མཚོ་སྔོན་མཚོ་ནུབ་ཏུ་ས་ཡོམ་རིམ་པ་5.8བརྒྱབ་འདུག


ཀྲུང་གོའི་ས་ཡོམ་སྟེགས་བུའི་དྲ་བའི་ཐོག་ཞིབ་དཔྱད་ཚད་ལེན་བྱས་པ་ལྟར་ན། སྤྱི་ཟླ་6ཚེས་16ཉིན་གྱི་ཆུ་ཚོད་16དང་སྐར་མ་48ཐོག་མཚོ་སྔོན་མཚོ་ནུབ་ཁུལ་མང་ཡ་གྲོང་ཁྱེར(བྱང་གི་འཕྲེད་ཐིག་ཏུའུ་38.14དང་ཤར་གྱི་གཞུང་ཐིག་ཏུའུ་93.81)དུ་ས་ཡོམ་རིམ་པ་5.8བརྒྱབ་ཡོད་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་རྨིད་10ཟིན་གྱི་ཡོད་པ་རེད།


ཐེངས་འདིའི་ས་ཡོམ་བྱུང་ཡུལ་གྱི་སྤྱི་ལེ་20ས་ཁོངས་ནང་ཚུན་དུ་གྲོང་ཚོ་མེད་པ་དང་། སྤྱི་ལེ་50ས་ཁོངས་ནང་ཚུན་དུ་ཤང་དང་གྲོང་རྡལ་མེད་ལ། སྤྱི་ལེ་100ས་ཁོངས་ནང་ཚུན་དུ་ཡོད་པའི་གྲོང་རྡལ་ནི་ལེང་ཧུའུ་གྲོང་རྡལ་ཡིན།

ས་ཡོམ་གྱི་ལྟེ་བ་དང་མང་ཡ་གྲོང་ཁྱེར་བར་སྤྱི་ལེ་254ཙམ་ཡོད་པ་དང་། ལེང་ཧུའུ་གྲོང་རྡལ་དང་བར་ཐག་སྤྱི་ལེ་77ཙམ་ཡོད་པ། ཏ་ཁྲའེ་ཏན་ཞིང་ཨུད་དང་བར་ཐག་སྤྱི་ལེ་154ཙམ་ཡོད་པ། གོར་མོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་235ཙམ་ཡོད་པ། གཏེར་ལེན་ཁ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་328ཙམ་ཡོད་པ། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་724ཙམ་བཅས་ཡོད་པ་རེད།


ས་གནས་དེ་གའི་མེ་ཟོན་སྔོན་འགོག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་མི་སྣ་ཤི་རྨས་དང་ཁང་པ་རྡིབ་པ་སོགས་ཀྱི་སྙན་ཞུ་འབྱོར་མེད་པ་དང་། གནས་ཚུལ་གཞན་དག་མུ་མཐུད་ཤེས་རྟོགས་བྱེད་བཞིན་ཡོད་པ་རེད།


མཚོ་སྔོན་ཞིང་ཆེན་མེ་ཟོན་སྔོན་འགོག་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཚོ་ནུབ་དང་གོར་མོའི་ས་ཡོམ་རོགས་སྐྱོབ་རུ་ཁག་གཉིས་ཀྱི་བཀོད་འཐབ་པ་160དང་། མེ་ཟོན་རོགས་སྐྱོབ་རླངས་འཁོར་ཁག་30 རོགས་སྐྱོབ་སྒྲིག་ཆས་ཁག་5300བཅས་བསྡུ་རུབ་བྱས་ཏེ་དུས་ཐོག་ཏུ་རོགས་སྐྱོབ་ལས་དོན་ལ་འགྲོ་བར་གྲ་སྒྲིག་ཡག་པོ་བྱས་ཡོད། མང་ཡ་གྲོང་ཁྱེར་གྱི་མེ་ཟོན་སྔོན་འགོག་རོགས་སྐྱོབ་རུ་ཆེན་གྱི་བཀོད་འཐབ་པ་21ས་ཡོམ་བྱུང་ཡུལ་དུ་བསྐྱོད་བཞིན་ཡོད་པ་དང་ཁོང་ཚོས་གནོད་འཚེའི་གནས་ཚུལ་ལ་བརྟག་དཔྱད་བྱེད་རྒྱུ་ཡིན་པ་རེད།