མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ཐད་འགྱུར་ལྡོག་ཆེན་པོ་འབྱུང་རྒྱུ་རེད།

ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་བཅས་སྡེ་ཚན་གསུམ་གྱིས《མྱུར་བགྲོད་གཞུང་ལམ་གྱི་ཁྱད་པར་ཅན་གྱི་གྲོན་བསྡུའི་ལག་བསྟར་ཇུས་གཞི་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བའི》སྐོར་གྱི་བརྡ་ཐོ་བཏང་བ་རེད། བརྡ་ཐོའི་ནང་མྱུར་བགྲོད་གཞུང་ལམ་གྱི་ཁྱད་པར་ཅན་གྱི་གྲོན་བསྡུ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། མྱུར་བགྲོད་གཞུང་ལམ་དྲ་བའི་ཐོག་གི་ཤར་བགྲོད་ལས་ཕྱོད་མུ་མཐུད་མཐོ་རུ་གཏོང་བ། མྱུར་བགྲོད་གཞུང་ལམ་གྱི་འགྲོ་སྐྱོད་མ་རྩ་ཇེ་དམའ་རུ་གཏོང་བ། ཟོག་འགྲེམས་ལས་རིགས་ཀྱི་མ་རྩ་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་སྤྱི་དམངས་སྔར་བས་མང་བར་མྱུར་བགྲོད་གཞུང་ལམ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་པ་བྱ་དགོས་པ་ནན་གྱིས་བསྟན་པ་རེད། 

ཐེངས་འདིའི་ཇུས་གཞིའི་ནང་ས་གནས་སོ་སོས་ཁྱད་པར་ཅན་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ཚོད་ལྟའི་བྱ་བའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་ས་གནས་དེ་གའི་གཞུང་ལམ་དྲ་བའི་གྲུབ་ཆ་དང་དེ་བཞིན་འཁོར་སྐྱོད་ཁྱད་ཆོས་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ཏེ་འཚམ་པའི་ཁྱད་པར་ཅན་གྱི་གྲོན་བསྡུའི་བྱེད་སྟངས་བདམས་ནས་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ་དང་།ཁྱད་པར་ཅན་གྱི་གྲོན་བསྡུའི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་གནད་སྨིན་ངང་བཟོས་ཏེ། ཁྱད་པར་ཅན་གྱི་གྲོན་བསྡུའི་ཇུས་གཞི་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་བཅས་བྱ་དགོས་ཞེས་བཏོན་ཡོད།

(གཅིག)ལམ་ཁག་དབྱེ་ནས་ཁྱད་པར་ཡོད་པའི་སྒོ་ནས་ལམ་གླ་བསྡུ་བ།

ལམ་ཁག་དབྱེ་ནས་གྲོན་བསྡུའི་རྣམ་པ་སྔར་བས་ཇེ་ལེགས་དང་འཐུས་ཚང་དུ་བཏང་སྟེ་ཁྱད་པར་ཅན་གྱི་གྲོན་བསྡུའི་ལག་བསྟར་ཁྱབ་ཁོངས་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། གཙོ་བོ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའམ་གྲོང་ཁྱེར་གྱི་གཞུང་ལམ་འགག་པའི་གནས་ཚུལ་ཚབས་ཆེན་ཡིན་ཡང་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་བཞུར་ཚད་ཅུང་ཆུང་བའི་ལམ་དང་། མྱུར་བགྲོད་གཞུང་ལམ་བར་གྱི་འགྲིམ་འགྲུལ་བྱེད་ཚད་ལ་ཁྱད་པར་ཅུང་ཆེ་བའི་ལམ། དེ་བཞིན་འགྲིམ་འགྲུལ་བྱེད་ཚད་དེ་ཇུས་འགོད་བྱེད་ནུས་ལས་མངོན་གསལ་གྱིས་དམའ་བའི་ལམ་མཚམས་བཅས་ལ་དམིགས་ནས། སྟབས་བསྟུན་སྣ་མང་གི་ཁྱད་པར་ཅན་གྱི་གྲོན་བསྡུ་ལག་བསྟར་བྱས་ནས་རིན་གོང་གི་ཚད་བཀག་སྤྱད་དེ་གཞུང་ལམ་དྲ་བའི་བཞུར་ཚད་ཁྱབ་ཚུལ་དོ་སྙོམས་ཡོང་བ་བྱས་ནས་ས་ཁོངས་གཞུང་ལམ་དྲ་བའི་སྤྱི་ཡོངས་ཀྱི་འཁོར་སྐྱོད་ལས་ཕྱོད་ཆེ་རུ་བཏང་སྟེ་ས་ཁོངས་ཟོག་འདྲེན་གྱི་མ་རྩ་ཆག་པར་སྐུལ་འདེད་གཏང་དགོས།

(གཉིས།)རླངས་འཁོར་གྱི་རིགས་དབྱེ་ནས་ཁྱད་པར་ཡོད་པའི་ལམ་གླ་བསྡུ་བ།

རླངས་འཁོར་གྱི་རིགས་དབྱེ་ནས་ཁྱད་པར་ཡོད་པའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ནས་གཏིང་ཟབ་ཏུ་གཏང་དགོས། ལག་རྩལ་གསར་གཏོད་དང་དོ་དམ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ། གནས་ཚུལ་དངོས་དང་ཟུང་འབྲེལ་སྒོས། རླངས་འཁོར་གྱི་རིགས་མི་འདྲ་བ་སྐྱེལ་འདྲེན་རླངས་འཁོར་དཀྱུས་མ་དང་ཡང་ན་རྒྱལ་སྤྱིའི་ཚད་ལྡན་དོས་སྒམ་སྐྱེལ་འདྲེན་རླངས་འཁོར་དང་། དངོས་ཟོག་ཉེན་ཁ་ཅན་སྐྱེལ་འདྲེན་བྱེད་པའི་སྣུམ་སྣོད་ཅན་གྱི་རླངས་འཁོར་སོགས་ཆེད་སྤྱོད་སྐྱེལ་འདྲེན་རླངས་འཁོར་ལ་ཁྱད་པར་ལྡན་པའི་སྒོ་ནས་གྲོན་དངུལ་བསྡུ་དགོས་ཤིང་། ཆེད་ལས་སྐྱེལ་འདྲེན་གྱི་ལས་ཆོད་ཆེ་རུ་གཏང་བ་དང་། དངོས་ཟོག་སྐྱེལ་འདྲེན་རིགས་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱས་ཏེ་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱ་དགོས།

(གསུམ།)དུས་མཚམས་དབྱེ་ནས་ཁྱད་པར་ཡོད་པའི་སྒོ་ནས་ལམ་གླ་བསྡུ་བ།

འགྲིམ་འགྲུལ་གྱི་འཕར་སྣོན་མངོན་གསལ་ཆེ་བ་དང་ཞབས་ཞུའི་ནུས་པ་ཅུང་མང་བའི་མྱུར་བགྲོད་གཞུང་ལམ་ལ་དམིགས་ཏེ་དུས་མཚམས་མི་འདྲ་བར་ཁྱད་པར་ཅན་གྱི་གྲོན་བསྡུའི་ཚད་གཞི་ལག་བསྟར་བྱས་ནས། འགྲུལ་འཁོར་དང་ཟོག་འདྲེན་རླངས་འཁོར་དག་རླངས་འཁོར་ཅུང་ཉུང་བའི་སྐབས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བྱས་ཏེ། རླངས་འཁོར་མང་བའི་དུས་མཚམས་སུ་འགྲིམ་འགྲུལ་འགག་པ་ཇེ་ཉུང་དུ་བཏང་ནས། ལམ་དྲའི་ཡུལ་དུས་ཁྱབ་ཚུལ་དོ་སྙོམས་སུ་བཏང་སྟེ་ལམ་དྲའི་ཤར་བགྲོད་ཐུབ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས་པ་རེད།

(བཞི།)ཕྱིར་བསྐྱོད་པ་དང་ནང་དུ་བསྐྱོད་པར་ཁྱད་པར་ཡོད་པའི་སྒོ་ནས་ལམ་གླ་བསྡུ་བ།

གཞི་གྲངས་ཆེན་པོར་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་དེ་གཙོ་བོ་ཉེ་འདབས་ཀྱི་གྲུ་ཁ་དང་བཟོ་གཏེར་ཁེ་ལས་ཆེ་གྲས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཕྱིར་གཏོང་ནང་འདྲེན་དང་། འགྲིམ་འགྲུལ་གྱི་གྲངས་ཚད་ཁྱད་པར་ཅུང་ཆེ་བའི་མཉམ་གཤིབ་ལམ་དུམ། གྲོང་ཁྱེར་མཐའ་སྐོར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་སོགས་དམིགས་བསལ་གྱི་བར་མཚམས་དང་། དམིགས་བསལ་གྱི་ཕྱིར་གཏོང་ནང་འདྲེན་ལ་དབྱེ་བ་ཡོད་པའི་སྒོ་ནས་ཕྱིར་གཏོང་ནང་འདྲེན་ལག་བསྟར་བྱས་ཏེ། ཁྱད་པར་ཅན་གྱི་གྲོན་དངུལ་བསྡུ་ཁྱོན་ཆེ་རུ་བཏང་བ་རེད།

(ལྔ)ཁ་ཕྱོགས་དབྱེ་ནས་ཁྱད་པར་ཡོད་པའི་སྒོ་ནས་ལམ་གླ་བསྡུ་བ།

ཐོན་ཁུངས་ཞིང་ཆེན་གྱི་དངོས་ཟོག་ཕྱོགས་རྐྱང་པའི་སྐྱེལ་འདྲེན་བྱེད་པའི་ཁྱད་ཆོས་མངོན་གསལ་ཡིན་པའི་མྱུར་བགྲོད་གཞུང་ལམ་གཙོ་གནད་ཐོག་དམིགས་ཏེ། གྱེན་སྐྱོད་ཁ་ཕྱོགས་དང་ཐུར་སྐྱོད་ཁ་ཕྱོགས་ལ་ཁྱད་པར་ཡོད་པའི་ལམ་གླ་བསྡུས་ནས་རིན་གོང་གི་ཚད་བཀག་སྤྱད་དེ་རླངས་འཁོར་གྱིས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་གཞུང་ལམ་གྱི་ཐོན་ཁུངས་སྤྱོད་རྒྱུར་ཁྲིད་སྟོན་བྱ་དགོས།

(དྲུག)དངུལ་སྤྲོད་སྟངས་མི་འདྲ་བར་ཁྱད་པར་ཡོད་པའི་ལམ་གླ་བསྡུ་བ།

ETCགློག་རྡུལ་དངུལ་སྤྲོད་ཀྱི་གཟིགས་སྐྱོང་བྱེད་སྟངས་སྔར་བས་འཐུས་ཚང་དུ་བཏང་སྟེ། ETCགློག་རྡུལ་དངུལ་སྤྲོད་ཀྱི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། རླངས་འཁོར་གྱིསETCསྤྱོད་རྒྱུར་ཁྲིད་སྟོན་བྱས་ཏེ་རླངས་འཁོར་ཤར་བགྲོད་ཐུབ་ཚད་ཆེ་རུ་བཏང་སྟེ། ཟོག་འགྲེམས་ཀྱི་སྤུས་ཚད་ཇེ་མཐོར་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།