མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་སྒྲིག་དང་ཞིབ་འཇུག་མི་སྣའི་གསོ་སྦྱོང་ཚོགས་འདུ་སྐབས་གསུམ་པ་ཟི་ལིང་དུ་བསྡུས་པ།

རང་རེའི་དྲ་བའི་འཕྲིན། ཟླ6བའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་དགེ་འོས་སློབ་ཆེན་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མི་རིགས་དགེ་འོས་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་བསྒྲིགས་དང་ཞིབ་འཇུག་མི་སྣ་གསོ་སྦྱོང་རྟེན་གཞི་གཞུང་ལས་ཁང་གིས་འགན་སྒྲུབ། མཐོ་སྒང་ཞིབ་འཇུག་གླིང་གནའ་དཔེ་དག་སྒྲིག་དང་ཞིབ་འཇུག་དཔུང་སྡེ་དང་པཎ་ཆེན་ཞིབ་འཇུག་གླིང་གིས་རོགས་སྒྲུབ་གནང་བའི“མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་སྒྲིག་དང་ཞིབ་འཇུག་མི་སྣའི་གསོ་སྦྱོང་ཚོགས་འདུ་སྐབས་གསུམ་པའི”མཛད་སྒོ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བསྡུས།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧ་སི་པ་ཐོ་དང་། གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་མ་ཞའོ་ཆིན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཟུར་པ་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལྕགས་ཐར་རྒྱལ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་ཁྲིན་ཡོན་ལིའང་། མཚོ་སྔོན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པའམ་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ཀྲུའུ་རེན་སྟོབས་ལྡན་བཅས་གསོ་སྦྱོང་ཚོགས་འདུར་ཕེབས་ཤིང་། རང་ཞིང་གི་གྲོང་ཁྱེར་གཉིས་དང་ཁུལ་དྲུག རང་སྐྱོང་རྫོང་སོགས་ཀྱི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་བྱེད་པ་དང་གནའ་དཔེ་ཞིབ་འཇུག་པ། ཞིབ་འཇུག་སློབ་མ་སོགས་ཁྱོན་བསྡོམས་ཚོགས་མི་བཞི་བཅུ་ལྷག་གསོ་སྦྱོང་མཛད་སྒོར་ཞུགས།

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་ཁྲིན་ཡོན་ལིང་གིས་མཛད་སྒོར་གཙོ་སྐྱོང་གནང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧ་སི་པ་ཐོ་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཟུར་བ་རྒྱ་ཡེ་བཀྲ་བྷོ་གཉིས་ཀྱིས་གཏམ་བཤད་གནང་།

ཐེངས་འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་གནའ་དཔེ་དག་སྒྲིག་དང་ཞིབ་འཇུག་མི་སྣ་གསོ་སྦྱོང་རྟེན་གཞི་གནའ་དཔེ་དག་སྒྲིག་ཀྱི་འཛིན་གྲྭ་སྒྲུབ་ཐེངས་གསུམ་པ་ཡིན་ལ། འཛིན་གྲྭ་འདིས་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་གནའ་དཔེའི་ཞིབ་འཇུག་མི་སྣའི་གཞུང་ལུགས་ཀྱི་ཆུ་ཚད་མཐོར་འདེགས་དང་། གནའ་དཔེ་ཞིབ་འཇུག་གི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པའི་སླད། བོད་ཡིག་གནའ་དཔེའི་མཁས་པ་དྲུག་གདན་དྲངས་ཏེ་འཆད་ཁྲིད་གནང་རྩིས་ཡིན། ཚོགས་འདུའི་དགོས་པ་ནི་ཞིང་ཆེན་ཕྱི་ནང་གི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་བསྒྲིགས་བྱ་བའི་གལ་ཆེན་རང་བཞིན་སྲུང་སྐྱོབ་དང་འཕེལ་རྒྱས་སུ་བཏང་སྟེ། གནའ་དཔེ་མྱུར་སྐྱོབ་དང་གནའ་དཔེ་བྱ་བའི་ལས་མིའི་ནུས་ཚད་མཐོ་རུ་བཏང་ནས། དུས་རབས་གསར་པར་གོ་སྐབས་གསར་པ་དམ་འཛིན་བྱེད་པ་དང་ལས་འགན་གསར་པ་གཏན་འཁེལ་བྱས་ནས་བྱས་རྗེས་གསར་པ་འཇོག་པར་ནུས་ཤུགས་འདོན་པ་དེའོ།།