གནས་སྤར་མང་ཚོགས་ལ་སྔ་ན་མེད་པའི་དྲོད་ཁོལ་དང་བདེ་སྐྱིད་ཐོབ་པ།

གཞིས་ཁུལ་ཁྲོད་ཀྱི“འདོད་འདུན་ཕྲ་མོ”སྦྱར་སའི་རྩིག་གྱང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་དུང་དཀར་གཞིས་ཁུལ་ནི་རྩེ་ཁོག་རྫོང་གི་ཆེས་ཆེ་བའི་ཡུལ་གཞན་གནས་སྤར་བཀོད་སྒྲིག་ས་ཁུལ་ལོ། །གནས་སྤར་བྱས་པའི་ཁྱིམ་ཚང་ནི་ཡུལ་ཚོ་དང་གྲོང་རྡལ4ཡི་སྲིད་འཛིན་སྡེ་བ15ལ་ཁྱབ། དུང་དཀར་གཞིས་ཁུལ་དུ་སླེབས་པ་ན་ཨར་འདམ་གྱི་ལམ་བུ་རེ་རེ་སྡེ་བའི་གྲུ་ཟུར་སོ་སོར་འཐེན་ཡོད་ལ། ཁ་དོག་སེར་པོ་ཅན་གྱི་ཁང་ལེབ700ལམ་བུའི་འགྲམ་གཉིས་སུ་བསྒྲིགས་འདུག

ཟླ7པའི་ཚེས14ཉིན། དང་བླངས་ཞབས་ཞུའི་རུ་ཁག་དང་དུང་དཀར་གཞིས་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཝུན་ཆིང་སྐྱབས་སྡེ་མི་གསེར་སྐྱབས་ཚང་ལ་འོངས།

སྡེ་མི་གསེར་སྐྱབས་ནི་གཞིས་ཁུལ་འདིར་སྡོད་པའི་ཏང་ཡོན་རྒན་པ་ཞིག་གོ །ཁོ་ད་ལོ་ལོ79ཡིན་ཞིང་ཏང་ནང་ཞུགས་ཏེ་ལོ56ཕྱིན་ཡོད། 2017ལོའི་ཟླ5པར་ཁོ་རྩེ་ཁོག་རྫོང་ཆ་སྐོར་ཡུལ་ཚོའི་བྲག་ལུང་སྡེ་བ་ནས་ཡུལ་འདིར་འོངས་པ་ཡིན་ལ། ལོ་མང་པོའི་རིང་གི་འཚོ་བ་ལས་ཁོའི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་བཅུག

གསེར་སྐྱབས་ཀྱིས་བཤད་རྒྱུར། “ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ངའི་རུ་གནས་འདིར་སྤརབ་ཡིན་ལ། ད་ལྟ་ཏང་ཡོན་དང་གཞིས་ཁུལ་ལས་བྱེད་མི་སྣའི་རོགས་རམ་འོག་ངའི་འཚོ་བ་ཇེ་བཟང་ནས་ཇེ་ལེགས་སུ་སོང་ཡོད”ཟེར།

ཝུན་ཆང་སྐྱབས་ཀྱིས་བཤད་རྒྱུར། “ཁོ་ནི་ཏང་ཡོན་རྒན་པ་ཞིག་སྟེ། སྔོན་ཆད་ལོ་བཅུ་ཕྲག་འགའི་རིང་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ཞིང་། སྡེ་བའི་ནང་དུ་ཡང་དོན་དག་མི་ཉུང་བ་ཞིག་བསྒྲུབ་མྱོང་། ད་ལྟ། ཁོ་ལོ་ན་ཅུང་བགྲེས་པས་ང་ཚོར་ཁོར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་འོས་པ་ཡིན་ལ། ཁོར་ཚེ་མཇུག་ལེགས་པོ་ཞིག་འཁྱོལ་དུ་འཇུག་དགོས”ཟེར།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། གནས་སྤར་ཁྱིམ་ཚང་དེ་དག་ཡུལ་ཚོ་གྲོང་རྡལ་དང་སྲིད་འཛིན་སྡེ་བ་མང་པོ་ནས་འདུས་པ་ཡིན་པས། མང་ཚོགས་ལ་ཞབས་ཞུ་ལེགས་པོ་ཞིག་བསྒྲུབ་ཆེད། དུང་དཀར་གཞིས་ཁུལ་གྱིས་གནས་སྤར་བྱས་འོངས་པའི་སྡེ་བ15དེ་འཆར་འགོད་ལྟར་དྲ་སྒྲོམ15རུ་དབྱེ་ཤིང་། དེར་མ་ཟད་མང་ཚོགས་ཀྱི་ཁྲོད་ནས་དྲ་སྒྲོམ་མི་སྣ15རྩ་འཛུགས་བྱས་ཏེ་དང་བླངས་ཞབས་ཞུའི་རུ་ཁག་ཅིག་རྩ་འཛུགས་བྱས་ཡོད།

སྡེ་མི་དག་གི་འཚོ་བ་དང་ཐོན་སྐྱེད་བརྒྱུད་རིམ་ཁྲོད། གལ་ཏེ་གནད་དོན་དང་དགོས་མཁོ་གང་རུང་ཞིག་ཡོད་ཚེ། དུས་ལྟར་འབྲེལ་ཡོད་ལས་བྱེད་མི་སྣར་ཡར་ཞུ་བྱས་པ་ན། རུ་མི་དག་གིས་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་དེ་དག་ལེགས་སྒྲིག་གིས་གོང་རིམ་གཞིས་ཁུལ་ལ་ཕུལ་བཞིན་ཡོད་ལ། གཞིས་ཁུལ་གྱིས་གནད་དོན་དེ་དག་རེ་རེ་བཞིན་ཐག་གཅོད་བྱེད་བཞིན་ཡོད།

དེ་མིན། དུང་དཀར་གཞིས་ཁུལ་གྱིས་ད་རུང་ཆེད་དུ་འདོད་འདུན་ཕྲ་མོའི་བྱ་འགུལ་སྤེལ་བཞིན་ཡོད། འབྲེལ་ཡོད་ལས་བྱེད་མི་སྣ་སྒོ་ཁར་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འགྲོ་དུས། མང་ཚོགས་ཀྱིས་རང་གི་འདོད་འདུན་དེ་དག་ཤོག་བུའི་ངོས་སུ་བྲིས་ནས་ཡར་སྤྲོད་བཞིན་ཡོད། ཁོ་ཚོས་འདོད་འདུན་ཕྲ་མོ་བྲིས་ཡོད་པའི་ཤོག་བྱང་དེ་གཞིས་ཁུལ་གྱི་འདོད་འདུན་ཕྲ་མོའི་རྩིག་གྱང་ངོས་སུ་སྦྱར་བ་ན། ཏང་ཡོན་དང་ལས་བྱེད་མི་སྣ་དག་གིས་མང་ཚོགས་ཀྱི་འདོད་འདུན་དུས་ལྟར་ཤེས་བཞིན་ཡོད།

སྔོན་ཆད། སྡོད་དམངས་མང་པོ་ཞིག་གི་ཡོང་འབབ་གཙོ་བོ་ནི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྟེ། དཔེར་ན་རྩྭ་ཐང་དང་ནགས་སའི་ཁ་གསབ་ལྟ་བུ་རེད། མི་མི་ཉུང་བ་ཞིག་ལ་ཕྱི་རོལ་ཏུ་ཞོར་ལས་ལ་འགྲོ་རྒྱུའི་ཀུན་སློང་སྐྱེས་མོད། ཁྱིམ་གྱི་བྱིས་པ་དང་རྒན་པ་ལ་གཉོར་སྐྱོང་བྱེད་མཁན་མེད་པས། དེ་དོན་བསྐྱུར་དགོས་ཡོད། ཡུལ་འདིར་སྤར་རྗེས་གཞི་རྩའི་དམངས་ཚིས་ཀྱི་གནད་དོན་ཐག་གཅོད་བྱས་ཟིན། སྡེ་བའི་འཕྲོད་བསྟེན་གླིང་དང་བྱིས་སྐྱོང་གླིང་། སློབ་གྲྭ། ཉེན་དོན་ཁང་སོགས་སྒྲིག་འཛུགས་ལས་ཁུངས་ཡོངས་སུ་ཚང་པས། ཉེ་ས་ནས་སྨན་པར་སྟོན་ཐུབ་ལ། སློབ་གྲྭར་འགྲོ་ཐུབ་པ། ལས་ཀ་བྱེད་ཐུབ་པ་སོགས་མངོན་འགྱུར་བྱུང་།

སེམས་ཁུར་ཅི་ཡང་མེད་པས་སྡེ་བའི་ན་གཞོན་དག་གིས་ཚོང་རྒྱག་པ་དང་ལས་ཀ་ལས་འགོ་བརྩམས། དམངས་ཀྱི་དོན་དག་སྒྲུབ་པའི་བྱ་འགུལ་སྤེལ་བ་ནས་བཟུང་། གཞིས་ཁུལ་དང་བླངས་པ་དང་ལས་བྱེད་མི་སྣ། ཏང་ཡོན་ལས་བྱེད་པ་བཅས་ཀྱིས་དུས་ཚོད་ལ་ངེས་གཏན་མེད་པའི་སྒོ་ནས་ཕྱི་རོལ་ཏུ་ཞོར་ལས་ལ་སོང་ཟིན་པའི་ཁྱིམ་ཚང་དག་གི་རྒན་པ་དང་བྱིས་པ་དག་ལ་སྐོར་བརྒྱབ་ནས། བརྩེ་སེམས་དྲོན་མོ་ཞིག་མང་ཚོགས་ཀྱི་སེམས་སུ་བསྐྱལ་ཡོད་པ་རེད།

ད་ལྟ། དུང་དཀར་གཞིས་ཁུལ་གྱི་ཐང་ཆེན་དུ་བྱིས་པ་དག་སྤྲོ་སྐྱིད་ལྡན་པའི་ངང་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད་ལ། རྒན་རྒོན་ཚོ་མེ་ཏོག་ལྡུམ་རའི་ཉེ་འཁོར་དུ་འཆམ་འཆམ་བྱེད་བཞིན་ཡོད། ཏང་གི་སྲིད་ཇུས་ལེགས་པོ་དང་ཏང་ཡོན་རྣམས་ཀྱི་ཐུགས་ཁུར་འོག་ཚང་མས་གནས་སྤར་རྗེས་ཀྱི་སེམས་ཁྲལ་མང་པོ་ཞིག་མེད་པར་བཟོས། མི་རྣམས་ཀྱིས་ཁོར་ཡུག་མཛེས་ཤིང་སྡུག་ལ། ཁྱིམ་མཚེས་འཆམ་མཐུན་གྱི་གཞིས་ཁུལ་ཁྲོད་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།