མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཆུ་བོའི་ཆུ་ལག་ཅིག་ཏུ་གསེར་ཉ་སྤྱི་རྒྱ5500བསྐྱབས་པ།

རང་རེའི་དྲ་བའི་འཕྲིན། ཟླ7པའི་ཚེས3ཉིན་དང་ཚེས4ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཆུ་བོའི་ཆུ་ལག་ཅིག་ཏུ། ས་གནས་དེ་གའི་མང་ཚོགས་དང་ཉ་ལས་སྡེ་ཚན་གྱི་ལས་སྒྲུབ་མི་སྣས་སེམས་ཆུང་ངང་གསེར་ཉ་རེ་རེ་འགྱིག་གཞོང་ནང་ལེན་པ་དང་། རླངས་འཁོར་དུ་བཞག་རྗེས་གཟབ་གཟབ་ཀྱིས་བསྐྱལ་ཏེ་བུ་ཧ་ཆུའི་ནང་བཏང་བ་རེད། གསར་འགོད་པས་བུ་ཧ་ཆུ་དང་རྟ་ནག་མ་ཆུའི་གསེར་ཉ་སྐྱེ་འཕེལ་ཚོད་ལྟའི་ས་ཚིགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་དྲུག་པའི་ཟླ་དཀྱིལ་ནས་བཟུང་། ཆར་ཆུ་འབབ་ཚད་ཉུང་བས་གསེར་ཆེན་རྫོང་མཚོ་སྔོན་པོའི་གསེར་ཉས་སྒོ་ང་གཏོང་སའི་ཆུ་ལམ་ཁག་ཅིག་ལ་ཆུ་རྒྱུན་ཆད་པས་མཚོ་སྔོན་པོའི་གསེར་ཉ་ཆུ་ལམ་ཁ་ཤས་སུ་ཁེག་ཡོད་པ་རེད།

དང་ཐོག་ས་གནས་དེ་གའི་མང་ཚོགས་ཀྱིས་ཆུ་རྒྱུན་ཆད་པས་གསེར་ཉ་ཉུང་ཤས་ཤིག་ཆུ་ལམ་དུ་ཁེག་ནས་རྒྱུན་ལྡན་ངང་ཕྱིར་སྐྱོད་དེ་སྒོ་ང་གཏོང་ཐབས་བྲལ་བ་ཤེས་རྟོགས་བྱུང་། མང་ཚོགས་ཀྱིས་གནས་ཚུལ་འདི་ཤེས་རྗེས། རང་འགུལ་ངང་གསེར་ཉ་གནས་གཞན་དུ་བསྐྱལ་ཏེ་གསེར་ཉས་རྒྱུན་ལྡན་ལྟར་ཕྱིར་སྐྱོད་ནས་སྒོ་ང་གཏོང་བར་འགན་ལེན་བྱས་ཡོད་པ་རེད་ཅེས་བུ་ཧ་ཆུ་དང་རྟ་ནག་མ་ཆུའི་གསེར་ཉ་སྐྱེ་འཕེལ་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་ཡུས་ལུའུ་ཞན་གྱིས་བཤད།

ཟླ7པའི་ཚེས3ཉིན། ཆུ་ངོས་བསྟུད་མར་ཆག་པའི་རྐྱེན་གྱིས་གསེར་ཆེན་རྫོང་བུམ་པ་ཆུ་དང་ཆོས་རྗེ་ཆུ་སྔ་རྗེས་སུ་བཞུར་མཚམས་ཆད་ནས་ཆུ་གཏིང་ཐུང་ས་ཁག་ཅིག་ཏུ་གསེར་ཉ་མང་བོ་ཁེག་ཡོད། གསེར་ཆེན་རྫོང་ཞིང་ལས་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་གནས་ཚུལ་དེ་ཤེས་རྗེས། དུས་ཐོག་ཏུ་ཡུལ་དངོས་སུ་ལྟ་ཞིབ་བྱེད་པར་བསྐྱོད་པ་དང་ཆེད་ལས་ཀྱི་སྒྲིག་ཆས་ཀྱིས་མི་འདང་ལ་དེ་རུ་ཁེག་ཡོད་པའི་གསེར་ཉ་མང་བས། འཕྲལ་མར་བུ་ཧ་ཆུ་དང་རྟ་ནག་མ་ཆུའི་གསེར་ཉ་སྐྱེ་འཕེལ་ཚོད་ལྟའི་ས་ཚིགས་ལ་རོགས་སྐྱོར་རེ་ཞུ་བྱས།

ཡུས་ལུའུ་ཞན་གྱིས་བཤད་རྒྱུར། ང་ཚོས་གནས་ཚུལ་དེ་ཤེས་རྗེས། དུས་ཐོག་ཏུ་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་ཀྱི་ཆེད་ལས་ཉ་རྒྱ་དང་སྒྲིག་ཆས་འཁྱེར་ནས་གསེར་ཉ་ཁེག་ཡོད་སར་སོང་བ་དང་། མགྱོགས་མྱུར་ངང་ཆེད་ལས་སྒྲིག་ཆས་སྤྱད་དེ་གསེར་ཉ་དག་བཟུང་ནས་སྤེན་མ་ཆུ(编马河)དང་བུ་ཧ་ཆུའི་ནང་བསྐྱལ་བ་ཡིན་ཟེར།

ཉིན་ཤས་རིང་། གསེར་ཆེན་རྫོང་ཞིང་ལས་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་དང་བུ་ཧ་ཆུ་དང་རྟ་ནག་མ་ཆུའི་གསེར་ཉ་སྐྱེ་འཕེལ་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་མི་སྣ། མཐའ་འཁོར་གྱི་འབྲོག་དམངས། ཡུལ་སྐོར་བ་བཅས་མི་བརྒྱ་ལྷག་ཙམ་མཉམ་དུ་ཞུགས་ནས་འབད་བརྩོན་བྱས་པ་བརྒྱུད། བུམ་པ་ཆུ་བོ་དང་ཆོས་རྗེ་ཆུ་བོ་སོགས་ཆུ་བོའི་ནང་གི་གསེར་ཉ་སྤྱི་རྒྱ5500ལྷག་སྤེན་མ་ཆུ་དང་བུ་ཧ་ཆུའི་ནང་བཏང་ཞིང་། རོགས་སྐྱོབ་དུས་ཐོག་ཏུ་བྱས་པར་བརྟེན་མཚོ་སྔོན་པོའི་གསེར་ཉ་མང་བོ་ཤི་བའི་གནས་ཚུལ་བྱུང་མེད་པ་རེད།

ཐེངས་འདིའི་བཞུར་རྒྱུན་ཆད་པའི་ཆུ་ལམ་གྱི་རིང་ཚད་ལ་སྤྱི་ལེ་བཅུ་ཕྲག་ལྷག་ཡོད་པ་དང་། ཆུ་ལམ་ནང་གི་གསེར་ཉ་ཡོད་ཚད་རྒྱུན་ལྡན་ངང་ཕྱིར་སྐྱོད་དེ་སྒོ་ང་གཏོང་བར་འགན་ལེན་བྱ་ཆེད། གསེར་ཆེན་ཞིང་ལས་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་དང་བུ་ཧ་ཆུ་དང་རྟ་ནག་མ་ཆུའི་གསེར་ཉ་སྐྱེ་འཕེལ་ཚོད་ལྟའི་ས་ཚིགས་ཀྱི་ལས་སྒྲུབ་མི་སྣ། ས་གནས་དེ་གའི་མང་ཚོགས་བཅས་ཀྱིས་མཉམ་དུ་སྐོར་ཞིབ་ཚན་ཆུང་བཙུགས་ཏེ། ཆུ་རྒྱུན་ཆད་པའི་ཆུ་ལམ་ཡོད་མེད་ལ་སྐོར་ཞིབ་བྱས་པ་དང་། གལ་ཏེ་ད་དུང་ཁེག་ཡོད་པའི་གསེར་ཉ་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་གནས་སྤོ་བྱ་རྒྱུ་རེད།

ད་ལོ་ནི་མཚོ་རྒྱ་བསྡམས་ནས་ཉ་གསོ་བ་སྐབས་དྲུག་པ་འགོ་ཚུགས་པའི་ལོ་ཡིན། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་མཐའ་སྐོར་གྱི་གྲོང་ཁྱེར་དང་རྫོང་ཁག་གི་ཞིང་ལས་ཞིང་སྡེའི་སྡེ་ཚན་གྱིས་ཁྲིམས་འཛིན་གྱི་གཙོ་གནད་ཁ་གསལ་དང་ལས་ཀའི་འགན་འཁྲི་ཞིབ་ཏུ་གཏོང་བ། ཁྱོན་ཡོངས་ཀྱི་ཁྲིམས་འཛིན་བྱ་སྤྱོད་མུ་མཐུད་སྤེལ་བ་བཅས་བྱས་ནས་ཆུའི་གནས་ཚུལ་དང་འགྱུར་ལྡོག་ལ་དོ་སྣང་གཏིང་ཟབ་བྱེད་པ་དང་སྒོ་ང་གཏོང་ཡུལ་གཙོ་བོར་སྐོར་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཚོ་སྔོན་པོའི་གསེར་ཉ་ཕྱིར་སྐྱོད་ནས་སྒོ་ང་གཏོང་བར་སྲུང་སྐྱོང་བྱས་ནས་མཚོ་སྔོན་པོའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སླར་གསོ་ཡོང་བའི་ད་ཡོད་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏང་རྒྱུ་རེད།