ཀྲུང་དབྱང་ནས་རང་ཞིང་གི་ས་ཁོངས་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཐད་ཡང་བསྐྱར་མ་དངུལ་དུང་ཕྱུར15.5གཤམ་སྤྲོད་བྱས།

རང་རེའི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱིས་རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་རྒྱབ་སྐྱོར་ཚད་ལོ་རེར་ཇེ་ཆེར་གཏོང་བཞིན་ཡོད་ལ། ཉེ་སྔོན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཧུར་བརྩོན་འོག རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི2021ལོའི་ས་ཁོངས་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཆེད་དམིགས་ཐད་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་ལས་སྒོར་དུང་ཕྱུར15.5ཡང་བསྐྱར་གཤམ་སྤྲོད་བྱས་ཤིང་། གཙོ་བོ་རང་ཞིང་གི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བརླན་ས་སྲུང་སྐྱོབ་དང་སླར་གསོ་སོགས་ལས་གཞི་ཆེན་མོ་དགུ་ལ་རྒྱབ་སྐྱོར་བྱས་ཏེ། རང་ཞིང་གི་ས་ཁོངས་གཙོ་བོའི་རི་ཆུ་ནགས་གསུམ་དང་རྨོ་ཞིང་། མཚེའུ། རྩྭ་ས་སྲུང་སྐྱོབ་དང་སླར་གསོའི་ཐད་སྔར་ལས་ཤུགས་སྣོན་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་ས་ཁོངས་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཐད་ཆེད་དམིགས་མ་དངུལ་དུང་ཕྱུར15.5གཤམ་སྤྲོད་བྱས་པ་དེ། གཙོ་བོ་མིས་བཟོས་ནགས་སྐྲུན་དང་རི་འགོག་ནགས་སྐྱོང་། ནགས་ཚལ་དང་རྩྭ་ས་སླར་གསོ། མིས་བཟོས་རྩྭ་འདེབས། ས་ནག་བཅོས་སྐྱོང་། དུག་རྩ་ཕྱོགས་བསྡུས་བཅོས་སྐྱོང་དང་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བརླན་ས་སྲུང་སྐྱོབ་དང་སླར་གསོ་སོགས་ཀྱི་ལས་གཞིའི་ཐད་སྤྱོད་རྒྱུ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།