རང་ཞིང་དུ་མི་འབོར་ཡོངས་བཤེར་ཐེངས་བདུན་པ་བརྒྱུད་རྒྱུན་སྡོད་མི་གྲངས་ཁྲི592ཡོད་པ་ཁྱབ་སྒྲོག་བྱས།

ཟླ6ཚེས15ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གཞི་གྲངས་གཙོ་བོ་ཁྱབ་སྒྲོག་བྱས་ཤིང་གཞི་གྲངས་ལྟར་ན། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ལ་ཁྱོན་སྡོམ5923957དང་། ཁྱིམ་ཚང་ལ1965893ཡོད་པ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ལ3559363དང་། ཞིང་གྲོང་གི་མི་འབོར་ལ2364594། སྐྱེས་པའི་མི་འབོར་ལ3033846། སྐྱེས་མའི་མི་འབོར་ལ2890111བཅས་ཡོད་པ་རེད།

རྒྱུན་སྡོད་མི་འབོར་འཕར་ཚད་སྔར་བཞིན་དལ་བ།

ཡོངས་བཤེར་གཞི་གྲངས་གཙོ་བོ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ལ་བསྡོམས་པའི5923957ཡོད་ཅིང་། དེ་ནི2010ལོའི་མི་འབོར5626722དང་བསྡུར་ན་མི297235ཇེ་མང་དུ་སོང་ནས5.28%འཕར་ཡོད་པ་དང་། 2010ལོ་ནས2020ལོའི་བར་དུ་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་འཕར་ཚད་སྔར་བཞིན་དལ་བའི་རྣམ་པ་མངོན་ཡོད། རྒྱུ་རྐྱེན་གཙོ་བོ་ནི་རང་བྱུང་གི་མི་འབོར་འཕར་ཚད་དམའ་ཞིང་། ཞིང་ཆེན་ཕྱིར་གནས་སྤོ་མཁན་ཇེ་མང་དུ་སོང་བས་རེད།

ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་གི་མི་འབོར། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་གི་གྲངས་འབོར་ལ1965893དང་། ཁྱིམ་ཚང་གི་མི་འབོར་ལ5493942ཡོད་ཅིང་། ཆ་སྙོམས་བྱས་ན་ཁྱིམ་ཚང་རེར་མི2.79ཡོད་པ་རེད། ཐུན་མོང་གི་ཁྱིམ་ཚང་ལ113382ཡོད་པ་དང་། མི་འབོར430015ཡོད་ལ། དེ་ནི2010ལོ་དང་བསྡུར་ན་ཁྱིམ་ཚང་གི་གྲངས་འབོར436853ཇེ་མང་དུ་སོང་ཡོད་ལ། དེ་ཡང་ཆ་སྙོམས་བྱས་ན་ཁྱིམ་ཚང་རེར་མི0.67ཇེ་ཉུང་དུ་སོང་ཡོད་པ་དང་། ཇེ་ཉུང་དུ་སོང་བའི་རྐྱེན་གཙོ་བོ་ནི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་དང་ཁྱིམ་ཚང་གི་འདུ་ཤེས་ལ་འགྱུར་བ་བྱུང་པས་རེད།

ཞིང་ཆེན་ཡོངས་ཀྱི་མི་རིགས་ཀྱི་མི་གྲངས། རྒྱ་རིགས་ཀྱི་མི་གྲངས་ལ2993534ཡོད་ཅིང་། 50.53%ཟིན། 2010ལོ་དང་བསྡུར་ན། མི10018ཇེ་མང་དུ་སོང་བ་དང་། འཕར་ཚད0.34%ཡིན་ཏེ་བརྒྱ་ཆའི་གྲངས་གནས2.49ཡིས་མར་ཆག་ཡོད་པ་རེད། མི་རིགས་གྲངས་ཉུང་ལ་མི་གྲངས2930423ཡོད་ཅིང་། 49.47%ཟིན་པ་དང་། འཕར་ཚད10.87%ཡིན་ལ། བརྒྱ་ཆའི་གྲངས་གནས2.49འཕར་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ལས་ཁྲི10ཡན་ཡོད་པའི་མི་རིགས་གྲངས་ཉུང་གི་མི་འབོར་དེ2010ལོའི་མི་རིགས(བོད་རིགས་དང་། ཧུའེ་རིགས། ཧོར་རིགས། ཟ་ལར་རིགས)བཞི་ནས2020ལོའི་མི་རིགས(བོད་རིགས་དང་། ཧུའེ་རིགས། ཧོར་རིགས། ཟ་ལར་རིགས། སོག་རིགས།)ལྔ་རུ་འཕེལ་ཡོད་པས། དེས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་དང་བརྗེ་སྤེལ། མཉམ་བསྲེས་མཉམ་སྤེལ་གྱི་རིམ་པ་གསར་པ་ཞིག་ཏུ་བསླེབས་ཡོད་པ་མཚོན།

གྲོང་ཁྱེར་དང་གྲོང་གསེབ། ས་གནས་ཀྱི་མི་འབོར་གྲུབ་ཚུལ། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད། གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་མཁན་མི་འབོར་ལ3559363ཡོད་པ་དང་། 60.08%ཟིན། ཞིང་གྲོང་གི་མི་འབོར་ལ2364594ཡོད་ཅིང39.92%ཟིན། དེ་ནི2010ལོ་དང་བསྡུར་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར1043105ཇེ་མང་དང་། ཞིང་གྲོང་གི་མི་འབོར745870ཇེ་ཉུང་དུ་སོང་ཡོད་པ་རེད། དེ་ལས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་བསྡུར་གྲངས་བརྒྱ་ཆའི་གྲངས་གནས15.36ཇེ་མང་དུ་སོང་ཡོད་པ་རེད། མཚོ་སྔོན་གྱི་ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་གྱི་བབ་དང་བསྟུན་ནས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་རྒྱུན་སྡོད་མི་འབོར3826436ལ་སླེབས་ནས64.59%ཟིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་སྤེལ་རྒྱུན་འཁྱོངས་བྱ་བའི་འཐབ་ཇུས་ལ་སྐུལ་འདེད་བྱས་པ་དང་བསྟུན་ནས། 《མཚོ་སྔོན་ཞིང་ཆེན་གྱི་བྱེད་པོའི་བྱེད་ནུས་འཆར་འགོད》དང་ཞིང་ཕྱུགས་ལས་ཀྱི་མི་འབོར་གྲོང་ཁྱེར་སྡོད་དམངས་སུ་བསྒྱུར་བའི་སྲིད་ཇུས་ཕྲ་ཞིང་ཞིབ་པ་དོན་འཁྱོལ་བྱས་པས།ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་འདུས་སྡོད་བྱས་པ་མང་ལ། མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚུལ་མངོན་གསལ་རེད།

མི་འབོར་གྱི་ཕོ་མོའི་གྲུབ་སྟངས། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་མི་འབོར་ལ3033846ཡོད་ཅིང་། 51.21%ཟིན། སྐྱེས་མའི་མི་འབོར་ལ2890111ཡོད་པ་དང48.79%ཟིན། མི་འབོར་སྤྱིའི་ཕོ་མོའི་བསྡུར་ཚད(སྐྱེས་མ100ཡི་དབང་དུ་བྱས་ནས་སྐྱེས་པས་སྐྱེས་མའི་མི་གྲངས་ཀྱི་ག་ཚོད་ཟིན་ཚད་བསྡུར་ན)104.97ཡིན་ལ། དེ2010ལོ་དང་བསྡུར་ན2.43མར་ཆག་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་ཕོ་མོའི་གྲུབ་ཚུལ་མུ་མཐུད་ནས་ལེགས་བཅོས་བྱས་ཡོད།

མི་འབོར་གྱི་ལོ་ཚོད་གྲུབ་ཚུལ། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་དུ་ལོ0ནས14བར་གྱི་མི་འབོར་ལ1232956ཡོད་ཅིང་། 20.81%ཟིན། ལོ15ནས59བར་གྱི་མི་འབོར་ལ3971599ཡོད་ཅིང་། 67.04%ཟིན། ལོ60ནས་དེ་ཡན་གྱི་མི་འབོར་ལ719402ཡོད་པ་དང་། 12.15%ཟིན(དེའི་ནང་ལོ65ནས་དེ་ཡན་གྱི་མི་འབོར་ལ514093ཡོད་ཅིང8.68%ཟིན)། དེ2010ལོའི་ལོ0ནས14བར་གྱི་མི་འབོར་དང་བསྡུར་ན་བརྒྱ་ཆའི་གྲངས་གནས0.11ཇེ་ཉུང་དུ་སོང་ཡོད་པ་དང་། ལོ15ནས59བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་གནས2.59མར་ཆག ལོ60ནས་དེ་ཡན་གྱི་མི་འབོར་བསྡུར་ཚད་བརྒྱ་ཆའི་གྲངས་གནས2.70འཕར་ཡོད་པ་རེད། རང་རེའི་ཞིང་ཆེན་གྱི་བུ་བཙའི་སྲིད་ཇུས་སྙོམས་སྒྲིག་མ་བྱས་སྔོན་ལ“123”བྱིས་པའི་སྲིད་ཇུས་ལག་བསྟར་བྱེད་པའི་རྐྱེན་གྱིས་སྙོམས་སྒྲིག་བྱས་པའི་རྗེས་སུའང་། ཞིང་ཆེན་ཡོངས་ཀྱི་མི་འབོར་གྱི་བུ་བཙའི་ཆུ་ཚད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པར་བྱིས་པའི་མི་འབོར་གྱི་བསྡུར་ཚད་མར་ཆག་ཡོད་པ་རེད། དེ་དང་ཆབས་ཅིག མི་འབོར་བགྲེས་འགྱུར་གྱི་ཚད་ཧ་ཅང་ཆེ་བས་དེ་ལ་ཁ་གཏད་འཇལ་བར་གོ་སྐབས་དང་འགྲན་རྩོད་གཉིས་ཀ་མཆིས།

མི་འབོར་གྱི་སློབ་གསོ་མྱོང་ཚད། ཞིང་ཆེན་ཡོངས་སུ་སློབ་ཆེན་གྱི་རིག་གནས་ཡོན་ཚད་ལྡན་པའི་མི་འབོར་ལ881494དང་། མཐོ་འབྲིང(འབྲིང་རིམ་ཆེད་སྦྱོང་འདུས་པ)གི་རིག་གནས་ཡོན་ཚད་ལྡན་པའི་མི་འབོར་ལ626038། འབྲིང་རིམ་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ལ1442149། སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ལ1938626བཅས་ཡོད་ཅིང་། དེ2010ལོ་དང་བསྡུར་ན། མི་ཁྲི་རེའི་ཁྲོད་དུ་སློབ་ཆེན་གྱི་རིག་གནས་ཡོན་ཚད་ལྡན་པའི་མི862ནས1488ལ་འཕར་བ་དང་། ལོ་ན15ནས་དེ་ཡན་གྱི་རྒྱུན་སྡོད་མི་འབོར་གྱི་ཆ་སྙོམས་ཀྱི་སློབ་གསོ་མྱོང་བའི་ལོ་ཚད་ལོ་གཅིག་ཇེ་མང་དུ་བཏང་ནས་ཡིག་རྨོངས་པ་བརྒྱ་ཆའི་གྲངས་གནས2.29ཇེ་ཉུང་དུ་ཕྱིན་ཡོད། སློབ་གསོ་མྱོང་ཐུབ་པའི་ཆ་རྐྱེན་བཟང་པོ་འདིས་ལོ་བཅུའི་རིང་ལ་ཞིང་ཆེན་ཡོངས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་བཏང་བ་མཚོན་ཐུབ་པར་མ་ཟད། ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ་སོགས་རིམ་པ་དང་རིགས་སྣ་མི་འདྲ་བའི་སློབ་གསོ་དར་སྤེལ་ཆེན་པོ་བཏང་བར་ཡང་ཕན་འབྲས་མངོན་གསལ་ཐོབ་ནས། སློབ་གསོ་མྱོང་ཐུབ་པའི་མི་འབོར་གྱི་རིམ་པ་མཐོ་ཤོས་སུ་འཕེལ་ཞིང་། མི་འབོར་གྱི་བྱང་ཚད་གཏན་འཇགས་ངང་ཇེ་མཐོར་སོང་ཡོད་པ་རེད།

མི་འབོར་གྱི་འགྲོ་འོང་། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད། མི་ཁྱིམ་ཁ་ཁར་སྡོད་པའི་མི་འབོར་ལ2070660ཡོད་ཅིང་། དེའི་ནང་དུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་མི་ཁྱིམ་ཁ་ཁར་སྡོད་པའི་མི་འབོར་ལ464625དང་། འགྲོ་འོང་མི་འབོར་ལ1606035ཡོད་པ་རེད། དེ2010ལོ་དང་བསྡུར་ན། མི་ཁྱིམ་ཁ་ཁར་སྡོད་པའི་མི་འབོར929706ཇེ་མང་དུ་སོང་ནས81.48%འཕར་ཡོད་པ་རེད། གྲོང་ཁྱེར་ཁོངས་གཏོགས་ཀྱི་མི་ཁྱིམ་ཁ་ཁར་སྡོད་པའི་མི་འབོར་ལ316614ཡོད་ཅིང་། 213.91%འཕར་ཡོད་པ་དང་། འགྲོ་འོང་མི་འབོར613092ཇེ་མང་དུ་སོང་ནས61.74%འཕར། འདི་ལས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་བསྟུན་ནས་མི་འབོར་གྱི་འགྲོ་འོང་ཉིན་རེར་ཇེ་མང་ཡིན་ཞིང་གཞི་ཁྱོན་མུ་མཐུད་ནས་ཇེ་ཆེར་འགྲོ་བཞིན་པ་གསལ་བོར་ཤེས་ཐུབ།

རྒྱུན་སྡོད་མི་འབོར་འཕེལ་སྟངས་ལ་ཁྱད་ཆོས་ཆེན་པོ་ལྔ་མངོན།

ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་སྔར་བཞིན་ག་ལེར་འཕེལ་གྱིན་ཡོད། 2020ལོར་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར5923957ལ་བསླེབས་ཤིང་། དེ་ནས་ད་ལྟའི་བར་གྱི་ལོ་བཅུ་ཡི་ནང་རྒྱུན་སྡོད་མི་འབོར་གྱི་ཆ་སྙོམས་འཕར་ཚད་དེ་ཡར་སྔོན་གྱི་ལོ་བཅུ་ཡི་བརྒྱ་ཆའི་གྲངས་གནས0.31དང་བསྡུར་ན(0.52%)ཇེ་ཉུང་དུ་སོང་ཡོད་པ་རེད།

ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་བྱང་ཚད་གཏན་འཇགས་ངང་ཇེ་མཐོར་སོང་ཡོད། 2020ལོར་ཞིང་ཆེན་ཡོངས་ཀྱི་ཡིག་རྨོངས་བའི་མི་འབོར་ལ470197ཡོད་ཅིང་། དེ2010ལོ་དང་བསྡུར་ན་མི105576ཇེ་ཉུང་དུ་སོང་ནས་མར་ཆག་ཚད་བརྒྱ་ཆའི་གྲངས་གནས2.29ཡིན་པ་རེད། 2010ལོ་དང་བསྡུར་ན། ལོ15དང་དེ་ཡན་གྱི་མི་འབོར་ལ་སློབ་གསོ་མྱོང་བའི་ཚད་གཞི་ལོ་གཅིག་གི་ཇེ་མཐོར་སོང་ཡོད། འདིས་རང་རེའི་ཞིང་ཆེན་གྱིས་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དང་། ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ་སོགས་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་སློབ་གསོ་དར་སྤེལ་ལ་ཤུགས་ཆེན་པོ་བརྒྱབ་པར་ཐོབ་པའི་ཕན་འབྲས་ཡིན་པ་ཤེས་ཐུབ།

ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་ཕོ་མོའི་གྲུབ་ཚུལ་མུ་མཐུད་ནས་ལེགས་བསྒྱུར་བྱས་པ། 2020ལོར་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་ཕོ་མོའི་བསྡུར་ཚད་ནི104.97ཡིན་ཞིང་། དེ2010ལོ་དང་བསྡུར་ན2.43མར་ཆག་པ་དང་། མི་འབོར་གྱི་ཕོ་མོའི་བསྡུར་ཚད་གཏན་འཇགས་ངང་མར་ཆག་ནས་ཕོ་མོའི་གྲུབ་ཚུལ་མུ་མཐུད་དུ་ལེགས་བསྒྱུར་བྱས།

ཞིང་ཆེན་ཡོངས་ཀྱི་མི་འབོར་འགྲོ་འོང་དང་འདུས་སྡོད་ཀྱི་ཚད་ཆེར་སོང་བ། 2020ལོར་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་ཀྱི34.95%ཡི“སྡོད་གནས”དང“ཐེམ་ཐོ་ཡོད་ས”གཉིས་ཁ་ཁ་ཡིན་པ་དང་། ཚུལ་དེ2010ལོ་དང་བསྡུར་ན་ཞིང་ཆེན་ཡོངས་ཀྱི་མི་འབོར་འགྲོ་འོང་གི་ཚད61.74%འཕར་བ་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་མི་ཁྱིམ་ཁ་ཁ་ཅན་གྱི་མི་འབོར་ལྡབ་གཅིག་ལྷག་གིས་ཇེ་མང་དུ་སོང་ཡོད་པ་རེད། མི་འབོར་བཞུར་ཕྱོགས་ལ་བལྟས་ན་ཞིང་ཆེན་ནང་ཁུལ་གྱི་མི་འབོར་ལས་མང་ཤོས་ཟི་ལིང་སོགས་གྲོང་ཁྱེར་དང་གྲོང་རྡལ་དུ་འདུས་སྡོད་བྱེད་མཁན་རེད།

ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བསྒྱུར་ཚད་གཏན་འཇགས་ངང་ཇེ་མཐོར་འགྲོ་བཞིན་ཡོད་པ། 2020ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་པའི་མི་འབོར་ལ3559363ཡོད་པ་དང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་བརྡལ་ཅན་དུ་འགྱུར་ཚད60.08%ཡིན་པ་རེད། དེ་ནི2010ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་དང་བསྡུར་ན41.45%འཕར་ཡོད་ཅིང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གྲངས་གནས15.36ཇེ་མཐོར་སོང་ཡོད། དེས་རང་ཞིང་གི་གསར་དར་གྲོང་ཁྱེར་དང་གྲོང་རྡལ་ཅན་འགྱུར་གྱི་འཐབ་ཇུས་ལ་ཕན་འབྲས་ཐོབ་པ་མཚོན་ཐུབ།

ཉེ་བའི་ལོ་འདི་དག་གི་རིང་། རང་རེའི་ཞིང་ཆེན་གྱིས་ཐེམ་ཐོའི་ལམ་ལུགས་བཅོས་སྒྱུར་ལ་མགྱོགས་པོར་སྐུལ་འདེད་བཏང་སྟེ། “མི་འབོར་། སྡོད་གནས། ལག་འབབ”གསུམ་འབྲེལ་བའི་ལམ་ལུགས་འཐུས་ཚང་བཙུགས་ནས་རྒྱུན་སྡོད་མི་འབོར་ཡོངས་ལ་གཞི་རྩའི་སྤྱི་གཞུང་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ཐོན་ལས་གསུམ་པ་མུ་མཐུད་ནས་གོང་དུ་སྤེལ་ཏེ། གྲོང་ཁྱེར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་གང་མགྱོགས་ཅི་མགྱོགས་ཀྱིས་འཛུགས་སྐྲུན་བྱས་ནས་གྲོང་ཁྱེར་དང་ཞིང་གྲོང་བར་གྱི་མི་འབོར་འགྲོ་འོང་ལུགས་མཐུན་ཡོང་བར་སྐུལ་འདེད་བཏང་། ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་སྡེ་ཚོགས་གོང་སྤེལ་ལ་ཤུགས་བསྣན་ཏེ། ལུང་མདོ་རྫོང་དང་། དམར་གཙང་རྫོང་། ཙོང་ཁ་རྫོང་བཅས་ཆུས་སུ་བསྒྱུར་བ་དང་། ཡུལ་ཤུལ་རྫོང་། ཐུན་རེན་རྫོང་བཅས་གྲོང་ཁྱེར་དུ་བསྒྱུར། ལེང་ཧུའུ་དང་མང་ངེ་གཉིས་གཅིག་ཏུ་བསྡུས་ཏེ་གྲོང་ཁྱེར་དུ་བསྒྱུར་བ་དང་ཆབས་ཅིག གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་དང་བྱེད་ནུས་ཆ་ཚང་དུ་བཟོས་ནས་མི་འབོར་ཐེག་ཚད་ལ་ཤུགས་བསྣན། ཡུལ་གཞན་གནས་སྤོའི་དབུལ་སྐྱོར་དང་གསར་དར་གྲོང་རྡལ་ཅན་འགྱུར་འཛུགས་སྐྲུན་གཉིས་ཟུང་དུ་སྦྲེལ་ནས་ཞིང་འབྲོག་ལས་ཀྱི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་སྐུལ་དེ་ལས་ཀར་ཞུགས་ནས་ཞིང་འཚོ་བ་རོལ་བའི་རྒྱུ་རྐྱེན་གསུམ་ལ་སྐུལ་འདེད་བཏང་སྟེ། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་གཏན་འཇགས་ངང་ཇེ་མཐོར་བཏང་།

གྲོང་ཁྱེར(ཁུལ)གསུམ་བགྲེས་འགྱུར་སྤྱི་ཚོགས་སུ་ཕྱོགས་པ།

རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་མཇུག་འབྲས་ལས་མངོན་པ་ལྟར་ན།རང་ཞིང་གི་གྲོང་ཁྱེར་དང་ཁུལ་སོ་སོའི་རྒྱུན་སྡོད་མི་འབོར་གྱི་ཁྲོད་དུ། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཁུལ་གྱི་ལོ་ན60དང་ཡང་ན་ལོ65དང་དེ་ཡན་གྱི་མི་འབོར་གྱི་ཆ་སྙོམས་བགྲེས་འགྱུར་གྱི་ཚད་བགྲེས་འགྱུར་སྤྱི་ཚོགས་ཀྱི10%འམ་ཡང་ན7%གྱི་ཚད་གཞི་ལས་བརྒལ་ཡོད་པས། བགྲེས་འགྱུར་སྤྱི་ཚོགས་ཀྱི་ཁོངས་སུ་གཏོགས་ལ།  ས་གནས་གཞན་པ་རྣམས་བགྲེས་འགྱུར་སྤྱི་ཚོགས་ཀྱི་ཚད་གཞིར་ད་དུང་བསླེབ་མེད་དོ། །

རྒྱལ་ཡོངས་ཀྱི་ཆ་སྙོམས་བགྲེས་འགྱུར་ཚད་་གཞི་དང་བསྡུར་ན། རང་རེའི་ཞིང་ཆེན་གྱི་ལོ60དང་དེ་ཡན་གྱི་མི་འབོར་གྱི་ཟིན་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད(18.70%)ལས་བརྒྱ་ཆའི་གྲངས་གནས6.55ཡིས་ཉུང་བ་དང་། དེའི་ནང་ལོ65དང་དེ་ཡན་གྱི་མི་འབོར་བསྡུར་ཚད་བརྒྱ་ཆའི་གྲངས་གནས4.82ཡིས་དམའ་བ་རེད།

རང་རེའི་ཞིང་ཆེན་གྱི་མི་འབོར་བགྲེས་འགྱུར་དུ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་ནའང་། བགྲེས་འགྱུར་སྤྱི་ཚོགས་སུ་འགྱུར་བའི་གནད་དོན་མང་པོ་ཞིག་དང་འཕྲད་ནས་ཡོད། འབྲེལ་ཡོད་ཕྱོགས་སོ་སོས་འབད་བརྩོན་འོག རང་རེའི་ཞིང་ཆེན་གྱིས་རྒན་པོའི་མི་ཤུགས་ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱས་ཏེ། “སྐྲ་དཀར་དཔལ་འབྱོར”གོང་དུ་སྤེལ་ནས་རྒན་གསོ་བྱ་གཞག་དང་རྒན་གསོ་ཐོན་ལས་མཉམ་སྤེལ་ལ་སྐུལ་འདེད་བཏང་། གཞི་རྩའི་རྒན་གསོའི་ཞབས་ཞུ་ལ་སྐུལ་འདེད་ཧུར་ཐག་བྱས་ཏེ་ཁྱིམ་དང་སྡོད་ཁུལ། ལས་ཁུངས་གསུམ་ཕན་ཚུན་མཉམ་འབྲེལ་ཐོག་སྨན་གསོ་ཁམས་གསོ་ཟུང་འབྲེལ་གྱི་རྒན་གསོ་ཞབས་ཞུ་མ་ལག་བཙུགས་ནས་རྒན་གསོ་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་བ་ཞིག་བཟོས་ལ། གནད་དོན་ཡོད་པ་རྣམས་ཐག་གཅོད་ལེགས་པོ་བྱས་ནས་ཕན་འབྲས་བཟང་པོ་བླངས། སླད་ཕྱིན་མུ་མཐུད་ནས་ཤུགས་ཆེན་པོ་བརྒྱབ་ཏེ་བྱས་རྗེས་བཟང་པོ་འཇོག་དགོས།

མི་འབོར་གྱི་ཕན་ཁེ་སྔར་བཞིན་ཡོད་ལ། འཇོན་མིའི་ཕན་ཁེ་རིམ་བཞིན་མངོན།

རང་རེའི་ཞིང་ཆེན་གྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་གྱི་གནས་ཚུལ། རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་མཇུག་འབྲས་ལྟར་ན། 2020ལོར་རང་རེའི་ཞིང་ཆེན་གྱི་ལོ16ནས59བར་གྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་ལ3897879ཡོད་ཅིང་། དེ་ནི2010ལོ་དང་བསྡུར་ན2.03%འཕར་ཡོད་པ་རེད། རྒྱལ་ཡོངས་མི་འབོར་གྱི་བུ་བཙའ་འཕར་ཚད་སྔར་བཞིན་དལ་བ་དང་། ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་ཇེ་ཉུང་དུ་འགྲོ་བའི་གནས་སྟངས་འོག རང་ཞིང་གི་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ལ་སྔར་བཞིན་དུ་མི་མངོན་པའི་སྟོབས་ཤུགས་ངེས་ཅན་ལྡན་པ་རེད།

དེ་ཡང་གཙོ་བོ་ཕྱོགས་འགའི་ཐད་ནས་མངོན་ཡོད་དེ། གཅིག ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་སྤྱིའི་གཞི་ཁྱོན་སྔར་བཞིན་ཅུང་ཆེ་ལ། མི་འབོར་གྱི་ཕན་ཁེ་སྔར་བཞིན་ལྡན། 2020ལོར་ལོ16ནས5 9བར་གྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི65.80%ཟིན་པ་དང་། མི་འབོར་གྱི་ཕན་ཁེ་སྔར་བཞིན་ལྡན་པས་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་འཕེལ་རྒྱས་ལ་མི་ཤུགས་ཐོན་ཁུངས་ཀྱི་རམ་འདེགས་ཐོབ་ཡོད། གཉིས། ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་གྱི་རིག་གནས་བྱང་ཚད་མཐོ་ལ། འཇོན་མིའི་ཕན་ཁེ་རིམ་བཞིན་མངོན་གསལ་ཡིན། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དང་། མཐོ་འབྲིང་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་སོགས་རིམ་པ་སོ་སོ་དང་རིགས་མི་འདྲ་བའི་སློབ་གསོ་ཁྱབ་གདལ་བཏང་བས། 2020ལོར་ཞིང་ཆེན་ཡོངས་ཀྱི་ལོ16ནས59བར་གྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་གྱི་ཆ་སྙོམས་སློབ་གསོ་མྱངས་པའི་ལོ་ཚད་ལོ9.43ལ་བསླེབས་ཤིང་། དེ་ནི2010ལོ་ཡི་ལོ་ཚད8.26དང་བསྡུར་ལོ1.17ཡིས་ཇེ་མང་དུ་སོང་ཡོད།

ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས་མི་འབོར་ཡོངས་བཤེར་བྱ་བར་གྲུབ་འབྲས་སྣ་ཚོགས་མངོན་པ།

རང་རེའི་ཞིང་ཆེན་གྱི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ལས་ཀ་སྒྲིག་འཛུགས་ལག་བསྟར་གྱི་བརྒྱུད་རིམ་ཁྲོད། རང་རེའི་ཞིང་ཆེན་གྱིས་ལས་ཀ་སྒྲུབ་སྟངས་གསར་གཏོད་བྱས་ཏེ། “སྔོན་ཆད”ཀྱི་ཡོངས་བཤེར་པ་དང“ད་ལྟའི”ཡོངས་བཤེར་མཁན་ཕན་ཚུན་བསྡེབས་ཏེ། “རྒན་གཞོན་ཟུང་འབྲེལ”གྱི་ལམ་ནས“གསར་རྙིང་གཉིས”ལས་འདེམས་གསེས་གདན་ཞུའི་དཀའ་གནད་སེལ་བ་དང་། “གནས་དང་གནས”གྱི་ཡོངས་བཤེར་བྱེད་ཐབས་ལ་བརྟེན་ནས། སློབ་སྟོན་པ་རེ་ཡིས་ཡོངས་བཤེར་སྡོད་ཁུལ3ནས5འགན་དུ་བླངས་པ་དང་། གནས་དང་གནས་ངོ་དང་ངོ་སྤྲད་དེ་ཡོངས་བཤེར་བྱ་ཡུལ་སྡོད་ཁུལ་གྱི་ཡོངས་བཤེར་ལས་ཀར་སློབ་སྟོན་བྱས། དེ་དང་ཆབས་ཅིག དྲིལ་སྒྲོག་ལ་ཤུགས་སྣོན་དང་བསམ་བློས་སྣེ་འཁྲིད་ཀྱི་ཕྱོགས་གཉིས་དམ་འཛིན་བྱས་ཏེ། དྲིལ་སྒྲོག་གི་ཁེབས་རྒྱ་དང་ཤུགས་རྐྱེན་ཇེ་ཆེར་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་གིས་ཡོངས་བཤེར་ལས་ཀར་ཤེས་རྟོགས་དང་ཁས་ལེན། རྒྱབ་སྐྱོར་ཐོབ་པར་འཁྲིད་སྟོན་བྱས།

རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པ་སྤེལ་ནས་བཟུང་། རང་རེའི་ཞིང་ཆེན་གྱི་མི་འབོར་ཡོངས་བཤེར་གྱི་ལས་ཀ་འབྲིང་གྲས21དང་ཆུང་གྲས86ཏུ་བགོས་ཏེ། ནང་དོན་ཞིབ་ཕྲ་དང་ལས་བགོས་གསལ་པོར་བཟོས་པ་མ་ཟད། དུས་ཚོད་དང་རྒྱུ་སྤུས་ཀྱི་ཚད་གཞི་ཚད་ལྡན་དུ་བཏང་། དེ་དང་འབྲེལ་ནས་ས་ཁོངས་ཀྱི་ས་ཁྲ་ཡང་དག་བྲིས་ཏེ་ས་ཁོངས་ཀྱི་དབྱེ་མཚམས་དང་རིས་འབྲི་ལས་ཀ་ཞིབ་མོས་བསྒྲུབས། སྔ་གཞུག་ཏུ་སྡོད་ཁུལ་ཁྲི2.72ལ་ཡོངས་བཤེས་བྱས་པ་དང་། ཐོག་ཁང་ཁྲི102.01། སྡོད་ཁང་ཁྲི235.58ཡི་དབྱེ་མཚམས་རིས་འབྲི་བྱ་བ་སོགས་ལེགས་པར་གྲུབ།

དེ་དང་ཆབས་ཅིག རིགས་མི་འདྲ་བའི་ཡོངས་བཤེར་ལས་ཀ་ཚད་ལྡན་དུ་བཟོས་ཤིང་། ལས་ཀ་ཚོད་ལྟ་བྱེད་པའི་ཁྲོད་རིགས་བཅུ་ལེགས་སྒྲིག་བྱས་པ་དང་། རྒྱུན་མཐོང་གི་གནད་དོན42བྱུང་། ཡུལ་དུས་ངེས་མེད་ནས་བྱ་བར་རྩད་འདྲི་དང་འཚོལ་ཞིབ་ཐད་ལམ་སྟོན་ཐུབ་ཆེད་ཡོངས་བཤེར་པ་རྣམས་ལ་ལས་ཀའི་ལག་དེབ་སྒྲིག་རྩོམ་བྱས་ནས། ཐོ་འགོད་ལ་ནོར་འཁྲུལ་དང་འཐོས་ཤོར་འབྱུང་བར་སྔོན་འགོག་བྱས་ནས་མི་འབོར་ཡོངས་བཤེར་གྱི་གཞི་གྲངས་ཡང་དག་འཁྱོངས་བར་འགན་ལེན་བྱས།

ཁོན་ཐར་འཚོས་བསྒྱུར།