མཚོ་སྔོན་གྱི་འབྲི་ཞོ་རྒྱལ་ཡོངས་ག་སར་ཚོང་ལ་ཁྱབ་པ།

རིགས་མི་འདྲ་བའི་ཞོ་སྣ་ཚོགས་ཀྱིས་མི་དམངས་དང་ཚོང་བ་དག་གི་མིག་དབང་འཕྲོག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་ཐང་ཆེན་དུ་སོང་བ་ན། མི་རྣམས་སྐད་ཅིག་དེ་ཉིད་ལ་ཐང་ཆེན་གྱི་སྐབས་དྲུག་པའི་མཚོ་སྔོན་པོའི་འོ་ཞོ་རིག་གནས་སྒྱུ་རྩལ་དུས་ཆེན་གྱིས་འགུགས་པར་བྱེད། གནས་འདིར་རྣམ་པ་མི་འདྲ་ལ་བྲོ་བའང་མི་འདྲ་བའི་ཞོ་སྣ་ཚོགས་ཐང་མ་བརྡལ་པ་བཞིན་འགྲེམས་སྟོན་བྱས་ཡོད།

ཐེངས་འདིའི་བྱ་འགུལ་ནི“དྲ་ལམ་ཞོ་ཡི་ཁྲོམ་ར”དང་དྲ་ལམ་མ་ཡིན་པའི་བརྗོད་དོན་ཚོགས་ར་གཉིས་སུ་དབྱེ་ཡོད། དྲ་ལམ་གྱིས་དྲ་རྒྱའི་ཐད་གཏོང་གི་རྣམ་པར་བརྟེན་ནས་རིགས་མི་འདྲ་བའི་ཞོ་སྣ་ཚོགས་འཚོང་བཞིན་ཡོད་ལ། དྲ་ལམ་ལས་རིགས་འགོ་བཙུགས་སྟེ་ཕྱིར་འཚོང་ལམ་བུ་བརྟོལ་ནས་དངོས་པོ་འཚོང་བའི་རྣམ་པ་ཡིན། དྲ་ལམ་མ་ཡིན་པ་ནི་བརྗོད་དོན་ཚོགས་ར་རུ་བཤམས་པའི་རྣམ་པ་སྤྱད་དེ། འཛད་སྤྱོད་པའི་སྐུལ་འདེད་རང་བཞིན་དང་ཉམས་ཞིབ་རང་བཞིན་ཆེས་ཆེར་བཏང་ཡོད་པས། མི་མང་པོ་ཞིག་གིས་མདོ་དབུས་མཐོ་སྒང་གི་འབྲི་ཞོ་ལ་ཤེས་རྟོག་དང་རྒྱུས་ལོན། རོལ་མྱོང་བཅས་བྱ་ཐུབ་པ་བྱུང་ཡོད།

མཚོ་སྔོན་པོའི་འབྲི་ཞོ་རིག་གནས་སྒྱུ་རྩལ་དུས་ཆེན་དེ་བསྟུད་མར་ལོ6ལ་སྤེལ་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ནོར་ནག་འོ་ལས་འཕེལ་རྒྱས་མཉམ་སྐྲུན་མཉམ་ལས་ཀྱི་བརྗེ་རེས་སྟེགས་བུ་བསྐྲུན་ནས། མདོ་དབུས་མཐོ་སྒང་གི་ལྷད་མེད་དྭངས་གཙང་གི་བྲོ་བ་དེ་འཛམ་གླིང་ལ་ལོངས་སྤྱོད་དུ་ཕུལ་ཡོད།

མཚོ་སྔོན་དུ་ནོར་ནག་འོ་ཞོའི་སྲོལ་རྒྱུན་བཟའ་བཏུང་རིག་གནས་དེ་རྒྱུན་འཛིན་དར་སྤེལ་ཐད་ལ་ལོ་ངོ་བརྒྱ་སྟོང་རིང་གི་ལོ་རྒྱུས་ལྡན། ཞོ་ཡིས་མི་རིགས་རིག་གནས་དར་སྤེལ་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ད་ལྟའི་བར་རྒྱལ་ཡོངས་ཀྱི་གནམ་ཐང་ཆེན་པོ་དང་ཚོང་ར་ཆེན་པོ། སྒོ་རྩིས་ཚོང་ཁང་སོགས་སུ་མཚོ་སྔོན་གྱི་ཞོ་ཕྱིར་འཚོང་བྱེད་བཞིན་ཡོད་ལ། དེའི་བྲོ་བ་དང་འཚོ་བཅུད་ཀྱི་རིན་ཐང་ལ་ཚང་མས་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད།

སྒྱུ་རྩལ་དུས་ཆེན་གྱི་ཞོ་འགྲེམས་སྟོན་ས་ཁུལ་དུ་ཕྱིན་ན། ས་ཁུལ་སོ་སོ་ནས་ཐོན་པའི་འགྲུལ་བ་དང་ཚོང་བ་དག་གིས་མཚོ་སྔོན་གྱི་ཞོ་ཡི་བྲོ་བ་མྱངས་བཞིན་ཡོད། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ལ་ཁྱོན་བསྡོམས་པས་རིགས་མི་འདྲ་བའི་ཞོ་ཡི་ཐོན་རྫས66ཡོད་པ་དང་། སྔ་མའི་སྲོལ་རྒྱུན་གྱི་ཞོ་ལས་གཞན། མཚོ་སྔོན་གྱི་འོ་ལས་ཐོན་རྫས་ཁེ་ལས་སོ་སོས་ཀྱང་ཞོ་བསྙལ་མ་དང་ཆུར་བའི་འོ་སོགས་ཐོན་རྫས་གསར་པ་མང་པོ་ཞིག་འོས་སྦྱོར་བྱས་ཡོད། ཞོ་ཡི་བྲོ་བའི་ཐད་འཕང་འབྲས་དང་ནས། གྲོ། ཡུ་གོ། ཆིན་ཡན་ལན་ཀྲི་སོགས་མདོ་དབུས་མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་ཀྱི་ཁྱད་ཆོས་ལྡན་པའི་ཞོ་རིགས་ཕུན་སུམ་ཚོགས་པ་དེས་ས་ཁུལ་སོ་སོའི་ཚོང་བ་དག་གི་སྤྲོ་མོས་འགུག་བཞིན་ཡོད། ལན་ཀྲུའུ་གྲོང་ཁྱེར་གྱི་ཞོ་རིགས་ཚོང་གཉེར་མཁན་ཡའེ་ཞིན་གྱིས་མཚོ་སྔོན་གྱི་ཞོ་ལ་བསྟོད་པ་འཐེན་བཞིན་ཡོད་ལ། ཁོ་རང་ལན་ཀྲུའུ་ནས་ཆེད་དུ་ཐོན་རྫས་འདེམས་དུ་འོངས་པ་རེད།

ལོ་འདི་དག་གི་རིང་། རང་ཞིང་གིས་སྔ་གཞུག་ཏུ་རོགས་སྐྱོར་འཕེལ་རྒྱས་ཀྱི་ནོར་ནག་ཐོན་ལས་ཀྱི་དམིགས་གསལ་སྲིད་ཇུས་རབས་དང་རིམ་པ་བཏོན་ནས། 《ནོར་ནག་ཐོན་ལས་ཀྱི་འཕེལ་རྒྱས་ལག་བསྟར་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར》དང་། 《མཚོ་སྔོན་ཞིང་ཆེན་གྱི་ནོར་ནག་དང་ནས་ཀྱི་ཐོན་ལས་འཕེལ་རྒྱས་བྱ་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི》སོགས་བྱེད་ཐབས་འདྲ་མིན་སྣ་ཚོགས་བཏོན་ནས། ནོར་ནག་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། འབྲི་ཞོ་ཡི་བཟའ་བཏུང་རིག་གནས་འཕེལ་རྒྱས་ལ་ཡང་སྔ་ན་མེད་པའི་གོ་སྐབས་བསྐྲུན། ཞིང་ཆེན་ཕྱི་ནང་གི་འོ་རིགས་ཁེ་ལས་ཀྱིས་ཞིང་ཆེན་ཧྲིལ་བོའི་སྐྱེ་ཁམས་ཞིང་ཕྱུགས་ལས་དང་ཐོན་ལས་དབུལ་སྐྱོར་གྱི་འཐབ་ཇུས་རོགས་སྒྲུབ་སྟོབས་ཤུགས་སྤྱད་དེ། ཁྱད་ལྡན་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རོང་འབྲོག་མི་དམངས་ཀྱི་ཕྱུག་འགྱུར་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།