རྩྭ་ཐང་གི་སྐྱེ་ཁམས་སློབ་ཁྲིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་རྒྱ་རྗེ་སྤོ་ལོ་གྲོང་རྡལ་སྐྱིད་དགའ་སློབ་ཆུང་དུ་གཟའ་འཁོར་རེར་ཁོར་སྲུང་གི་བསླབ་ཚན་ཞིག་བཀོད་སྒྲིག་བྱེད་པའི་སྒྲིག་སྲོལ་ཞིག་ཡོད་པས། བྱིས་པ་ཚོར་ཁོར་སྲུང་གི་འདུ་ཤེས་གོམས་གཤིས་ལེགས་པོ་ཤིག་ཆགས་སུ་བཅུག་ཡོད་པས། སློབ་གྲྭ་ཡོངས་ཀྱི་ལོ་རིམ་གསུམ་པའི་ཡན་གྱི་སློབ་མ་ཚང་མ་སློབ་ཁྲིད་དེར་ཞུགས་དགོས་པ་རེད།

སྐྱིད་དགའ་སློབ་ཆུང་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་བཅའ་སྡོད་སློབ་ཆུང་ཞིག་ཡིན་ལ། སློབ་མ་གཙོ་བོ་ནི་རྫོང་གི་ཡུལ་ཚོ་ལྔ་དང་གྲོང་རྡལ་གཅིག་གི་ས་གནས་འབྲོག་པ་མང་ཚོགས་ཀྱི་བུ་བུ་མོ་དག་ཡིན་ལ། གནས་འདི་ནི་ཆུ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་གྱི་ན་གཞོན་སྐྱེ་ཁམས་ཀུན་སྤྱོད་སློབ་གསོའི་རྣམ་གྲངས་ཀྱི་རྟེན་གཞི་ཡང་ཡིན།

“ང་ཚོའི་ཕ་ཡུལ་ནི་ཆུ་གསུམ་སྟོད་ན་ཡོད། འདི་ནི་འབྲི་ཆུའི་འགོ་ཁུངས་ཡིན། ང་ཚོ་གཙང་གསུམ་གྱི་འགོ་ཁུངས་ལ་དགའ་བ་དང་གཙང་གསུམ་ལ་སྲུང་སྐྱོབ་བྱེད་པ། ང་ཚོས་སྐྱེ་ཁམས་ཆུ་འགོར་སོ་སྲུང་བྱས་ཡོད་་་”ཅེས་ཟླ7པར། སྐྱིད་དགའ་སློབ་ཆུང་གི་ཆུ་གསུམ་སྟོད་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་གྱི་ན་གཞོན་སྐྱེ་ཁམས་ཀུན་སྤྱོད་སློབ་གསོའི་རྟེན་གཞི་རུ་བསྐྱོད་དུས། སློབ་ཁང་ནང་གི་གྱང་ངོས་མཐའ་དག་ལྗང་མདོག་གི་ཚོན་གྱིས་བྱུགས་ཡོད་ལ། མི་རྣམས་ཀྱི་སེམས་སུ་དྭངས་གསལ་དང་རང་བྱུང་གི་ཚོར་སྣང་ཞིག་སྦྱིན་འོངས། དེའི་འཕྲོར་གསར་འགོད་པས་སློབ་མ་དག་དང་མཉམ་དུ་ཡིད་འགུལ་ཐེབས་པའི་ཁོར་སྲུང་གི་སློབ་ཁྲིད་ཐེངས་ཤིག་རོལ་མྱོང་བྱས་པ་རེད།

ཁོར་སྲུང་བསླབ་ཚན་གྱི་དགེ་རྒན་ནོར་བུ་དྲི་མེད་ཀྱི་ངོ་སྤྲོད་བྱེད་རྒྱུར། ཆུ་གསུམ་སྟོད་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་གྱི་ན་གཞོན་ཚོའི་སྐྱེ་ཁམས་ཀུན་སྤྱོད་ཀྱི་སློབ་གསོར་སྔར་ལས་ཤུགས་སྣོན་དང་ཁོ་ཚོར་ཆུང་དུས་ནས་བཟུང་རི་མཐོ་ཆུ་གཙང་ནི་རིན་ཆེན་གསེར་ལས་ལྷག་པའི་འདུ་ཤེས་ཆགས་སུ་གཞུག་ཕྱིར། 2016ལོའི་ཟླ5པ་ནས་བཟུང་། སྐྱིད་དགའ་སློབ་ཆུང་གིས་མཚོ་སྔོན་ཞིང་ཆེན་གཙང་གསུམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་དང་ཧྲང་ཧའེ་རོའུ་ཧྲའེ་རུ་ཁག་གི་ཕྱོགས་གསུམ་མཉམ་ལས་ལ་མཉམ་འབྲེལ་སྒོས་ལྷད་མེད་འབྱུང་ཁུངས་ཀྱི་རིམ་བསྟར་བྱ་འགུལ་སྤེལ་ནས། ཆུ་གསུམ་སྟོད་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་གྱི་ན་གཞོན་སྐྱེ་ཁམས་སློབ་གསོའི་རྣམ་གྲངས་གསར་སྐྲུན་ངང་། ན་གཞོན་སློབ་མ་དག་ལ་ཆུང་དུས་ནས་བཟུང་ཁོར་སྲུང་ལ་རྒྱུས་ལོན་ཐུབ་པར་སྣེ་ཁྲིད་ནས། ཁོར་སྲུང་དངོས་ཡོད་ཐད་ལ་ལག་འགུལ་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རང་ཉིད་ནས་ཆགས་ཐུབ་པ་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ཆུ་གསུམ་སྟོད་དུ་ཁོར་སྲུང་སློབ་གསོའི་དཔེར་སྟོན་སློབ་གྲྭ་བཙུགས་པ་ནས་ད་ལྟའི་བར། ཡུལ་ཤུལ་ཁུལ་གྱིས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་དང་མི་ཆོས་ཀྱིས་ཕྱུག་པའི་ཁོར་ཡུག་སློབ་གསོའི་སློབ་ཁྲིད་དང་ཁོར་སྲུང་དངོས་ཡོད་བྱ་འགུལ་སྤེལ་ཏེ། སྐྱེ་ཁམས་ཤེས་བྱ་དང་ཁོར་སྲུང་འདུ་ཤེས་སློབ་ཁྲིད་ཁྲོད་བཞག་ནས། བྱིས་པ་མང་པོ་ཞིག་ལ་རང་ཉིད་ཀྱི་ཕ་ཡུལ་ལ་རྒྱུས་ལོན་བྱེད་དུ་བཅུག་ཅིང་། རྨ་འབྲི་རྫ་གསུམ་ས་ཁུལ་གྱི་ན་གཞོན་སྐྱེ་ཁམས་སློབ་གསོར་སྐུལ་འདེད་བཏང་ཞིང་། སྔར་ལས་ལྷག་པའི་སྒོ་ནས་ན་གཞོན་ཚོའི་ཁོར་སྲུང་འདུ་ཤེས་མཐོར་འདེགས་ཀྱི་བྱ་འབྲོག་ཁུལ་ཁྱིམ་ཚང་ཁྲོད་ཞུགས་སུ་བཅུག་གོ །

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།