མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྒྲུབ་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གསུམ་པ།

རང་རེའི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བརྒྱད་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གསུམ་པ་རྩེ་ཆུ་གྲོང་རྡལ་དུང་དཀར་རྩྭ་ཐང་དུ་དངོས་སུ་མགོ་བརྩམས།

ཀྲུང་གུང་རྩེ་ཁོག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཉི་མ་ཚེ་རིང་གིས་ཤིས་ཚིག་འབུལ་བཞིན་པ།

མདོ་འཛིན་པ་རྟ་མགྲིན་སྐྱབས་དང་འཆི་མེད་སྒྲོལ་མ།

མཛད་སྒོའི་སྟེང་ཀྲུང་གུང་རྩེ་ཁོག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཉི་མ་ཚེ་རིང་གིས་ཤིས་ཚིག་ཕུལ་བ་དང་། རྩེ་ཁོག་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩེ་ཆུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གནམ་སྐྱབས་ཚེ་རིང་། རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཅུའུ་ཀྲང་གཡང་ལོ་དང་རྩེ་ཁོག་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཅུའུ་ཀྲང་སངས་རྒྱས་སྐྱབས་དག་ཀྱང་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོའི་སྟེང་ཞུགས།

འགྲན་སྡུར་གྱི་ཐོག་མཐའ་བར་གསུམ་དུ་འགྲན་ཞུགས་པ་རྣམས་ཀྱིས་སྔར་བཞིན་གླེང་གཞི་དང་འབྲེལ་ཏེ་གསལ་དག་སྙན་གསུམ་དང་བདེན་དགེ་མཛེས་གསུམ་ཚང་བ། སྨྲ་བརྗོད་བདེ་ཞིང་དོན་འདུས་པ། སྨྲ་ལྕེ་དག་ཅིང་གནད་ལ་འཁེལ་བའི་ངང་ནས་བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་སྣ་ཚོགས་ངག་ལ་བརྒྱུས་ཤིང་། དཔྱད་འདེམས་པ་རྣམས་ཀྱིས་ཀྱང་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཡུལ་དངོས་ནས་སྐར་མ་བརྒྱབ།

ཚེས་དགུའི་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་སྔར་བཞིན་ཐོག་མའི་འགྲན་སྡུར་གྱི་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། ཐོག་མའི་འགྲན་སྡུར་གྱི་གོ་རིམ་ཆ་ཚང་སྔར་མུས་བཞིན་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོངAPP ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན། མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས་བཅས་ནས་ཐད་གཏོང་བྱ་རྒྱུ་ཡིན་པར་མ་ཟད། འགྲན་སྡུར་གྱི་ཞིབ་ཕྲའི་ནང་དོན་དག་གངས་ལྗོངས་མེ་ལོང་དྲ་ངོས་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་བཅས་ནས་ཉིན་རེ་བཞིན་སྤེལ་རྒྱུ་ཡིན་པས། རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱིས་དུས་ལྟར་གཟིགས་དང་། ནང་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་ངག་རིག་སྒྱུ་རྩལ་འདིས་རྣམ་པ་ཚོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་ངེས་ཡིན།