ད་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་བསླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྤྱི་ཟླ7ཚེས19ཉིན། གསར་འགོད་པས་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན།ད་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར14.8བསླེབས། དེ་ནི་ན་ནིང་གི་དུས་མཉམ་ལས་ལྡབ1.2འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་བསླེབས་ཡོད་པ་རེད།

ད་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་ལ་ཁྱད་ཆོས་དྲུག་མངོན། དེ་ནི་ཉོ་ཚོང་གི་རོགས་ཟླ་གཙོ་ཆེ་ཕེ་རི་དང་། ལྷོ་ཨ་ཧྥེ་རི་ཁ། ལྗར་པན། ཡོ་རོབ་མནའ་འབྲེལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བཅས་སྡེ་ཤོག་ལྔ་ཡི་ཕྱིར་གཏོང་ནང་འདྲེན་ཤས་ཆེ་བ་རྒྱུན་འཁྱོངས་ཐུབ་ཡོད་པས་སོ། །དེ་ཡང་ལོ་སྟོད་ལ་མཚོ་སྔོན་གྱིས་ཕེ་རུར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར3ལ་བསླེབས་ཤིང་། ལྡབ་ཁྲི1.2ལ་ཉེ་བར་འཕར་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱིའི་རིན་ཐང་གི20.3%ཟིན། ལྷོ་ཨ་ཧྥེ་རི་ཁར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར2.7ལ་བསླེབས་ཤིང་། ལྡབ12འཕར་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་རིན་ཐང་གི18.2%ཟིན། ལྗར་པན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར1.3ལ་བསླེབས་ཤིང་། 25.6%འཕར་ཏེ་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱིའི་རིན་ཐང་གི8.8%ཟིན། ཡོ་རོབ་མནའ་འབྲེལ་གྱི་ཕྱིར་གཏོང་ནང་འདྲེན་བྱས་པ་སྒོར་དུང་ཕྱུར1.2ལ་བསླེབས་ཤིང་། 90.7%འཕར་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱིའི་རིན་ཐང་གི8.1%ཟིན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར1ལ་བསླེབས་ཤིང་། 73.2%འཕར་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱིའི་རིན་ཐང་གི6.8%ཟིན། དུས་མཚུངས་སུ། མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བསྡོམས་པའི་སྒོར་དུང་ཕྱུར3བྱས་པ51.6%འཕར་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་གི20.3%ཟིན་ནོ། །

དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་ལ་སྣེ་འཁྲིད་པ་དེས། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ལོ་སྟོད་དུ་མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར8.9ལ་བསླེབས་ཤིང་། ལྡབ1.1འཕར་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་གི60.1%ཟིན། དེར་བརྟེན། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་འཕེལ་ཚད58%ཟིན་པར་ལེགས་སྐྱེས་མི་དམན་པ་བཞག་ཡོད་དོ། །

སྤྱིར་བཏང་གི་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་རྒྱུན་མཐུད་ངང་འཕར་པའི་བསྡུར་གྲངས་བཅུ་ཆའི་དགུ་ལས་བརྒལ་ཡོད། ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར14.3ལ་བསླེབས་ཤིང་། ལྡབ1.2འཕར་ནས་མཚོ་སྔོན་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་གི96.6%ཟིན། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བདུན་ལ་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་ཡོད་ཅིང་། ཟི་ལིང་གྲོང་ཁྱེར་དང་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།མཚོ་ཤར་གྲོང་ཁྱེར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་འཕར་ཚད་ཤས་ཆེ་བ་རེད།

ལོ་སྟོད་དུ་འཁལ་འཐག་ཐོན་རྫས།རྡོ་སོལ་བསྲེགས་མ་དང་ཕྱེད་བསྲེགས་མ། དེ་བཞིན་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་ཚད་ཇེ་མང་དུ་སོང་ཡོད། ལྕགས་རིགས་གཏེར་ཁ་དང་གཏེར་བྱེ་ནང་འདྲེན་གྱི་བསྡུར་ཚད་བཅུ་ཆའི་དྲུག་ལས་བརྒལ་བ་དང་། འཕྲུལ་གློག་ཐོན་རྫས་དང་ཞིང་ལས་ཐོན་རྫས་ནང་འདྲེན་གྱི་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།