རང་ཞིང་ལ་མུ་མཐུད་དུ་ཚ་རྨུགས་ཀྱི་གནམ་གཤིས་འབྱུང་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། གྲང་བསིལ་གྱིས་སྐད་གྲགས་ཆོད་པའི་ཟི་ལིང་དུ་ཚ་རྨུགས་ཀྱི་ནམ་ཟླ་འབྱུང་སྟེ་དྲོད་ཚད30℃ལ་སླེབས། འདིས་གྲོང་ཁྱེར་གྱི་སྡོད་དམངས་མི་ཉུང་གིས་ཞིག་ལ་དབྱར་ཁའི་ཚ་གདུང་ཚོར། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཁང་ནས་རྒྱུས་ལོན་པ་ལྟར་ན། ཟླ7པའི་ཚེས18ཉིན་གྱི་ཆུ་ཚོད16སྟེང་ཟི་ལིང་གི་དྲོད་ཚད30.2℃ལ་སླེབས་ཡོད་པ་རེད།

བསྟུད་མར་བྱུང་བའི་ཚད་པའི་གནམ་གཤིས་དེས་ཟི་ལིང་གི་མི་རྣམས་ལ་བསིལ་པའི་ཆ་ལྡན་པའི་ལྭ་བ་གྱོན་དུ་བཅུག་ཅིང་། སྲང་ལམ་གྱི་གང་ཡིན་ས་རུ་དོར་ཐུང་གྱོན་པའི་ན་ཆུང་དག་གིས་བཀང་འདུག དར་ཟབ་དང་སྨད་ཐུང་། རྐང་ཐུང་། འོད་འགོག་མིག་ཤེལ། ཉི་གདུགས། འོད་འགོག་ཞྭ་མོ་སོགས་ནི་མི་རྣམས་ཕྱི་རོལ་དུ་འགྲོ་དུས་ངེས་པར་དུ་དགོས་མཁོ་ཆེ་བའི་ཚད་གཞི་རུ་གྱུར་ཡོད།

ཟི་ལིང་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། ཟླ7པའི་ཚེས18ཉིན་གྱི་ཆུ་ཚོད16སྟེང་། ཟི་ལིང་གྲོང་ཁྱེར་གྱི་ཆེས་མཐོ་བའི་དྲོད་ཚད་དེ་མཁར་ཤར་ས་ཁུལ་ཡིན་ལ། དྲོད་ཚད32.1℃ལ་སླེབས་ཡོད། མཁར་ནུབ་ཁུལ་གྱི་དྲོད་ཚད31.1℃དང་མཁར་ལྷོའི་དྲོད་ཚད31.3℃ཡིན་ངེས།

ད་ལྟ་སྲང་ལམ་དུ་འགྲོ་འོངས་བྱས་པ་ན་གང་ཡིན་ས་རུ་ལུང་སྐད་ཅི་རིགས་ལབ་མཁན་ཡུལ་སྐོར་བ་དག་གིས་བཀང་ཡོད། ཕྱི་རོལ་ཏུ་ཚ་བ་ཆེ་མོད། འོན་ཀྱང་གྲིབ་བསིལ་ཡོད་སའི་ས་ཁུལ་དུ་ཚ་བ་མི་ཆེ། མཚོ་སྔོན་ལ་སླེབས་པས་ངོ་མས་སྐྱིད་ཞེས་ལྷོ་ཕྱོགས་ནས་འོངས་བའི་ཡུལ་སྐོར་བ་ཞིག་གིས་གསར་འགོད་པ་ལ་བཤད་པ་རེད། ལྷོ་ཕྱོགས་ཀྱི་གནམ་གཤིས་ལ་ཚ་བ་ཧ་ཅང་ཆེ་ཞིང་། དབྱར་ཁར་ཁང་བའི་ནང་གི་དྲོད་ཚད་དུས་རྒྱུན30℃དང་ཡང་ན་དེ་ལས་མཐོ་ངེས། འོན་ཀྱང་ཟི་ལིང་དེ་དང་མི་འདྲ་ལ། གལ་ཏེ་ཉི་འོད་མེད་སའམ་ཡང་ན་ཁང་བའི་ནང་ལ་དེ་འདྲའི་ཚ་བ་མི་ཆེ་བ་རེད།

ཧི་ནན་ནས་འོངས་པའི་ཝང་ཞའོ་ཡིས་གསར་འགོད་པ་ལ་བཤད་རྒྱུར། ང་རང་མཚོ་སྔོན་གྱི་དབྱར་ཁ་ལ་དགའ་ཞིང་། འདིས་མི་རྣམས་ལ་སྐྱིད་སྣང་སྟེར་ཟེར། ད་ལྟ་ཉེ་འཁོར་གྱི་མཚོ་སྔོན་པ་དག་གིས་ཚ་བ་ཆེ་ཟེར་བཞིན་ཡོད་མོད། འོན་ཀྱང་ཁོའི་སེམས་སུ་དྲོད་ཚད་དེ་ཀྲིན་ཀྲུའུ་དང་བསྡུར་ན་ཧ་ཅང་བསིལ་པས། སང་ལོ་ཡང་ཁོས་གྲོགས་པོ་མང་པོ་ཞིག་ཁྲིད་དེ་ཟི་ལིང་ལ་ཚ་གཡོལ་བྱེད་དུ་འོངས་རྒྱུ་ཡིན་ཟེར།

མ་འོངས་བའི་ཉིན་གཉིས་ཀྱི་རིང་ལ། ཞིང་ཆེན་ཧྲིལ་པོར་དྲོད་ཚད་མཐོ་གནོན་གྱི་ཚོད་འཛིན་འོག་མུ་མཐུད་དུ་ཚ་བ་ཆེ་བའི་གནམ་གཤིས་འབྱུང་ངེས། གནམ་གཤིས་སྡེ་ཁག་གིས་གསར་དུ་བསྒྲགས་པའི་གནམ་གཤིས་སྔོན་བརྡ་ལྟར་ན། ཟླ7པའི་ཚེས18ཉིན་གྱི་ཆུ་ཚོད20ནས་ཟླ7པའི་ཚེས19ཉིན་གྱི་ཆུ་ཚོད20བར་ཟི་ལིང་གི་བྱང་རྒྱུད་དང་མཚོ་ཤར་གྱི་བྱང་རྒྱུད། མཚོ་བྱང་གི་བྱང་རྒྱུད། མཚོ་ནུབ་ཀྱི་བྱང་ཤར་རྒྱུད། མཚོ་ལྷོའི་བྱང་རྒྱུད། གདང་ལ་རི་བོའི་ས་ཁུལ། ཡུལ་ཤུལ་གྱི་ལྷོ་དབུས་ས་ཁུལ། མགོ་ལོག་གི་ལྷོ་དབུས་ས་ཁུལ་བཅས་ལ་ཆར་ཤ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བ་ནས་སྤྲིན་མང་བའི་གནམ་གཤིས་འབྱུང་རྒྱུ་རེད།

ཟླ7པའི་ཚེས19ཉིན་གྱི་ཆུ་ཚོད20ནས་ཟླ7པའི་ཚེས20ཉིན་གྱི་ཆུ་ཚོད20བར། ཟི་ལིང་གི་བྱང་རྒྱུད་དང་མཚོ་བྱང་གི་ས་ཁུལ་མང་ཤོས། མཚོ་ནུབ་ཀྱི་བྱང་ཤར་རྒྱུད། ཡུལ་ཤུལ་གྱི་ས་ཁུལ་མང་ཤོས། མགོ་ལོག་གི་དབུས་དང་བྱང་རྒྱུད་བཅས་ལ་ཆར་ཤ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བ་ནས་སྤྲིན་མང་བའི་གནམ་གཤིས་འབྱུང་རྒྱུ་རེད།

ཟླ7པའི་ཚེས20ཉིན་གྱི་ཆུ་ཚོད20ནས་ཟླ7པའི་ཚེས21ཉིན་གྱི་ཆུ་ཚོད20བར། མཚོ་ནུབ་ཀྱི་བྱང་ཤར་རྒྱུད་དང་མཚོ་བྱང་གི་ས་ཁུལ་མང་ཤོས། མཚོ་ལྷོའི་ལྷོ་རྒྱུད། ཡུལ་ཤུལ་གྱི་ནུབ་རྒྱུད། མགོ་ལོག་གི་བྱང་རྒྱུད་བཅས་ལ་ཆར་ཤ་འབབ་རྒྱུ་རེད། དེའི་ཁྲོད་ཡུལ་ཤུལ་གྱི་ནུབ་བྱང་ས་ཁུལ་ལ་ཆར་འབྲིང་ཙམ་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བ་ནས་སྤྲིན་མང་བའི་གནམ་གཤིས་འབྱུང་རྒྱུ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།