ཝུའུ་ཞོ་ཅོན་གྱིས་འགན་ལེན་མཉམ་འབྲེལ་ལས་གཞི་གལ་ཆེན་ལ་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།སྤྱི་ཟླ6པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞོ་ཅོན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ཕྱིན་ནས་འགན་ལེན་མཉམ་འབྲེལ་ལས་གཞི་གལ་ཆེན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད་མགོ་འཛིན་བྱས་ནས་ཡུལ་དངོས་གྲོས་ཚོགས་བསྡུས་ཏེ། འབྲེལ་ཡོད་ལས་ཁུངས་དང་གྲོང་ཁྱེར་དང་རྫོང་གི་ཡར་ཞུ་ལ་ཉན་པ་དང་། མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཆའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་བར་བཀོད་སྒྲིག་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྦད་ཆོད་སྒོས་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཆགས་པར་བྱེད་པ་དང་རྦད་ཆོད་སྒོས་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་དང་ལེན་བྱ་དགོས་ལ། གཟེར་འདེབས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། གནད་དོན་སྣ་ཚོགས་ཀྱི་དག་ཐེར་བཅོས་སྐྱོང་བྱ་བ་ཞིབ་ཕྲ་སྒོས་བསྒྲུབ་པར་དགོས་པར་མ་ཟད། ཧུར་ཐག་སྒོས་མདོ་དབུས་མཐོ་སྒང་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་གསར་སྐྲུན་བྱ་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་ཝུའུ་ཞོ་ཅོན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་ལ། མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་འགན་འཁྲི་ཧ་ཅང་ལྗིད། གཅིག ཆབ་སྲིད་གོ་རྟོགས་མཐོར་འདེགས་སུ་གཏོང་བ་དང་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། གཉིས། གནད་ས་གཅིག་སྡུད་བྱེད་པ་དང་གནད་ཁེལ་ཇུས་བསྟར་བྱ་དགོས། གསུམ། བྱ་བའི་མགྱོགས་ཚད་གསལ་བོར་ཤེས་པར་བྱེད་པ་དང་རང་འགུལ་ཁོང་དུ་ཆུད་པར་བྱ་དགོས། བཞི། སྤུས་ཚད་འགན་སྲུང་བྱེད་པ་དང་ཕན་འབྲས་ཐོབ་པར་བྱ་དགོས། ལྔ། གཅིག་གྱུར་གྱི་འཆར་འགོད་ལ་ཤུགས་བསྣན་ནས་མཉམ་ཤུགས་ཆགས་པར་བྱ་དགོས་ཟེར།

ཤ་མོ་འཚོས་བསྒྱུར།