གེ་སར་སྒྲུང་གི་འགུལ་རིས་གློག་བརྙན་ཞིག་སྟོན་གྲབས་འདུག

སྤྱི་ལོ་2021ལོའི་ཟླ་6པའི་ཚེས་19ཉིན། གེ་སར་སྒྲུང་གི་འགུལ་རིས་གློག་བརྙན་《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ》ཞེས་པའི་ལྟ་སྦྱོང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས་པ་དང་། གློག་བརྙན་དེའི་འཁྲབ་ཁྲིད་པ་དང་ཕབ་སྐྲུན་པ། དེ་བཞིན་བོད་རིག་པའི་བློ་འདྲི་བ་བཅས་ཡུལ་དངོས་སུ་ཕེབས་ཏེ། འབྲེལ་ཡོད་གསུངས་བཤད་གནང་བ་དང་། ཚོགས་ཞུགས་འཐུས་མི་བརྒྱ་ཕྲག་ལྷག་ནས་གློག་བརྙན་ལ་གཟིགས་གནང་བ་མ་ཟད་གྲོས་བསྡུས་ཀྱང་བྱས་ཡོད་པ་རེད།

འགུལ་རིས་གློག་བརྙན《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ》ཞེས་པ་ནི་ད་བར་རྒྱུན་མཐུད་དང་དངོས་སུ་སྟོན་ཆོག་པའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ་གྱི་བརྗོད་དོན་གཙོ་བོའི་འགུལ་རིས་གློག་བརྙན་ཞིག་རེད། གློག་བརྙན་དེ་ལུའུ་ཆི་ཡིས་འཁྲབ་ཁྲིད་བྱས་པ་དང་ལུའུ་ཝུའུ་ནན་དང་ཝང་ཡུན་ཧྲེང་གིས་འཁྲབ་གཞུང་བརྩམས་ཤིང་། མ་འཇོག་སྒོར་དུང་ཕྱུར་ཡན་བྱས་པ་ཞིག་ཡིན་ལ། ལོ་གསུམ་གྱི་དུས་ཚོད་སྤྱད་དེ་སྒྲིག་བཟོ་བྱས་པ་ཞིག་ཡིན་པ་རེད།

འཁྲབ་ཁྲིད་པ་ལུའུ་ཆི་ཡིས། གློག་བརྙན་འདིར་ཚོན་མདོག་དང་རོལ་དབྱངས་སོགས་ཀྱི་ཐད་ནས་ད་དུང་བཟོ་བཅོས་རྒྱག་དགོས་ཀྱི་ཡོད་ལ། བཟོ་བཅོས་བརྒྱབ་ཏེ་འགྲེམས་སྤེལ་ཀུང་སི་འོས་འཚམས་ཞིག་བདམས་རྗེས། མི་འགྱངས་བར་རྒྱལ་ཡོངས་ནས་སྟོན་འགོ་ཚུགས་རྒྱུ་ཡིན་ཞེས་གསུངས་པ་རེད།