འགྲིམ་འགྲུལ་ཉེན་རྟོག་པས་ཅི་ནུས་སྒོས་འགྲིམ་འགྲུལ་འགལ་རྐྱེན་སེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། ཟི་ལིང་གྲོང་ཁྱེར་ལ་ཆར་ཞོད་དྲག་པོ་བབས་ཤིང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཆེན་གྱིས་ནུས་ཤུགས་གང་ཡོད་རྩལ་དུ་བཏོན་ཏེ་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་ཁག་ཐེག་བྱས་པ་རེད།

ཚེས25ཉིན་གྱི་ཆུ་ཚོད19དང་སྐར་མ10ཡི་སྟེང་། ཟི་ལིང་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཁང་གིས་ཟི་ལིང་གྲོང་ཁྱེར་དུ་དྲག་ཆར་འབབ་པའི་ཉེན་བརྡ་སེར་པོའི་བརྡ་རྟགས་བཏང་། སྔོན་དཔག་ལྟར་ན་གྲོང་ཁྱེར་དུ་ཆུ་ལོག་བྱུང་བ་དང་ས་ནུར་བ། རྡོ་ཟེགས་བཞུར་པ། གྲོང་ཁྱེར་ནང་རོལ་དུ་ཆུ་ལོག་སོགས་ཀྱི་གནོད་འཚེ་བྱུང་བའི་ཉེན་ཁ་ཅུང་ཚབས་ཆེ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཆེན་གྱིས་རུ་ཆེན་སོ་སོར་མཐུད་སྦྲེལ་སྒོས། ཁོངས་གཏོགས་ཀྱི་ཆུ་འདོན་སྡེ་ཁག་བརྒྱུད་དེ་ཆུ་གསོག་སླ་བའི་ལམ་རྒྱུད་ལ་རྩད་གཅོད་བྱེད་པར་ཤུགས་ནས་དུས་ལྟར་འགྲིམ་འགྲུལ་བདེ་འཇགས་བྱ་བའི་འགལ་རྐྱེན་འདྲ་མིན་མང་པོ་མེད་པར་བཟོས།

གྲོང་ཁྱེར་གྱི་དྲག་ཆར་གདོང་ལེན་བྱས་ཏེ། རུ་ཆེན་སོ་སོས་མུ་མཐུད་དུ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་དང་མངའ་ཁོངས་ཀྱི་གཞུང་ལམ་ཤར་གཏོང་གནས་ཚུལ་ལ་ཁ་གཏད་གཅོག་ཆེད། ཉེན་རྟོག་མི་སྣ་བསྡུ་སྐོང་གིས་ཡུལ་དངོས་གང་སར་བཀོལ་སྒྲིག་དང་སྐོར་ཞིབ་བདག་དོམ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲོང་ཁྱེར་དང་གྲོང་ཁྱེར་མཐའ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་ལ་གོ་རིམ་ལྡན་པའི་ངང་ནས་བདག་དོམ་ཚོད་འཛིན་ནུས་ཤུགས་ཆེས་ཆེར་བཏང་ཡོད་ལ། ཁོངས་གཏོགས་སོ་སོའི་གཞུང་ལམ་གཙོ་བོར་ཆུ་མི་བཞུར་ས་དང་ཚོད་འཛིན་མི་ཐུབ་པའི་བྱ་བར་ཁག་ཐེག་ཡོད་པའི་སྒོ་ནས་གཞུང་ལམ་འགྲིམ་འགྲུལ་དེ་གོ་རིམ་ལྡན་པའི་ངང་ནས་ལེགས་པོར་སྤེལ་བ་རེད།

ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་པས་གསལ་འདེབས་བྱ་རྒྱུར། ཆར་བ་འབབ་པའི་སྐབས་སུ་ལམ་དུ་ཤུད་སླ་བས་རླངས་འཁོར་དལ་བགྲོད་བྱ་དགོས་ལ། མཚན་བགྲོད་དང་ཞོགས་བསྐྱོད་ལ་གང་ནུས་ཀྱིས་གཡོལ་ཅི་ཐུབ་བྱ་དགོས། མཐོང་ལམ་མི་གསལ་བའི་སྐབས་སུ་གློག་འོད་ཡང་དག་བཀོལ་ཏེ་མཐོང་ལམ་ལེགས་པོ་རྒྱུན་འཁྱོངས་ཐུབ་དགོས། ཆར་བ་འབབ་སྐབས་རླངས་འཁོར་གྱི་མྱུར་ཚད་བདེ་འཇགས་ཀྱི་ཚད་གཞིའི་ནང་བགྲོད་པ་དང་རླངས་འཁོར་འདྲེད་པར་དོགས་ཟོན་བྱ་དགོས། དེ་དང་ཆབས་ཅིག་མདུན་གྱི་རླངས་འཁོར་དང་བར་ཐག་ངེས་ཅན་ཡོད་པའི་སྒོ་ནས་བགྲོད་དགོས་ལ། སྐབས་བསྟུན་བྱེད་ཐབས་སྣ་ཚོགས་བཀོལ་རྒྱུར་གྲ་སྒྲིག་ཡོད་དགོས། ཆར་བ་འབབ་པའི་གནས་ཚུལ་དང་ལམ་ངོས་གནས་ཚུལ་གཞིར་བཟུང་སྟེ། རླངས་འཁོར་གྱི་མཇུག་གློག་དང་སྒྲོམ་གློག ཉེ་གློག་སོགས་བཀར་དགོས། རང་ཉིད་ཀྱིས་ལམ་གསལ་བོར་མཐོང་བ་དང་ཆབས་ཅིག་མི་གཞན་ལ་ཡང་རང་གི་རླངས་འཁོར་མཐོང་དུ་འཇུག་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།