ཏུའུ་ལན་རྫོང་གིས་མུ་མཐུད་དུ་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་ལས་ཀ་བསྒྲུབས་པ།

— ཐོན་ལས་འཛུགས་སྐྲུན་གྱི་འཕེལ་རྒྱས་ལ་བར་བརྒལ་བྱུང་ཡོད་པ།

ཏུའུ་ལན་རྫོང་གིས་མུ་མཐུད་དུ་ཐོན་ལས་རིམ་སྤར་ལ་སྐུལ་འདེད་བཏང་སྟེ་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་པས། ཞིང་ཆེན་ཧྲིལ་བོའི་ཁོངས་ནས་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་གསར་སྐྲུན་ལེགས་འགྲུབ་བྱུང་ལ། ཞིང་ཆེན་རིམ་པའི་གྲོ་ནས་དེང་རབས་ཞིང་ལས་ཐོན་ལས་གླིང་། ལྷད་མེད་སྐྱེ་ལྡན་འཕང་འབྲས། གྲོ་གཙོ་བོ་ཡིན་པའི་ཞིང་ཕྱུགས་ལས་རིགས་ཀྱི་མ་ལག་རྩ་བའི་ཆ་ནས་ཡོངས་འགྲུབ་བྱུང་། སྔ་གཞུག་ཏུ་རྒྱལ་ཡོངས་གྲང་ངར་ཆེ་བའི་ས་ཁུལ་གྱི་འཕང་འབྲས་འདེབས་འཛུགས་ཐོན་རྫས་ཀྱི་ཚོང་རྟགས་སྐད་གྲགས་ཅན་གྱི་དཔེ་སྟོན་ས་ཁུལ་དང་རྒྱལ་ཁབ་ཀྱི་ཞིང་ལས་སྤུས་ལེགས་གཏན་འབེབས་ངོས་འཛིན་དཔེར་སྟོན་ས་ཁུལ་གྱི་གཟི་བརྗིད་མཚན་སྙན་བླངས། ཤིང་སྡེ་གྲོང་རྡལ་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ལས་སྟོབས་ལྡན་གྱི་གྲོང་རྡལ་དུ་གསར་འཛུགས་བྱེད་པའི་མིང་ཐོའི་ཁྲོད་རྒྱལ་ཁའི་ངང་བདམས་ལ། ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཆེན་པོ་བཞིའི་སྟོབས་ལྡན་གྲོང་རྡལ་གྱི་གྲས་སུ་ཡང་ཚུད། མུ་མཐུད་དུ་བོད་ལུག་གསོ་སྤེལ་བྱ་བའི་ཕན་འབྲས་འཚོལ་ཞིབ་བྱས་ཤིང་། ཚྭ་འདམ་གཞོང་གི་བ་གླང་རྒྱུད་སྤེལ་སོགས་ཁྱད་ལྡན་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་དང་སྐྱེ་ཁམས་ཕྱུགས་ལས་དེ་སྒྲིག་སྲོལ་ཅན་ཏུ་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུ་བཙལ་པ་རེད།

རྒྱལ་ཁབ་རིམ་པའི་གཙང་དག་ནུས་ཁུངས་ཐོན་ལས་ཀྱི་གཡུལ་ས་དང་གསེར་མོད་པོའི་ལྕགས་རིགས་ཐོན་ལས་གླིང་གསར་སྐྲུན་བྱས་ཏེ་གཏེར་ཁུངས་ཐོན་ལས་ཀྱི་ཐོན་ཁུངས་རྩད་ཞིབ་ལ་སྐུལ་འདེད་བཏང་། བཟོ་ལས་སྣེ་ཁྲིད་ཀྱིས་དཔལ་འབྱོར་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་། མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་རིམ་པའི་གནའ་བོའི་བང་སོ་མོད་པོའི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་རྟེན་གཞི་ཡང་ཏུའུ་ལན་རྫོང་དུ་བཙུགས། 2018ལོའི་ཤེའུ་བང་སོ་དང་པོ་དེ2020ལོའི་ཀྲུང་གོའི་ཚན་རྩལ་གླིང་གི་གནའ་རྫས་རྟོག་ཞིབ་གསར་རྙེད་དང་རྒྱལ་ཁབ་རིན་དངོས་ཅུའུ་གྱི་གནའ་རྫས་རྟོག་ཞིབ་གསར་རྙེད་དུ་བདམས་ཐོན་བྱུང་ལ། ཤེས་རིག་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཤེས་རིག་ཡུལ་སྐོར་ཐོན་ལས་དར་རྒྱས་སུ་བཏང་། ཤར་རྒྱུད་ལྕགས་རིགས་མོད་པོ་དང་དབུས་རྒྱུད་གསེར། གྲོ། ནུབ་རྒྱུད་འཕང་འབྲས། ནུས་ཁུངས་གསར་པའི་ཁྱད་ལྡན་ཐོན་ལས་ཀྱི་ཚོགས་སྤྱིའི་ཐོག་མའི་གཞི་ཁྱོན་དང་འཕེལ་རྒྱས་མཐོན་པོའི་གནས་བབ་དེ་ཐོག་མའི་མངོན་འགྱུར་བྱུང་།

ཀུན་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་པའི་འགྲིམ་འགྲུལ་དང་ཆུ་བེད། གློག་ཤུགས་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་རྣམ་གྲངས་འབོར་ཆེན་ལག་བསྟར་བྱས་ཏེ། མཁར་གྲོང་གི་ཐེག་ཚད་མངོན་གསལ་མཐོར་འདེགས་བྱུང་ལ། རྨང་གཞིའི་སྒྲིག་ཆས་ཡང་ཉིན་རེ་ལས་ཉིན་རེར་འཐུས་ཚང་དུ་གྱུར་ཡོད། འགྲིམ་འགྲུལ་ལས་དོན་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་པ་དང་། ཚ་ཁ་ནས་གོར་མོ། གཏེར་ལེན་ཁ་ནས་ཤིང་སྡེ། ཤིང་སྡེ་ནས་མཛོ་རྒན་ར་བར་བཅས་ཀྱི་མྱུར་བགྲོད་དང་ཅིན་བོད་གཞུང་ལམ། གཏེར་ལེན་ཁ་ནས་གཏེར་ལམ་གཞུང་ལམ་བཅས་གཙོ་བོ་ཡིན་པའི་གྲོང་གསེབ་གཞུང་ལམ་དང་ཆེད་སྤྱོད་ལམ་ཐིག་རྩ་རྒྱུད་ཡན་ལག་གི་འགྲིམ་འགྲུལ་དྲ་བ་གྲུབ་ལ། རྫོང་ཡོངས་ཀྱི་གཞུང་ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ4254ཡོད་པས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་མཇུག་ཏུ་ལྡབ4འཕར་ཡོད། སྲིད་འཛིན་སྡེ་བའི་གཞུང་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཁྱོན་ཡོངས་ནས་ཤར་གཏོང་མངོན་འགྱུར་བྱུང་།

ཆུ་བེད་ལས་དོན་ཤུགས་ཆེར་འཕེལ་རྒྱས་སུ་གཏང་བར་སྒོར་དུང་ཕྱུར3.4ཡི་མ་དངུལ་བཏང་ནས་བ་ཡན་ཆུ་མཛོད་ཀྱི་བཀག་སྒོ་ཕབ་སྟེ་ཆུ་བསྐྱིལ་གསོག་བྱས། མ་དངུལ་སྒོར་དུང་ཕྱུར6བཏང་སྟེ་ནོ་མོན་ཧན་ཆུ་མཛོད་འགོ་ཚུགས་རྒྱུ་འཛུགས་སྐྲུན་གྱིས་ཞིང་ཕྱུགས་ས་ཁུལ་གྱི་མི་ཕྱུགས་ཀྱི་བཏུང་ཆུ་དང་ཞིང་ཚུགས་ཡུར་འདྲེན་སྒྲིག་ཆས། ཡུར་ལམ་བཅོས་སྐྱོང་སོགས་བཟོ་སྐྲུན་སྐོར་ཞིག་བདེ་བླག་ངང་ལག་བསྟར་བྱས་ཏེ། ཞིང་ཚུགས་ཡུར་འདྲེན་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དང་ཞིང་ཕྱུགས་ལས་ས་ཁུལ་གྱི་རང་འབབ་ཆུའི་ཡོངས་ཁྱབ་གྲངས་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་ཡོད། གློག་ཤུགས་འགན་སྲུང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་ཀྱིས་ཝུན་ལོའུ་དང་རྫོང་རྒྱ་གཉིས་ཀྱིས་སྟོང་ཝ330ཅན་གྱི་གཅིག་བསྡུས་ས་ཚིགས་གསར་སྐྲུན་མ་དངུལ་གཏོང་ཚད་ཡོངས་འགྲུབ་བྱས་ཏེ། ནུས་ཤུགས་གང་ཡོད་སྒོས་ཞིང་ལས་དྲ་རྒྱའི་བཅོས་སྒྱུར་རིམ་སྤར་རྣམ་གྲངས་ལག་བསྟར་གྱིས་སྲིད་འཛིན་སྡེ་བ་ཡོད་ཚད་ལ་གློག་གཏོང་བ་མངོན་འགྱུར་བྱས། མཁར་གྲོང་གི་རྣམ་པར་ཉིན་རེ་ལས་ཉིན་རེར་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། མཐོ་སྒང་གི་མཛེས་གྲོང་སྐོར་ཞིག་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་གྱི་རྣམ་གྲངས་གོ་རིམ་ལྡན་པའི་ངང་ནས་ལག་བསྟར་བྱས་ཏེ། རྫོང་མཁར་དང་ཁྱད་ལྡན་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་སྒོས། གྲོང་རྡལ་རིམ་པའི་སྒྲིག་གཞི་དེ་ཡང་ལུགས་མཐུན་ཅན་ཏུ་གྱུར་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།