“རྩྭའི་འགྱུར་རྡོ”ཞིག་གིས་མདོ་དབུས་མཐོ་སྒང“ཡར་འཕགས་པའི”གསང་བ་བརྟོལ་བ།

མདོ་དབུས་མཐོ་སྒང་ནི་འཛམ་གླིང་སྟེང་གི་མཚོ་ངོས་ལས་ཆེས་མཐོ་བའི་མཐོ་སྒང་ཞིག་ཡིན་པ་ཚང་མས་ཤེས་པ་རེད། ཡིན་ནའང་། ལོ་ངོ་ཁྲི2400ཡི་སྔ་རོལ་དུ། མདོ་དབུས་མཐོ་སྒང་གི་མཐོ་ཚད་དང་སྐྱེ་ཁམས་ཁོར་ཡུག་ཅི་འདྲ་ཡིན་པའི་སྐོར་ཁྱོད་ཀྱིས་ཤེས་སམ།

མདོ་དབུས་མཐོ་སྒང་དབུས་རྒྱུད་ཀྱི་ལོན་པོ་ལའི་གཞོང་ས་ནས་རྙེད་པའི་ལོ་མ་བཞི་ཅན་གྱི་རྩི་ཤིང་གི་འགྱུར་རྡོ། པར་རིས་ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།

ཉེ་ཆར། ཀྲུང་གོའི་ཚན་རིག་གླིང་རྩི་ཤིང་ཞིབ་འཇུག་ཁང་གི་ཝང་ཡུས་ཧྥེ་ཞིབ་འཇུག་ཚོགས་པས་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཏེང་ཐའོ་ཞིབ་འཇུག་ཚོགས་པ་དང་སའི་གོ་ལའི་ཁོར་ཡུག་ཞིབ་འཇུག་ཁང་གི་ལིའུ་ཞའོ་ཏུང་ཞིབ་འཇུག་ཚོགས་པ་གཉིས་ལ་མཉམ་འབྲེལ་བྱས་ཏེ། མདོ་དབུས་མཐོ་སྒང་དབུས་རྒྱུད་ཀྱི་ལོན་པོ་ལའི་གཞོང་ས(伦坡拉盆地)ནས་རྙེད་པའི་རླུང་གཡབ་དབྱིབས་ཀྱི་དཔེ་རིས་གསལ་བའི“རྩྭ་ཕྲན་སྐྱེས་པའི་འགྱུར་རྡོ”ཞིག་ལ་བརྟེན་ཏེ་མདོ་དབུས་མཐོ་སྒང་དབུས་རྒྱུད་འདི་ལོ་ངོ་ཁྲི2400ཡི་རིང་ལ“ཡར་འཕགས་པའི”གསང་བ་བརྟོལ་ཡོད་པ་རེད།

“རིན་པོ་ཆེ”ནང་བཞིན་གྱི་འགྱུར་རྡོ་འདི“འབུ”ཡིན་ནམ“ལོ་མ”ཡིན་པའི་སྐོར་གྱི་ངོས་འཛིན་ལ་དཀའ་ཁག་ཆེན་པོ་ཡོད་ནའང་། ཝང་ཡུས་ཧྥེ་ཡིས་ལོ་བཅུ་ལྷག་རིང་གི་ཞིབ་འཇུག་འཚོལ་སྙེགས་བྱེད་མགོ་བརྩམས་པ་རེད།

ཞིབ་འཇུག་དབྱེ་ཞིབ་དང་བདེན་རྫུན་བརྟག་དཔྱད་ཐེངས་མང་བྱས་མཐར། གྲོ་མ་རིགས་ཀྱི་རྩི་ཤིང་དབྱེ་འབྱེད་རིག་པ་བ་དང་ཀྲུང་གོའི་ཚན་རིག་གླིང་རྩི་ཤིང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཞན་ཁྲུན་གྱིས“རིན་པོ་ཆེ”འདི་ནི་ལོ་མ་བཞི་ཅན་གྱི་རྩི་ཤིང(苹属植物,又名四叶菜和叶合草等)གི་འགྱུར་རྡོ་ཡིན་ཚུལ་ངོས་ཟིན་པ་དང་། འབྲེལ་ཡོད་ཡིག་ཆ་མང་པོར་ཀློག་བཤེར་བྱས་པའི་རྨང་གཞིའི་ཐོག འགྱུར་རྡོའི་སྐྱེ་དངོས་ཁྱད་ཆོས་ཞིབ་འབྲི་དང་རིགས་དབྱེ་གཏན་འཁེལ་གྱི་ཞིབ་འཇུག་བདེ་བླག་ངང་ཚར་བ་རེད།

ལོ་མ་བཞི་ཅན་གྱི་རྩི་ཤིང་གི་འགྱུར་རྡོ་དང་ད་ལྟའི་ལོ་མ་བཞི་ཅན་གྱི་རྩི་ཤིང་གི་གྲུབ་ཚུལ་ཁྱད་ཆོས། པར་རིས་ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།

ལོ་མ་བཞི་ཅན་གྱི་རྩི་ཤིང་འདི་ཆུ་བོ་དང་མཚེའུ་ཡི་འགྲམ་ངོགས་སམ་ཡང་ན་བརླན་སའི་ཉེ་འཁོར་དུ་སྐྱེས་པ་དང་། གཞུང་རྟའི་མཐོ་ཚད་ལི་སྨི30ལས་མི་བརྒལ་བའི་ཆུ་ངོས་ཀྱི་རྩྭ་ཕྲན་ཞིག་ཡིན་ལ། ལོ་ངོ་ཁྲི2400ཡི་སྔ་རོལ་དུ། ལོན་པོ་ལའི་གཞོང་ས་འདི་གནའ་བོའི་མཚེའུ་ཞིག་ཡིན་པ་དང་། རྩྭ་ཕྲན་འདི་ཡང་ལྷང་འཇགས་ཀྱི་མཚེའུ་དེའི་འགྲམ་ངོགས་སུ་སྐྱེས་ཡོད་པ་རེད། རྗེས་མར། བྱེ་མའི་འོག་ཏུ་ཚུད་པ་དང་། རིམ་པར་ས་འོག་ཏུ་དིམ་བསགས་ཐེབས་ནས་འགྱུར་རྡོ་ལ་གྱུར་པ་ལས་འདི་འདྲའི་ཉར་ཚགས་ལེགས་པོ་ཞིག་བྱས་ཡོད་པ་རེད།

“རྩྭ་ཕྲན”ཞིག་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི“མཐོ་ཚད”ཇི་ལྟར་འཇལ་ཐུབ་བམ་ཞེ་ན། ཝང་ཡུས་ཧྥེ་ཡིས་མཚམས་སྦྱོར་བྱས་ན། ལོ་མ་བཞི་ཅན་གྱི་རྩི་ཤིང་འདི་ཁྱབ་རྒྱ་ཆེ་བའི་ཤིང་སྡོང་ཆེན་པོའི་རིགས་དང་མི་འདྲ། རྩི་ཤིང་འདི་གནའ་བོའི་མཚེའུ་ཡི་འགྲམ་དུ་སྐྱེས་ཡོད་པ་དང་། དེའི་མཚོ་ངོས་ལས་མཐོ་ཚད་ནི་གནའ་བོའི་མཚེའུ་ཡི་ངོས་ཀྱི་མཚོ་ངོས་ལས་མཐོ་ཚད་དང་འདྲ་སྟབས། སྔར་གྱི་ཞིབ་འཇུག་ཁ་ཤས་ནང་དུ། རྩི་ཤིང་གི་འགྱུར་རྡོ་ལ་བརྟེན་ནས་ཚོད་དཔག་ཚད་འཇལ་བྱེད་པའི་མཚོ་ངོས་ལས་མཐོ་ཚད་དེ་དོན་དངོས་སུ་མདོ་དབུས་མཐོ་སྒང་གི་གནའ་བོའི་དྲང་འཕྱང་རི་བོའི་གནས་གང་ཞིག་ཡིན་པ་ངོས་འཛིན་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་པ་རེད།

ལོན་པོ་ལའི་གཞོང་སར་རྟོག་ཞིབ་བྱེད་པའི་རྣམ་པ། པར་རིས་ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།

ཞིབ་འཇུག་ལས་ཤེས་གསལ་བྱུང་བ་ལྟར་ན། ལོ་ངོ་ཁྲི2400ཡི་སྔོན་ཙམ་ལ། མདོ་དབུས་མཐོ་སྒང་གི་དབུས་རྒྱུད་ནི་སྨི1000ནས1700ཙམ་གྱིས“ཡར་འཕགས”ཡོད་པ་རེད།

ཞིབ་འཇུག་འདི་ཡིས་མདོ་དབུས་མཐོ་སྒང་གི་དབུས་རྒྱུད་འདི་ལོ་ངོ་ཁྲི2400ཡི་སྔོན་ཙམ་གྱི་མཐོ་ཚད་དང་ཡུལ་ལྗོངས་བསྐྱར་འཛུགས། མདོ་དབུས་མཐོ་སྒང་ཡར་འཕགས་པའི་འགུལ་རྣམ་གོ་རིམ་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་པར་སྐྱེ་དངོས་རིག་པའི་དཔང་དངོས་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།