མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྒྲུབ་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གསུམ་པའི་བསྐྱར་འགྲན་རིམ་པ་བདེ་བླག་ངང་མཇུག་བསྒྲིལ།

སྤྱི་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གསུམ་པའི་བསྐྱར་འགྲན་རིམ་པའི་འགྲན་སྡུར་དངོས་སུ་མགོ་བརྩམས་ཤིང་། བསྐྱར་འགྲན་དུ་ཚུད་པའི་འགྲན་ཞུགས་པ་ཉེར་གཉིས་ཀྱིས་འགྲན་སྐོར་ལྟར་བརྗོད་གཞི་བདམས་ནས་འགྲན་སྡུར་བྱས་མཐར། མགོན་པོ་རྒྱལ། དོན་འགྲུབ། དབང་ཆེན་སྐྱབས། རྫ་མཁན་འཆི་མེད། ཧ་བྱ་གསེར་ལྷུན། མགོན་པོ་སྐྱབས། རྟ་མགྲིན་ཚེ་རིང་། དཔལ་སྲུང་། ཚེ་རིང་དབང་ཕྱུག ལྷ་རིས་རྒྱལ། འཇིགས་མེད་རྒྱ་མཚོ། གཡང་སྐྱབས། གཡང་དྲུང་དབང་རྒྱལ། གཙང་བྱང་གྲགས་སོགས་འགྲན་ཞུགས་པ་བཅུ་བཞི་རྟིང་རྩོད་འགྲན་སྡུར་དུ་ཚུད།

འགྲན་སྡུར་གྱི་ཐོག་མཐའ་བར་གསུམ་དུ་འགྲན་ཞུགས་པ་རྣམས་ཀྱིས་སྔར་བཞིན་གླེང་གཞི་དང་འབྲེལ་ཏེ་གསལ་དག་སྙན་གསུམ་དང་བདེན་དགེ་མཛེས་གསུམ་ཚང་བ། སྨྲ་བརྗོད་བདེ་ཞིང་དོན་འདུས་པ། སྨྲ་ལྕེ་དག་ཅིང་གནད་ལ་འཁེལ་བའི་ངང་ནས་བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་སྣ་ཚོགས་ངག་ལ་བརྒྱུས་ཤིང་། དཔྱད་འདེམས་པ་རྣམས་ཀྱིས་ཀྱང་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཡུལ་དངོས་ནས་སྐར་མ་བརྒྱབ།

གཏམ་ཐག་ཐུང་ན་ཉན་བདེ།།

ཡོབ་ཐག་ཐུང་ན་ཞོན་བདེ།།

གཏམ་ཁ་ལྕེ་བར་ནས་འཁྲོལ་དགོས།།

ཆོས་ཀ་ཁའི་ཡིག་རྩ་ཆོད་དགོས།།

བཤད་པའི་སྐད་ཆ་དམའ་མོ་བྱོས།།

འགྲོ་བའི་གོམ་པ་ཐུང་ལེན་བྱོས།།

བཤད་པའི་ཚིག་ལ་དོན་དགོས།།

འཇོག་པའི་སྡེར་མ་ཞབས་དགོས།།

བླུན་པོ་ཞིག་གིས་བསྟོད་པ་ལས།།

མཁས་པ་ཞིག་གིས་སྨད་ན་བཟང་།།

དཀར་པོ་ཆོས་ལ་དད་པ་བྱེད་དུས།།

སྨོན་ལམ་དཀར་པོའི་ཤོག་ཁ་གཅིག་ཡིན།།

ཚིག་ཁ་ཐོག་ནས་བཤད་ནོ་དོན་ཐོག །

རྐང་རྡོ་ཐོག་ནས་བཅགས་ནོ་ལྕེ་ཐོག །

འཇིག་རྟེན་གཏམ་ལ་དཔེ་བླངས།།

དམ་པའི་ཆོས་ཀྱི་ལུང་དྲངས།།

སྟག་ཤ་རའི་གོང་ཐང་གཏམ་གྱིས་གཅོད།།

རྟ་འདོ་བའི་གོང་ཐང་རྒྱུགས་ཀྱིས་གཅོད།།

དར་དཀར་འདྲ་བའི་འཇམ་ཞིག་དགོས།།

བལ་ཐིག་འདྲ་བའི་ལྷོད་ཅིག་དགོས།།

རྟིང་རྩོད་ལ་ཚུད་པའི་འགྲན་ཞུགས་པ་ཡོངས།

སང་ཉིན་ཏེ་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་རྟིང་རྩོད་ཀྱི་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། རྟིང་རྩོད་ཀྱི་གོ་རིམ་ཆ་ཚང་སྔར་མུས་བཞིན་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོངAPP ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས་བཅས་ནས་ཐད་གཏོང་བྱ་རྒྱུ་ཡིན་ལ། མོས་ལྡན་དག་གིས་དུས་ལྟར་ཐད་གཏོང་ལ་གཟིགས་པར་དགའ་བསུ་ཞུ།།

ཐད་གཏོང་སྟེགས་བུ་དག་ནི།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ།

གངས་ལྗོངས་མེ་ལོངAPP

ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།

མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས།

直播平台

青海藏语网络广播电视台(祥云网)

金格桑APP

雪域头条抖音号

青海藏语广播抖音号