སློབ་གསོ་པུའུ་ཡིས“གྲོན་དངུལ་མཐོ་བའི་སློབ་ཆེན་གྱི་རེ་འདུན་རེའུ་མིག་སྐོང་བར་མཛུབ་སྟོན་བྱེད་པའི”མགོ་གཡོག་མགོ་སྐོར་ཐད་ལ་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་བ།

རང་རེའི་དྲ་བའི་འཕྲིན།ཉེ་སྔོན། སྤྱི་ཚོགས་སྟེང་གི་ལས་ཁུངས་སམ་མི་སྒེར་གྱིས་དྲ་རྒྱ་དང་ཁ་པར། ངོ་འཕྲད་བློ་འདྲི་སོགས་ཀྱི་ལག་ཐབས་སྤྱད་ནས། སློབ་མ་དང་ཁྱིམ་བདག་ལ་སློབ་ཆེན་གྱི་རེ་འདུན་རེའི་མིག་བསྐང་ཐབས་སྐོར་ལ་མཛུབ་སྟོན་བྱེད་པའི་སྤྱོད་ངན་སྤེལ་ཏེ་ཞབས་ཞུའི་གྲོན་དངུལ་ཀྱང་མཐོན་པོ་བསྡུ་བཞིན་ཡོད་ལ། དེ་ལ་སྲིད་ཇུས་ཡང་དག་མིན་པ་དང་ཆ་འཕྲིན་དོན་དངོས་མིན་པ། ལམ་ལོག་སྟོན་པ་དང་ཐ་ན་མགོ་སྐོར་གྱི་གནད་དོན་འབྱུང་བཞིན་འདུག ཟླ6པའི་ཚེས16ཉིན་སློབ་གསོ་པུའུ་ཡིས“གྲོན་དངུལ་མཐོ་བའི་སློབ་ཆེན་གྱི་རེ་འདུན་རེའུ་མིག་སྐོང་བར་མཛུབ་སྟོན་བྱེད་པའི”མགོ་གཡོག་མགོ་སྐོར་ཐད་ལ་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་བ་རེད།

“2021ལོའི་མཐོ་རྒྱུགས་ཀྱི་སྲུང་སྐྱེལ་ལས་འགུལ”ཞེས་པའི་བཀོད་སྒྲིག་ལྟར། སློབ་གསོ་པུའུ་ཡིས་འབྲེལ་ཡོད་དྲ་རྒྱའི་སྟེགས་བུ་དང་མཉམ་འབྲེལ་ཐོག“སློབ་ཆེན་སློབ་མ་བསྡུ་བའི་ལས་ཁུངས་ཀྱི་གཞུང་ཕྱོགས་དྲ་བའི་མཚོན་རྟགས་བདག་དབང་གསལ་པོར་བཟོ་བ”ཞེས་པའི་ཆེད་དོན་ལས་འགུལ་སྤེལ་ཏེ། ཞིང་ཆེན་རིམ་པའི་སློབ་མ་བསྡུ་བའི་རྒྱུགས་ལེན་ལས་ཁུངས་དང་ཁོངས་གཏོགས་མཐོ་རིམ་སློབ་གྲྭ་སོ་སོས་ཐོ་འགོད་བྱས་ཡོད་པའི་གཞུང་ཕྱོགས་དྲ་ཚིགས་དང་པོད་འཕྲིན། སྐད་འཕྲིན་སྤྱི་སྟེགས་སོགས་སོགས་ཀྱིས་དྲ་རྒྱའི་སྟེང་མཚོན་རྟགས་བདག་དབང་ལ་གཅིག་གྱུར་སྒོས་གསལ་པོར་བཟོས་ཏེ། རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་བདག་དབང་ཡོད་པའི་སློབ་མ་བསྡུ་བའི་སྲིས་ཇུས་དང་དང་ཞབས་ཞུའི་ཆ་འཕྲིན་ལ་རྒྱུས་ལོན་ཐུབ་པ་བྱ་རྒྱུ་རེད།

སློབ་གསོ་པུའུ་ཡིས་རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་རྣམས་ལ་གསལ་འདེབས་བྱ་རྒྱུ། ད་ཆར་སློབ་མ་བསྡུ་བའི་ལས་ཁུངས་དང་མཐོ་རིམ་སློབ་གྲྭའམ་སྤྱི་ཚོགས་སྟེང་གི་ལས་ཁུངས། ཡང་ན་མི་སྒེར་གང་རུང་ནས་སློབ་ཆེན་གྱི་རེ་འདུན་རེའུ་མིག་བསྐང་བར་མཛུབ་སྟོན་བྱེད་པའི་སྐོར་ལ་མཉམ་འབྲེལ་གཅིག་ཀྱང་བྱས་མེད་པས། “གྲོན་དངུལ་མཐོ་བའི”སློབ་ཆེན་གྱི་རེ་འདུན་རེའུ་མིག་བསྐང་བར་མཛུབ་སྟོན་བྱེད་པའི་ཞབས་ཞུ་ཞེས་པར་ཡིད་རྟོན་བྱ་མི་རུང་། ས་ཁུལ་སོ་སོའི་སློབ་གསོ་སྡེ་ཁག་དང་རྒྱུགས་ལེན་ལས་ཁུངས། ཡང་ན་མཐོ་རིམ་སློབ་གྲྭས་མི་འགྱངས་པར“སློབ་ཆེན་གྱི་རེ་འདུན་རེའི་མིག་བསྐང་བར་མཛུབ་སྟོན་བྱེད་པའི་ཞབས་ཞུར་ཤུགས་སྣོན་བྱེད”ཅེས་པའི་ཆེད་དོན་ལས་འགུལ་སྤེལ་ཏེ། རྒྱ་ཆེའི་སློབ་མ་རྣམས་ལ་རྣམ་པ་མང་པའི་མཛུབ་སྟོན་ཞབས་ཞུ་གདོན་རྒྱུ་རེད།

གཅིག ཞིང་ཆེན་རིམ་པའི་སློབ་བསྡུའི་རྒྱུགས་ལེན་ལས་ཁུངས་དང་མཐོ་རིམ་སློབ་གྲྭ་སོ་སོས་རྒྱུགས་སྤྲོད་སློབ་མར་ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་སློབ་བསྡུའི་གནས་ཚུལ་གྱི་དཔྱད་གཞི་མཁོ་འདོན་བྱས་ནས། རྒྱུགས་སྤྲོད་སློབ་མའི་སློབ་ཆེན་གྱི་རེ་འདུན་རེའུ་མིག་སྐོང་དུས་ཟུར་བལྟ་བྱེད་པའི་འདོན་སྤྲོད་བྱ་དགོས།

གཉིས། ས་གནས་སོ་སོའི་སློབ་གསོ་སྡེ་ཁག་གིས་གཞི་རིམ་གྱི་སློབ་བསྡུའི་རྒྱུགས་ལེན་ལས་ཁུངས་དང་སློབ་འབྲིང་གི་དགེ་རྒན་ལ་གསོ་སྦྱོང་བྱས་ཏེ། རྒྱུགས་སྤྲོད་སློབ་མའི་དོན་དངོས་དང་ཟུང་འབྲེལ་སྒོས་སློབ་ཆེན་གྱི་རེ་འདུན་རེའུ་མིག་བསྐང་བར་རིན་མེད་ཀྱི་མཛུབ་སྟོན་ཞབས་ཞུ་བྱ་དགོས།

གསུམ། མཐོ་རིམ་སློབ་གྲྭ་སོ་སོས་ཀྱང་སློབ་གྲྭ་འདིར་ཐོ་འགོད་བྱ་རྩིས་ཡོད་པའི་རྒྱུགས་སྤྲོད་སློབ་མར་རེ་འདུན་རེའུ་མིག་བསྐང་བར་མཛུབ་ཁྲིད་དང་གྲོས་གཞི་གདོན་དགོས།

ཟླ6པའི་ཚེས22ནས28ཉིན་བར། སློབ་གསོ་པུའུ་ཡིས“2021ལོའི་མཐོ་རྒྱུགས་ཀྱི་དྲ་ཐོག་བློ་འདྲིའི་གཟའ་འཁོར”གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། སློབ་བསྡུའི་མཐོ་རིམ་སློབ་གྲྭ་སོ་སོས་ཡི་གེའི་ལམ་ནས་དྲི་བར་ལན་འདེབས་དང་བརྙན་ལམ་ཐད་གཏོང་གི་བྱེད་ཐབས་ཀྱིས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་རིན་མི་དགོས་པའི་རེ་འདུན་རེའུ་མིག་བསྐང་ཐབས་ལ་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། རྒྱུགས་སྤྲོད་སློབ་མས་ཞིང་ཆེན་རིམ་པའི་སློབ་བསྡུའི་རྒྱུགས་ལེན་ལས་ཁུངས་དང་མཐོ་རིམ་སློབ་གྲྭས་མཁོ་འདོན་བྱས་པའི་ཆ་འཕྲིན་ལྟར། རང་ཉིད་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་སྒོས་ལུགས་མཐུན་ངང་རེ་འདུན་རེའུ་མིག་བསྐང་དགོས་སོ། །

ལོ་ཙཱ་བ། ལྷ་ཆེན་རྒྱལ།