ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ལག་བསྟར་དང་རྒྱབ་སྐྱོར་བྱེད་ཐབས་ཁྱབ་སྒྲོག་བྱས་པ།

མི་འབོར་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལ་འབྲེལ་བ་དམ་པོ་ཡོད་པའི་དོན་ཆེན་ཞིག་ཡིན།

《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུ་བཙའི་སྲིད་ཇུས་ལེགས་བསྒྱུར་དང་། མི་འབོར་ཡུན་རིང་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན》ཟླ7ཚེས20ཉིན་ཁྱབ་སྒྲོག་བྱས།

ཆོད་དོན་འདི་ནི་ཀྲུང་དབྱང་གིས་མང་ཚོགས་ཀྱི་རེ་ལྟོས་ལྟར་དུ་ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ལག་བསྟར་ལ་རྒྱབ་སྐྱོར་བྱེད་པར་བཏོན་པའི་བྱེད་ཐབས་ཤིག་ཡིན་ཞིང་། ཕྲུ་གུ་བཙའ་བ་ནས་གཉོར་སྐྱོང་བར་གྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས་དམངས་ཕན་གྱི་བུ་གསོ་ཞབས་ཞུའི་མ་ལག་དར་སྤེལ་གཏང་རྒྱུ་དང་། བཙའ་བ་ནས་གཉོར་སྐྱོང་དང་སློབ་གསོ་མྱོང་བའི་བར་གྱི་མ་རྩ་ཇེ་དམའ་རུ་བཏང་ནས་མང་ཚོགས་ཀྱི་བྱིས་པ་གསོ་སྐྱོང་གི་དཀའ་ངལ་མང་པོ་སེལ་ཐུབ་ལ་བརྩོན་ལེན་བྱ་རྒྱུ་རེད།

དེ་བཞིན་དུ་ཆ་རྐྱེན་ཡོད་པའི་ས་ཆར་ཕ་མའི་བུ་སྐྱོང་གུང་གསེང་ཚོད་ལྟ་བྱས་ཏེ། ལོ་གསུམ་མན་གྱི་བྱིས་པ་གཉོར་སྐྱོང་གི་གྲོན་དངུལ་དེ་སྒེར་འབབ་དཔྱ་ཁྲལ་གྱི་ཆེད་དོན་ཟུར་སྣོན་ལས་འཐེན་པའི་སྐོར་ལ་ཞིབ་འཇུག་ཐོག་ལག་བསྟར་བྱ་བ་སོགས་བྱེད་ཐབས་རབ་དང་རིམ་པ་མང་པོ་ཞིག་ལག་བསྟར་བྱ་རྒྱུ་ཐག་བཅད་ཡོད་པ་རེད།

དེ་ལས་ཕྲུ་གུ་བཙའ་བ་ནས་གཉོར་སྐྱོང་དང་། དམངས་ཕན་བུ་བཅོལ་སློབ་གསོ་ཁོ་ནས་བར་མ་རྩ་ཇེ་དམའ་རུ་གཏང་བའི་དོན་ཚན་ཁག40ལྷག་བཏོན་ཡོད་པར་མ་ཟད། སྲིད་ཇུས་སྔ་ཕྱི་གཉིས་ཀར་བརྟེན་ནས་སྤྱི་ཚོགས་ཀྱི་གསོ་སྐྱོང་གྲོན་དངུལ་སོགས་གཅུན་སྡོམ་བྱེད་ཐབས་དག་མེད་པར་བཟོ་རྒྱུ།

ཐེམ་འགོད། སློབ་ཞུགས། ལས་ཞུགས་སོགས་མི་སྒེར་གྱི་བུ་བཙའི་གནས་ཚུལ་དང་འབྲེལ་ཐག་གཅོད་རྒྱུ་དང་། བྱིས་པ་ཁེར་སྐྱེས་ཅན་གྱི་ཕ་མར་བདག་སྐྱོང་གུང་གསེང་ཡོད་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཆར་ལྡན་བུ་སྐྱེས་དམིགས་བསལ་ཅན་གྱི་ཁྱིམ་ཚང་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱ་རྒྱུ་ལ་སོགས་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱ་རྒྱུ་ཡིན་ལ། འདི་དག་ནི་མི་དམངས་སྙིང་བོར་བཟུང་ནས་གཉེན་སྒྲིག་དང་། བུ་བཙའ། གསོ་སྐྱོང་། སློབ་གསོ་བཅས་ལ་བསམ་གཞིགས་བཏང་ནས་བཏོན་པ་ཡིན་ཞིང་།  ནང་སྒོས་སུ་མང་ཚོགས་ཀྱི་བུ་བཙའི་དགོས་མཁོ་བསྐང་ཅི་ཐུབ་དང་། ཁྱིམ་ཚང་འཆམ་ཞིང་མཐུན་ལ་བདེ་སྐྱིད་ཡོང་བ། མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་རྨང་གཞི་བརྟན་པོ་དང་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱ་ཆེད་ཡིན་ནོ།  ། 

ཁོན་ཐར་འཚོས་བསྒྱུར།