ཝུན་གོ་ཏུང་གིས་ལྐོག་རྔན་སྒོར་ཁྲི1991བླངས་པར་ཉེས་བགྲང་ཞུ་གཏུག་བྱས་པ།

འདྲི་རིམ་དང་བོར་མཚོ་སྔོན་ཞིང་ཆེན་གྱི་དེ་སྔའི་ཧྲིན་ཀྲང་གཞོན་པ་ཝུན་གོ་ཏུང་གིས་ལྐོག་རྔན་སྒོར་ཁྲི1991བླངས་པར་ཉེས་བགྲང་ཞུ་གཏུག་བྱས།

2021ལོའི་ཟླ7པའི་ཚེས16ཉིན། ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་འདྲི་རིམ་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཧྲིན་ཀྲང་གཞོན་པ། ཀྲུང་གུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དེ་སྔའི་ཧྲུའུ་ཅི། ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་བྱས་ཤིང་། ཁྲུང་ཆིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཡན་ལག་ཞིབ་དཔྱོད་ཁང་དང་པོས་ལས་མི་ཁྲིམས་རར་མངགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཝུན་གོ་ཏུང་དང་དེའི་དག་འབུད་མཁན་ཁྲིམས་རར་ཡོང་ནས་གཏུག་བཤེར་ལ་ཞུགས།

ཁྲུང་ཆིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཡན་ལག་ཞིབ་དཔྱོད་ཁང་དང་པོས2009ལོ་ནས2020ལོའི་བར་ཞུ་སྦྱོར་ཕྱི་མ་ཝུན་གོ་ཏུང་གིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་རྒྱུན་ཨུའམ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲུའུ་ཅི། ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་དང་དེ་བཞིན་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་བའི་རིང་། ལས་གནས་ཀྱི་སྟབས་བདེ་བེད་སྤྱད་དེ་འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱི་ཁེ་ལས་གཉེར་སྐྱོང་། ལས་གྲྭ་འགན་གཙང་ལེན་སོགས་ཀྱི་ལས་དོན་ཐད་རོགས་རམ་བྱས་ཏེ་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་སྒོར་ཁྲི1991.8732བླངས་ཡོད་པས། ཞུ་སྦྱོར་ཕྱི་མ་ཝུན་གོ་ཏུང་གིས་ལྐོག་རྔན་བླངས་པར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུའི་ཡར་ཞུ་བྱས།

ཁྲིམས་ར་ནས་འདྲི་གཅོད་བྱེད་པའི་ཁྲོད། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་ནས་ཞུ་སྦྱོར་ཕྱི་མ་ཝུན་གོ་ཏུང་དང་དེའི་དག་འབུད་མཁན་ལ་ར་སྤྲོད་བྱས་ཤིང་། དག་འབུད་མཁན་ཕྱོགས་གཉིས་པོས་རྩོད་གླེང་གི་བསམ་འཆར་གང་ལེགས་སྤེལ་བ་བརྒྱུད། ཝུན་གོ་ཏུང་གིས་མཇུག་མཐའི་གསལ་བཤད་བྱས་ཏེ་ཁྲིམས་ར་ནས་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས། མཇུག་མཐར། ཁྲིམས་རས་ཁྲིམས་ར་ཚོགས་མཚམས་བཞག་པ་དང་དུས་ཚོད་ལྟར་བཅད་ཁྲ་བསྒྲགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། གསར་འགོད་པ་དང་དེ་བཞིན་ལས་རིགས་ཁག་གི་མང་ཚོགས30ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས།