རང་ཞིང་གིས་བྱ་ཐབས་སྣ་མང་སྤྱད་དེ་ཨར་སྐྲུན་ལས་རིགས་ཀྱི“གཤམ་སྤྲོད་དོ་དམ་ཞབས་ཞུའི”བཅོས་སྒྱུར་སྤེལ་ཏེ་ཁེ་ལས་ལ་ཁག་ཐེག་འགན་དངུལ་དུང་ཕྱུར5.4གློད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཉེ་ཆར་གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན།    “གཤམ་སྤྲོད་དོ་དམ་ཞབས་ཞུའི”བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་ཆེད།    ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས“ལྷུག་གཏོང་།    མྱུར་སྒྲུབ།   ནན་གཉེར།    དམངས་ཕན།    ཡོངས་སྒྲོག”བཅས་ཀྱི་ཞིབ་མཆན་ཞབས་ཞུ་བྱེད་སྟངས་ཤིག་གཏོད་རྒྱུ་ཡིན་ཞིང་།     ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུར་ཕན་པའི་ཚོང་གཉེར་ཁོར་ཡུག་བཏོད་ནས། ཞིང་ཆེན་ཡོངས་ཀྱི་ཨར་སྐྲུན་ལས་རིགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།    

ཟླ2ཚེས1ཉིན་ནས་བཟུང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ཨར་ལས་ཆོག་འཐུས་གློག་རྡུལ་ལག་ཁྱེར་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ། ཨར་ལས་ཆོག་འཐུས་ཀྱི“མཐའ་མའི་འགག་གནད”སྒྲོལ་ཐུབ་པ་བྱས་ནས་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་བཟོ་སྐྲུན་ལས་གཞི་ཡི་ཨར་ལས་ཆོག་འཐུས་བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་གཉེར་བ་རེད།     ད་ཆར་གྲོང་ཁྱེར་དང་།    རྫོང་།    ཆུས་བཅས་དང་དེ་བཞིན་བཟོ་ལས་གླིང་ཁུལ་བདུན་ལ་ཨར་སྐྲུན་ཆོག་འཐུས་གློག་རྡུལ་ལག་ཁྱེར་སྤྲད་པ་དང་ལས་གཞི790ལྷག་ཙམ་ལ་ཨར་སྐྲུན་ཆོག་འཐུས་གློག་རྡུལ་ལག་ཁྱེར་སྤྲད་པ་རེད།   

ཟླ3པའི་ཚེས1ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཨར་སྐྲུན་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་གློག་རྡུལ་ལག་ཁྱེར་དངོས་སུ་སྤྱོད་འགོ་ཚུགས་པ་དང་།    ད་ཆར་ཁེ་ལས330ལྷག་ཙམ་ལ་ཨར་སྐྲུན་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཆོག་འཐུས་ཀྱི་གློག་རྡུལ་ལག་ཁྱེར་སྤྲད་ཅིང་།     ཨར་ལས་ལས་རིགས་ཀྱི་ཁེ་ལས་དང་།    ལས་གྲྭའི་ལྟ་སྐུལ་དོ་དམ་ཁེ་ལས།    ལས་གྲྭའི་རྩད་ཞིབ་ཁེ་ལས།    ལས་གྲྭའི་ཇུས་འགོད་ཁེ་ལས།    ལས་གྲྭའི་འགྲོ་གྲོན་བློ་འདྲིའི་ཁེ་ལས།    ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ཐོབ་ཐང་ཐེངས་དང་པོ་དང་།    རྒྱུན་མཐུད།    རིམ་སྤོར།    ལས་གཞི་ཁ་སྣོན།    ཐོབ་ཐང་(ཞིབ་བཤེར་གཏན་འབེབས་བསྐྱར་སྒྲིག ཟླ་སྒྲིལ་གཏང་བ།    ཁ་གྱེས་ཟུར་འཛུགས་བཅས)སོགས་ཀྱི་དོན་དག་ཚང་མ་དྲ་ཐོག་ནས་སྒྲུབ་པ།     “ངོ་འཕྲད་མི་བྱེད་པའི”ཞིབ་མཆན་ལག་ལེན་བསྟར་ནས་ད་ཆའི་བར་ཁེ་ལས433གྱིས་འདུན་ཞུ་བྱས་པའི་འོས་ཐོབ་དོན་ཚན3466ལ་དྲ་ཐོག་ནས་ཞིབ་བཤེར་གཏན་འབེབས་བྱས་པ་རེད།    

དེ་དང་ཆབས་ཅིག་རང་ཞིང་གིས་འཛུགས་སྐྲུན་ལས་གྲྭའི་འགན་ལེན་འགན་བཅོལ་ཁྱབ་གདལ་ཤུགས་ཆེན་བཏང་ཡོད།     ད་ལོ་ནས་བཟུང་འཛུགས་སྐྲུན་ལས་གྲྭའི་འགན་ལེན་འགན་བཅོལ་གྱིས་ཁྱོན་ཁེ་ལས་ལ་ཁག་ཐེག་དངུལ་སྒོར་དུང་ཕྱུར5.4བཏང་བ་དང་ལས་གྲྭའི་འགན་ལེན་འགན་བཅོལ་གྱི་ཚབ་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།     ད་ཆར་ལས་གྲྭའི་འགན་ལེན་འགན་བཅོལ་ནང་འོས་སྐུལ་འགན་ལེན་འགན་བཅོལ་དང་།    ཁ་ཆད་འགན་ལེན་འགན་བཅོལ།    བཟོ་པའི་གླ་ཕོགས་གཏོང་སྤྲོད་འགན་ལེན་འགན་བཅོལ།    ལས་གྲྭའི་གྲོན་དངུལ་གཏོང་སྤྲོད་འགན་ལེན་འགན་བཅོལ།    ལས་གྲྭའི་སྤུས་ཚད་འགན་ལེན་འགན་བཅོལ་བཅས་སྲོལ་རྒྱུན་གྱི་འགན་བཅོལ་རིགས5ཚུད་ཡོད་པ་རེད།     

ལོ་ཙཱ།རྟ་མགྲིན་དཔལ།