རང་ཞིང་ནས་མཚོ་སྔོན་པོའི་སྲུང་སྐྱོང་ཁུལ་གྱི་སྒྲིག་འགལ་ཚོང་གཉེར་རིགས་ལ་དག་ཐེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།    མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད།    ཟླ6པའི་ཚེས15ཉིན་ནས་བཟུང་། རང་ཞིང་གིས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལས་གསེར་ཆེན་རྫོང་ཁོངས་ཀྱི་སྒྲིག་འགལ་ངང་ཡུལ་སྐོར་ཚོང་གཉེར་བྱེད་མཁན་གྱི་རིགས་དག་ཐེར་བྱ་རྒྱུ་རེད། 

ཟླ6པ་ནས་བཟུང་། གུང་གསེང་རིང་གི་ཡུལ་སྐོར་དཔལ་འབྱོར་ཉིན་རེ་བཞིན་མང་དུ་སོང་བ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་མཛེས་ལྗོངས་ཁུལ་མང་པོ་ཞིག་གིས་ཡུལ་སྐོར་པར་སྣེ་ལེན་ཞུ་ཚད་རྒྱུན་མཐུད་ངང་མང་དུ་ཕྱིན་ནས། རྒྱལ་ཡོངས་ས་གནས་སོ་སོ་ནས་སྒེར་འཁོར་བཏང་ནས་ཕྱོགས་ཡོང་གི་ཡུལ་སྐོར་པ་པར་རྒྱག་ལ་དགའ་མཁན་ཚོ་མཚོ་སྔོན་པོར་བསྐྱོད་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་མཛེས་སྡུག་མྱོང་རོལ་བྱ་བཞིན་ཡོད།     

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད།    མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་བསྐྱར་དུ་བརྡ་ཁྱབ་བཏང་ནས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱི་མཐུན་ས་ཁོངས་སུ་ཆོག་མཆན་མ་ཐོབ་པའི་ཡུལ་སྐོར་ཚོང་གཉེར་རིགས་་གཏན་འགོག་བྱ་དགོས་པར་མ་ཟད།    ཁྲིམས་དང་སྒྲིག་སྲོལ་ལ་འགལ་ཏེ་བཙུགས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཚོ་འགྲམ་དུ་སྐྱོད་པའི་ཡུལ་སྐོར་བགྲོད་ལམ་མེད་པར་བཟོས་པ་རེད།     ཡུལ་སྐོར་བྱ་བ་ཁང་སོགས་ཚོགས་པ་དང་སྒེར་འཁོར་བཏང་ནས་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་ལ་སྐྱོད་པ་སོགས་ཀྱི་བྱེད་སྒོ་གཏན་འགོག་བྱེད་པ་དང་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་དང་།  གཉེན་སྒྲིག་གྱོན་གོས་པར་ལེན་སོགས་སྲུང་སྐྱོང་ཁུལ་གྱི་གཏན་འབེབས་དང་མི་མཐུན་པའི་བྱེད་སྒོ་སྣ་ཚོགས་གཏན་འགོག་བྱ་དགོས་པ་བསྟན།  

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན།    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་པོར་འབབ་པའི་ཆུ་བོའི་འགྲམ་རྒྱུད་དུ་སྔ་ཕྱིར་བྱང་གསུམ་འགོག་སྲུང་ནགས་ཚལ་དང་།    རྨོ་བསྐྱུར་ནགས་གསོ།    ཕྱུགས་བསྐྱུར་རྩྭ་གསོ།    རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཨར་ལས་ལག་ལེན་བསྟར་བས་སྐྱེ་ཁམས་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་།     མཚོ་སྔོན་པོ་སྐོར་བའི་སྒེར་འཁོར་བཏང་ནས་ཡུལ་སྐོར་དང་།    རྐང་འཁོར་བཞོན་ནས་ཡུལ་སྐོར་བྱེད་པ།    རྐང་ཐང་ཡུལ་སྐོར་བྱེད་པ་སོགས་སྐྱེ་ཁམས་ཡུལ་སྐོར་གྱི་ལས་རྣམ་གསར་པ་དེར་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཅིང་།    ཟླ་ལྔ་པའི་ཟླ་མཇུག་བར་མཚོ་སྔོན་པོའི་ཡུལ་སྐོར་བ་མི་ཁྲི54ལྷག་ལ་བསླེབས་པ་རེད། 

ཡུལ་སྐོར་བས་དོ་ཁུར་བྱེད་པའི་མཚོ་སྔོན་པོའི་ཁེ་རམ་ཐང་མཛེས་ལྗོངས་ཁུལ་དུས་ནམ་ཞིག་སྒོ་མོ་འབྱེད་པའི་ཐད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར།    མཚོ་སྔོན་པོའི་ཁེ་རམ་ཐང་མཛེས་ལྗོངས་ཁུལ་དུ་བརྟོལ་བའི་གཞུང་ལམ་བཀག་ནས་འཛུགས་སྐྲུན་བྱས་པ་ཡིན་པས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཁག་ཅིག་ལ་མཚོ་ཆུ་རྒྱས་ཏེ་གནས་སྐབས་སྒོ་འབྱེད་པའི་ཆ་རྐྱེན་འཛོམས་མེད།     མཚོ་སྔོན་པོའི་ནུ་ལྕེ་མཛེས་ལྗོངས་ཁུལ་གྱིས་རིམས་ནད་འགོག་ཟོན་གྱི་བྱ་བ་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ལས་གཞིའི་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས“མགྲོན་པོའི་མང་ཉུང་ཚོད་འཛིན། མགྲོན་པོ་མང་སྐབས་དུས་ཚོད་སྣོལ་སྡེབ་བྱེད་པ། སྔ་མོ་ནས་དུས་ཆད་བཟོ་བ”བཅས་ཀྱི་བླང་བྱ་ལྟར་སྒོ་མོ་རྒྱུན་ལྡན་དུ་དབྱེ་རྒྱུ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།