རང་ཞིང་གིས“རལ་གྲིའི་དྲ་བ2021”ལ་བརྟེན་ནས་དྲ་རྒྱའི་དབང་ཆར་བཙན་གནོད་དང་པར་དབང་རྐུ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱེད་སྒོ་སྤེལ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་དྲ་སྦྲེལ་གྱི་པར་དབང་ཁྲིམས་འཛིན་ཁྲིམས་བསྟར་ལ་ཤུགས་ཆེན་པོ་བརྒྱབ་ཏེ། དྲ་རྒྱའི་པར་དབང་སྲུང་སྐྱོང་ཆུ་ཚད་ཇེ་མཐོར་བཏང་ནས་འབྲེལ་ཡོད་ཁེ་དབང་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་དང་། དྲ་རྒྱའི་པར་དབང་གི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་བཅས་བྱ་ཆེད། ཞིང་ཆེན་པར་དབང་ཅུས་དང་།ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་།ཞིང་ཆེན་སྤྱི་བདེ་ཐིང་།ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་ཟླ6ནས་ཟླ10བའི་བར་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་དབང་ཆར་བཙན་གནོད་དང་པར་གཞི་རྐུ་སྤྱོད་ཐད་ལ་རྡུང་རྡེག་གཏོང་བའི“རལ་གྲི་དྲ་བ2021”ཡི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་གཏན་འབེབས་བྱས།

ཆེད་དོན་བྱ་སྤྱོད་སྤེལ་བའི་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་པར་དབང་དང་། དྲ་སྦྲེལ། འཕྲིན་གཏོང་དོ་དམ། སྤྱི་བདེ། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་རང་སོ་སོའི་འགན་ནུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གསར་དུ་བཟོ་བཅོས་བརྒྱབ་པའི་བརྩམས་ཆོས་བདག་དབང་གི་བཅའ་ཁྲིམས་དང་སྲིད་འཛིན་ཆད་གཅོད་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་པའི་གོ་སྐབས་དང་བསྟུན་ནས་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་མུ་མཐུད་ནས་ཇེ་དྲག་ཏུ་བཏང་། ཁ་ཆད་གླེང་མོལ་དང་། ཉེན་བརྡ་གཏོང་བ། དག་ཐེར་ཡོ་བསྲང་བྱེད་པ་སོགས་ཀྱི་ལས་ཀའི་བྱེད་ཐབས་ཕྱོགས་བསྡུས་ཐོག་བེད་སྤྱད་དེ་དྲ་རྒྱའི་དབང་གནོད་དང་པར་དབང་རྐུ་སྤྱོད་ཀྱི་བྱ་སྤྱོད་ལ་སྲིད་འཛིན་ཐོག་ནས་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན། ཉེས་བསགས་དོགས་ཡོད་རིགས་ལ“བཅའ་ཁྲིམས་གཉིས་འབྲེལ་མཐུད”ཀྱི་ལམ་སྲོལ་ལྟར་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱེད་དུ་བཅུག་པ་དང་། དེ་དང་ཆབས་ཅིག །ད་དུང་སྲིད་གཞུང་དང་ཁེ་ལས་བར་གྱི་མཉམ་ལས་དམ་འཛིན་བྱས་ནས་ཁེ་དབང་འཛིན་མཁན་དང་།ལས་རིགས་རྩ་འཛུགས། སྤྱི་ཚོགས་ཚོགས་པ། ཕྱོགས་གསུམ་པའི་སྒྲིག་གཞི་བཅས་ཀྱི་ཁེ་དབང་སྲུང་སྐྱོང་གི་དགེ་མཚན་གང་ལེགས་བཏོན་ཏེ། དྲ་རྒྱའི་དབང་ཆར་བཙན་གནོད་ལ་རྡུང་རྡེག་གཏང་བའི་ཐད་ལ་ཕྱོགས་མང་པོ་དང་།རིམ་པ་མང་པོ། ཟུར་མང་པོ་བཅས་ནས་དྲ་རྒྱའི་དབང་གནོད་ལ་རྡུང་རྡེག་གཏོང་བའི་སྤྱི་ཚོགས་མཉམ་བཅོས་ཀྱི་རྣམ་པ་གཏོད་པར་སྐུལ་འདེད་གཏང་རྒྱུ།
      དེ་དང་ཆབས་ཅིག་ཁེ་དབང་འཛིན་མཁན་གྱིས་ཁྲིམས་ནང་བཞིན་རང་འགུལ་གྱིས་ཁེ་དབང་སྲུང་སྐྱོང་བྱེད་པར་སྟབས་བདེ་ཡོང་ཆེད། དྲ་རྒྱའི་དབང་ཆར་བཙན་གནོད་དང་པར་གཞི་རྐུ་སྤྱོད་ཀྱི་ཐེར་འདོན་ཞུ་གཏུག་ཁ་པར་དང་ཡིག་ཟམ་བཟོས་ཡོད་པས། རྒྱ་ཆེའི་མང་ཚོགས་དང་ཁེ་དབང་འཛིན་མཁན་གྱིས་དབང་ཆར་བཙན་གནོད་དང་པར་གཞི་རྐུ་སྤྱོད་ཀྱི་བྱེད་སྤྱོད་སྐོར་ཐེར་འདོན་དགོས་ན། ཁ་པར་ཨང་གྲངས 0971-8484165དང་ཡིག་ཟམqhsbqc@163.comབརྒྱུད་ནས་ཞུ་གཏུག་དང་ཐེར་འདོན་བྱས་ཆོག་གོ །

ཁོན་ཐར་འཚོས་བསྒྱུར།