བཟོ་ལ་འཇོན་པའི་ཨ་ཅག་ལགས་ཀྱིས་ཕྱུག་འགྱུར་ལམ་བུ་འཐག་པར་བྱེད།

ཁབ་དང་སྐུད་པའི་བར་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།

འཐག་ལ་བྲེལ་བའི་ལག་ཟུང་གིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསླས།

མཉམ་ལས་ཁང་གི་འགན་འཁུར་པས་གཟིགས་མོར་ཕེབས་མཁན་སློབ་མ་རྣམས་ལ་མཉམ་ལས་ཁང་གི་ཐོན་རྫས་ལ་འགྲེལ་སྦྱོར་བྱེད་བཞིན་པ།

ལྷག་སེམས་ཀྱིས་བསླས་པའི་ཐོན་རྫས་རེ་རེ་ལ་ང་ཚོ་རང་ཉིད་ཀྱིས་མགྲིན་ཚབ་བྱེད།

“གནམ་གྱི་ཕྱེད་ག”བུད་མེད་མཉམ་ལས་ཁང་གི་བཟོ་མ་ཚོས་སོར་མོའི་ལྡེམ་འགྱུའི་བར་ནས་ཕྱུག་འགྱུར་ལམ་བུ་བསླས་པ།

དམངས་གཙོའི་ལམ་ནས་མཉམ་ལས་ཁང་གི་འབྱུང་འགྱུར་གཏན་ཁེལ་བྱེད་པ།

”“ཕོ་གསར་ཆུང་ཆུང་ལགས། ཞྭ་མོ་འདི་ཁྱེད་ཀྱིས་གོན་ན་ཡག་རེ་ལྟོས།”

ཚོགས་པ་རྩ་འཛུགས་སྒོས་ཕྱི་ལ་བསྐྱོད་ཅིང་མུ་མཐུད་སློབ་སྦྱོང་བྱས་ནས་ཉིན་རེར་ཡར་ཐོན་ཡོང་བ།

མཉམ་ལས་ཁང་གི་འགན་འཁུར་པ་ཡོན་ཆབ་ཀྱིས་རང་གིས་མགྲིན་ཚབ་བྱས་པའི་འདྲ་པར་ལག་ཏུ་ཐོགས་ཤིང་གདོང་ལ་གཟི་མདངས་རྒྱས་ཡོད།

མཉམ་ལས་ཁང་དུ་དགའ་སྤྲོའི་དགོད་སྒྲས་ཁེངས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དང་བར་ཐག་སྤྱི་ལེ140ལྷག་ཙམ་ཡོད་པའི་ཟུར་མང་ཡུལ་ཚོར2013ལོར“གནམ་ཀྱི་ཕྱེད་ཀ”ཞེས་པའི་བུད་མེད་མཉམ་ལས་ཁང་ཞིག་བཙུགས་ཡོད་ཅིང་། ལོ་ཤས་ནང་དེ་གའི་བུད་མེད་ཚོས“སྲོལ་རྒྱུན”དང“དེང་རབས”ཟུང་འབྲེལ་གྱི་ལམ་ནས་མང་ཚོགས་ཀྱི་མཛེས་དཔྱོད་དང་འཚམ་པའི་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་བཟོས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་དུ་བྲིན་ཚོང་བྱས་ནས་བོད་ཀྱི་བུད་མེད་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་རོགས་རམ་བྱས་ཡོད།

མཉམ་ལས་ཁང་གི་འགན་འཁུར་པ་ཡོན་ཆབ་ལགས་ཀྱིས་གསར་འགོད་པར་གློག་ཀླད་ཀྱི་ཁུག་མ་འདིའི་ཕྱི་ནང་ཆ་ཚང་ཕྱིང་པས་བཟོས་པ་ཤ་སྟག་ཡིན། ཐོན་རྫས་འདི་ཚང་མ་བཟོས་ཚར་མ་ཐག་ལམ་སེང་ཉོས་ཚར་འགྲོ་བ་ཡིན། ཆེས་ཐག་རིང་བ་དབྱི་ཐ་ལི་རྒྱལ་ཁབ་ལ་འཚོང་གི་ཡོད་ཟེར།

“གནམ་ཀྱི་ཕྱེད་ཀ”ཞེས་པའི་མིང་འདི་འདོགས་དགོས་པའི་རྒྱུ་མཚན་སྐོར་གླེང་དུས། ཡོན་ཆབ་ལགས་ཀྱིས་དང་ཐོག་རིག་གནས་ཀྱི་རིམ་པ་ཅུང་དམའ་བ་དང་ནམ་རྒྱུན་ཡོང་འབབ་ཀྱང་མེད་པའི་བོད་རིགས་བུད་མེད་དེ་དག་བསྡུས་ནས་ཁོང་ཚོར་ལས་ཀ་ཏོག་ཙམ་བྱེད་དུ་འཇུག་འདོད་པ་དེ་ཡིན་ཞིང་། ལོ་མང་རིང་གི་འབད་བརྩོན་བརྒྱུད། ཁོ་ཚོས་དངོས་སུ“བུད་མེད་ཀྱིས་གནམ་ཀྱི་ཕྱེད་ཀ་འདེགས་ཐུབ”ཅེས་པའི་སྐད་ཆ་དེ་ལ་གསལ་འགྲེལ་བརྒྱབ་པ་རེད།

ད་ལྟ། ནང་ཆེན་རྫོང་ཟུར་མང་ཡུལ་ཚོའི“གནམ་གྱི་ཕྱེད་ཀ”བུད་མེད་མཉམ་ལས་ཁང་གི་གཞི་ཁྱོན་ཇེ་ཆེ་ནས་ཇེ་ཆེར་ཡིན་ཞིང་། བུད་མེད་ཚོས་ལས་ལ་བརྩོན་ཞིང་བདེ་ལྕག་འཁྱུག་པའི་ལག་ཟུང་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཕུགས་འདུན་བསླས་ཏེ་ཐོན་རྫས་རྣམས་ཕྱི་ཕྱོགས་སུ་བྲིན་ཚོང་ཐུབ་པ་བྱུང་ལ། དེའི་གོ་རིམ་ཁྲོད་དུ་ཟུར་མང་ཡུལ་ཚོའི་དབང་པོ་སྐྱོན་ཅན་དང་།བུད་མེད།དུད་ཚང་དབུལ་པོ་སོགས་ལ་ལག་རྩལ་གསོ་སྦྱོང་ལས་སྟེགས་དང་ལས་གཏོད་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཐའ་འཁོར་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱི་ནུས་པ་བཏོན། དེ་དང་ཆབས་ཅིག །མཉམ་ལས་ཁང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ཁྲོད་ཧུར་ཐག་ཞུགས་ནས་ལོ་རེའི་ཁེ་སྤོགས་ཁྲོད་ཀྱི5%སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཐད་ལ་བཏང་སྟེ། ཟུར་མང་ཡུལ་ཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་ཕུལ་ཡོད།

ཡོན་ཆབ་ཀྱིས་བཤད་རྒྱུད། སླད་ཕྱིན་ད་དུང་བུད་མེད་ལས་དོན་པའི་རྩལ་ནུས་ཆུ་ཚད་ཇེ་མཐོར་གཏོང་བར་སྣང་ཆེན་བྱས་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་བཟོ་ལྟ་ཕྱོགས་ནས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་གསར་སྤེལ་བྱ་རྒྱུ། དེ་བཞིན་མ་དངུལ་གཏོང་ཤུགས་དང་གཞི་ཁྱོན་ཇེ་ཆེར་བཏང་སྟེ། རྫོང་དབུལ་སྐྱོར་དྲ་བའི་ཕྱིར་ཚོང་ལས་སྟེགས་བརྒྱུད། རྟེན་གཞིའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ། གསོ་སྦྱོང་གི་རྣམ་པ་སྣ་ཚོགས་སྤྱད་དེ་བུད་མེད་དབུལ་པོའི་ལས་གཏོད་ལས་ཞུགས་དང་།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པར་སྐུལ་འཁྲིད་བྱས་ཏེ། བུད་མེད་མང་པོ་འབྱོར་འབྲིང་འཚོ་བར་སྣེ་ཁྲིད་བྱ་རྒྱུ་ཞེས་ཟེར།

ཁོན་ཐར་འཚོས་བསྒྱུར།