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདོ་ལ་རྫོང་དུ་ཕྱིན་ནས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁུང་ཆིན་ཅུས་དང་དེ་མིན་ཞིང་ཆེན་དང་ཁུལ། རྫོང་། ཡུལ་ཚོ་བཅས་རིམ་པ་ལྔའི་དམངས་ཆེན་གྱི་འཐུས་མི་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་གསལ་བོར་རྟོགས་པར་བྱས་ཏེ་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པར་དམིགས་ནས་འཐུས་མིའི་བརྗོད་དོན་བྱ་འགུལ་སྤེལ།

ཉིན་གཉིས་ཀྱི་རིང་ལ། འཐུས་མི་རྣམས་ཀྱིས་སྔ་གཞུག་ཏུ་བཙུན་མོ་གཞོང་ཆུང་བའི་སྐྱེ་ཁམས་བཅོས་སྐྱོང་དང་ཨ་རིག་ཡུལ་ཚོའི་དམངས་ཆེན་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། བཙུན་མོ་གཞོང་གྲོང་རྡལ་གྱི་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་ལས་ཁུངས་ཀྱིས་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་། དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དང་ཁྲིམས་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་སྟེ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཕྱོགས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཉི་མ་སྒྲོལ་མས་བཤད་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་གནང་བའི་རེ་བ་དང་མངག་བཅོལ་ཡིན། རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་མགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། ཧུར་ཐག་སྒོས་མཉམ་བསྲེས་དང་རང་འགུལ་སྒོས་བྱ་སྤྱོད་དང་ལེན་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རང་འགུལ་འགུལ་སྐྱོད་དང་ཕུགས་འདུན་རེ་སྙེག་ཏུ་འགྱུར་བར་བྱེད་པ་དང་། ཧུར་ཐག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་བྱས་རྗེས་འཇོག་དགོས་ཟེར།

ཤ་མོ་འཚོས་བསྒྱུར།