སློབ་གསོ་པུའུ་བཀའ་བརྡ་བཞིན་མཚོ་སྔོན་ནས་ཀྱང་ལས་འཁྱུར་བྱས་ཟིན་གྱི་དགེ་རྒན100ཕྱིར་ལས་རྐང་དུ་བསྡུ་རྒྱུ་རེད།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་སློབ་གསོ་ཐིང(སློབ་ཨུད)དང་། ནོར་སྲིད་ཐིང(ཅུའུ)། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་སློབ་གསོ་ཅུའུ་དང་། ནོར་སྲིད་ཅུའུ་བཅས་ལ།

རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་དོན་འཁྱོལ་བྱེད་པར། ལས་འཁྱུར་ངལ་གསོ་བྱས་ཟིན་གྱི་དགེ་རྒན་གྱི་ལེགས་ཆའི་ཐོན་ཁུངས་བེད་སྤྱོད་གང་ལེགས་སྒོས། དུས་རབས་གསར་པའི་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། གྲོང་གསེབ་ཀྱི་སློབ་གསོའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་བཅས་བྱས་ཏེ། ད་ལྟ2021ལོའི་སྐྲ་དཀར་སློབ་ཁྲིད་འཆར་གཞིའི་འབྲེལ་ཡོད་ལག་བསྟར་བྱ་བ་ཡག་པོར་བསྒྲུབ་ལ་བཏང་བའི་རྒྱུའི་བརྡ་ཐོ་གཤམ་གསལ་ལྟར།

གཅིག སྲིད་ཇུས་ཀྱི་གཙོ་གནད་ཡང་དག་པར་ཁོང་དུ་ཆུད་དགོས།

(གཅིག)ལག་བསྟར་ཁྱབ་ཁོངས།

རྫོང་གཞི་རྩའི་སྡེ་ཚན་བྱས་ཏེ། གཙོ་བོ་དབུལ་ཐར་ས་ཁུལ(དེ་སྔའི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཡུག་གཅིག་ཏུ་འབྲེལ་བའི་དབུལ་ཕོངས་ས་ཁུལ་གྱི་རྫོང་དང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བ་གཙོ་གནད་རྫོང་། ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་བྱ་བ་གཙོ་གནད་རྫོང་། ཤིན་ཏུ་དབུལ་བའི་རྫོང)དང་། དར་རྒྱས་འགྲོ་འགོར་བའི་མི་རིགས་རྫོང་དང་། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་རྫོང་། མཐའ་འཁོབ་རྫོང་བཅས་དང་དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ་ཚོགས་པ་སོགས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་དང་དེ་སྔའི“ཆུས་གསུམ་དང་ཁུལ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཙོ་གནད་ཐོག་གཟིགས་སྐྱོང་བྱ་རྒྱུ་རེད། རོགས་སྐྱོར་བྱ་ཡུལ་སློབ་གྲྭ་ནི་རྫོང་དང་། གྲོང་རྡལ། གྲོང་གསེབ་བཅས་ཀྱི་སློབ་གྲྭ་ཡིན།

(གཉིས།)བསྡུ་འཆར་ཡོད་པའི་མི་གྲངས། 2021ལོའི་འཆར་གཞི་ལྟར་འཆད་ཁྲིད་དགེ་རྒན4500བསྡུ་རྩིས་ཡོད།

(གསུམ།)ཐོབ་ཐང་གི་ཆ་རྐྱེན། སློབ་ཁྲིད་འཆར་གཞི་ཞུ་བའི་ལས་འཁྱུར་ངལ་གསོའི་དགེ་རྒན་ནི་སློབ་གཙོ་དང་། སློབ་དཔྱོད་པ། དམིགས་བསལ་དགེ་རྒན། རྐང་འཛིན་དགེ་རྒན་བཅས་གཙོ་བོ་ཡིན། སྤྱིར་བཏང་དུ་ལོ65(ཚུད)མན་ཡིན་ཞིང་། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། དགེ་རྒན་གྱི་ཀུན་སྤྱོད་བཟང་བ། ལུས་ཕུང་བདེ་ཐང་དང་། དཀའ་སྡུག་ལ་མི་འཛེམ་པ། སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་བཅས་ཡིན་དགོས། སློབ་ཁྲིད་བྱེད་མཁན་དགེ་རྒན་ལ་འབྲིང་རིམ་ཡན་གྱི་དགེ་རྒན་གྱི་ཐོབ་ཐང་ཡོད་དགོས་ལ། མཐོ་རིམ་དགེ་རྒན་གཙོ་བོར་འཛིན་དགོས།

2.སྲིད་ཇུས་ཀྱི་འགན་ལེན། རོགས་སྐྱོར་བྱ་ཡུལ་རྫོང་གིས་སློབ་ཁྲིད་དགེ་རྒན་ལ་འཁོར་རྒྱུག་ཉལ་ཁང་མཁོ་འདོན་བྱ་དགོས་པ་དང་། དགོས་ངེས་ཀྱི་འཚོ་བའི་སྒྲིག་ཆས་བཀོད་སྒྲིག་བྱེད་པ། སློབ་ཁྲིད་དགེ་རྒན་ལ་ནད་རྐྱེན་གྱིས་མནར་བའི་དབང་གིས་སྨན་བཅོས་འགྲོ་གྲོན་བྱུང་རིགས་ལ་རང་ཉིད་ཀྱི་སྨན་བཅོས་འབྲེལ་བ་དང་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས། སློབ་ཁྲིད་བྱེད་པའི་རིང་དུ་ཕུལ་དུ་བྱུང་བ་ཡིན་ཚེ་ཕུལ་བྱུང་དཔྱད་བསྡུར་དང་གཟེངས་བསྟོད་སོགས་ཀྱི་ཐད་སྔོན་ལ་བསམ་གཞིག་བྱས་ཏེ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ་ཡིན། སློབ་ཁྲིད་བྱེད་པའི་རིང་དུ་དཔྱད་ཞིབ་ལས་གོ་མི་འཕེར་བ་དང་ཡང་ན་གནད་དོན་ཡོད་ཚེ་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས།

སློབ་གསོ་པུའུ་ཡི་གཞུང་ལས་ཐིན་དང་ནོར་སྲིད་པུའུ་ཡི་གཞུང་ལས་ཐིན།

2021ལོའི་ཟླ6པའི་ཚེས17ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།