དབྱང་ཀྲི་ཝུན་གྱིས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དང་ཟི་ལིང་གྲོང་ཁྱེར་ཙོང་ཁ་རུ་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ6པའི་ཚེས16ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་ཟི་ལིང་གྲོང་ཁྱེར་ཙོང་ཁ་རུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གཏམ་བཤད་གལ་ཆེན་དང་བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་ཀྱི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་ནན་མོ་བྱ་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སློབ་གླིང་གི་བདེ་འཇགས་ལ་སྲུང་སྐྱོབ་བཟང་པོ་བྱ་དགོས། དེ་དང་མཉམ་དུ། མཐོ་རྒྱུགས་བྱ་བའི་ཚན་ཆུང་གི་རྒྱུགས་ལེན་གྲ་སྒྲིག་བྱ་བའི་ཉམས་མྱོང་དང་བྱེད་ཐབས་དཔྱད་གཞིར་བཟུང་ནས། བཀོད་སྒྲིག་ཞིབ་ཚགས་དང་གཅིག་གྱུར་མཐུན་སྦྱོར་བྱས་ཏེ་འབྲིང་རྒྱུགས་བྱ་བའི་ཚན་ཆུང་གི་རྒྱུགས་ལེན་གྲ་སྒྲིག་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ད་རག་བར་དུ། སློབ་རའི་བདེ་འཇགས་དོ་དམ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། དགེ་སློབ་རྣམས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་ཐོག་མཐའ་བར་གསུམ་དུ་གོ་གནས་གལ་ཆེན་དུ་བཞག་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཐེངས་མང་པོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། ནུས་ལྡན་བྱེད་ཐབས་སྤྱད་ནས་སློབ་གླིང་གི་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། སློབ་གླིང་སོ་སོས་བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་། ངེས་པ་དོན་གྱིས་སློབ་གླིང་གི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རིགས་སོ་སོའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཐོལ་བྱུང་དོན་རྐྱེན་གལ་ཆེན་འབྱུང་བར་སྔོན་འགོག་བྱ་དགོས་ཟེར། བྱ་བའི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། མི་སྣ་གཙོ་བོ་དང་དུས་སྐབས་གཙོ་བོ། དུས་རིམ་གཙོ་བོ། ལས་གནས་གཙོ་བོ་བཅས་ཀྱི་དོ་དམ་ལ་ཤུགས་སྣོན་པ། སློབ་གླིང་གི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པའི་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ། ཉེན་རྟོག་པ་དང་སློབ་གྲྭ་དང་། སྨན་ཁང་དང་སློབ་གྲྭ། ཁྱིམ་ཚང་དང་སློབ་གྲྭས་རོགས་རེས་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས་སྟོབས་ཤུགས་ཡོད་རྒུས་སློབ་གླིང་གི་བདེ་འཇགས་འགོག་སྲུང་དྲ་རྒྱ་བརྟན་པོར་སྲུང་དགོས། འགན་འཁྲི་དོན་འཁྱོལ་བྱེད་པར་ཤུགས་བསྣན་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། སློབ་གྲྭ་སོ་སོས་ཞིང་ཆེན་ཡོངས་ཀྱི་སློབ་གླིང་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཆེད་དོན་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་ཀྱི་བླང་བྱ་ལྟར། བྱ་བ་དོན་འཁྱོལ་དམ་འཛིན་གྱིས་རིགས་སོ་སོའི་སློབ་གླིང་གི་བདེ་འཇགས་དང་འཆམ་མཐུན་གཏན་འཇགས་ལ་འགན་སྲུང་བྱ་དགོས། འདྲ་མཉམ་དྲང་གཞག་རྒྱུན་འཁྱོངས་བྱེད་པ་དང་། ཚད་གཞི་ཆེས་མཐོན་པོ་དང་བྱེད་ཐབས་ཆེས་གཟབ་ནན་སྤྱད་དེ། རྒྱུགས་རའི་བདེ་འཇགས་ལམ་ལུགས་དོན་འཁྱོལ་ནན་མོ་བྱ་དགོས་པ་དང་། རྒྱུགས་ཤོག་ལ་ལྟ་བ་དང་སྲིད་ཇུས་འགྲེལ་ཀློག་བྱེད་པ། ཆ་འཕྲིན་འདྲི་ཞིབ་སོགས་བྱ་བ་བཟང་པོར་བསྒྲུབ་ནས་འབྲིང་རྒྱུགས་བདེ་བླག་ངང་མཇུག་བསྡུ་བར་འགན་སྲུང་བྱ་དགོས་ཟེར།

ཤ་མོ་འཚོས་བསྒྱུར།