རྒྱལ་བའི་བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་འབྲི་བཞེངས་ལེགས་འགྲུབ་བྱུང་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ།

རང་རེའི་དྲ་བའི་འཕྲིན། སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན། རྒྱལ་བའི་བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་འབྲི་བཞེངས་ལེགས་འགྲུབ་བྱུང་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ། རྒྱལ་བའི་བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་ནི་མཚོ་སྔོན་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་བཞེངས་པ་རེད། སྤྱི་གཉེར་ཁང་དེ་ནི་ཉིས་སྟོང་བཅུ་དྲུག་ལོར་བཙུགས་ཤིང་། གཙོ་བོ་གསེར་བྲིས་ཀྱིས་འབྲི་བཞེངས་གཙོ་བོར་འཛིན་པའི་རིག་གནས་ཐོན་ལས་ཀྱི་ཁེ་ལས་ཤིག་ཡིན། ལས་སྒོའི་རྣམ་གྲངས་ལ་གནའ་དེང་གསུང་འབུམ་གསེར་བྲིས་དང་། ཐང་ག་ཚོན་རིས་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད་པ་མ་ཟད། ད་དུང་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་སྤེལ་རེས་དང་།རྒྱུན་འཛིན། གསོ་སྐྱོང་། འགྲེམ་སྟོན། ཕྱིར་འཚོང་བཅས་གཞི་གཅིག་ཏུ་སྦྲེལ་ཡོད། ད་ལྟའི་ཆར་སྤྱི་གཉེར་ཁང་གི་ནང་དུ་ལས་བཟོ་བ་བརྒྱ་དང་ཉི་ཤུ་ལྷག་ཡོད། སྤྱི་གཉེར་ཁང་གིས་སྔ་རྗེས་སུ་རྗེ་ཙོང་ཁ་བའི་གསུང་འབུམ་དང་ལྷ་རམས་པ་ངག་དབང་བསྟན་དར་གྱི་གསུང་འབུམ། ལམ་སྔགས་འཛམ་གླིང་རྒྱན་གཅིག དེ་བཞིན་འཛམ་གླིང་སྟེང་ཆེས་ཆེ་བའི་གླེགས་བམ་གླང་རྒྱབ་མ་དང་ཆེས་ཆུང་བའི་གླེགས་བམ་བྱེའུ་རྒྱབ་མ། རྡོ་རྗེ་གཅོད་པ་དང་ཤེར་སྙིང་། བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་སོགས་ཀྱིས་མཚོན་པའི་གསེར་བྲིས་ཆེ་ཆུང་ཉིས་སྟོང་ལྷག་འབྲི་བཞེངས་མཛད།

ཐེངས་འདིའི་མཛད་སྒོའི་སྟེང་འབྲེལ་ཡོད་འགོ་ཁྲིད་དང་བོད་རིག་པའི་ཆེད་མཁས་པ་སོགས་མི་སྣ་མང་པོ་འདུ་ལ། ཚང་མས་གཅིག་གྱུར་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་འགོར་བའི་དགའ་སྟོན་རྟེན་འབྲེལ་གྱི་དུས་སྐབས་འདིར། བོད་ཀྱི་གཙུག་ལག་རིག་གནས་ཀྱི་བང་མཛོད་དུ་གྲགས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་ཉིད་གསེར་བྲིས་ཀྱིས་འབྲི་བཞེངས་མཛད་པ་ལ། མི་རིགས་རིག་གནས་རྒྱུན་འཛིན་གྱི་ཕྱོགས་སུ་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་སྟེང་ལའང་བྱས་རྗེས་བླ་མེད་བཞག་པ་རེད། འདི་ལྟ་བུའི་ཡིག་ཚང་གི་རིན་ཐང་ཡོད་པ་དང་། མི་རིགས་ལག་བཟོས་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་ལས་གཞི་ཞིག་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་ཕུལ་བ་ནི་དོན་སྙིང་གལ་ཆེན་ལྡན་ཞིང་། ཀྲུང་ཧྭའི་རླབས་ཆེན་བསྐྱར་དར་ཐད་མི་རིགས་རིག་གནས་ཀྱིས་བཞག་པའི་བྱས་རྗེས་ཀྱང་ཡིན་པར་འདོད།

ཚོགས་ཐོག་ཏུ་བོད་ཀྱི་མཁས་དབང་རྣམས་ཀྱིས་ཐེངས་འདིའི་བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག་འབྲི་བཞེངས་མཛད་པའི་ཐད་གདེང་འཇོག་གི་སྐད་ཆ་སྣ་ཚོགས་བཤད་ཅིང་། བར་གསེང་ནས་གླུ་དང་རྡུང་ལེན་སོགས་འཁྲབ་སྟོན་བྱས་པས། ཚོགས་ར་ཡོངས་སུ་རིག་གནས་དང་སྒྱུ་རྩལ་གྱི་མཁའ་དབུགས་སྟུག་པོ་ཞིག་གིས་ཡོངས་སུ་ཁེངས་འདུག