ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱ་བར་སྤྱི་འདོམས་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་འགོ་འཛུགས་ས་མཐོན་པོ་ལས་ཇུས་འགོད་དང་། ཚད་གཞི་མཐོན་པོའི་བཀོད་སྒྲིག །སྤུས་ཚད་མཐོན་པོ་ལས་སྐུལ་འདེད་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་གི་ཕན་འབྲས་དེ་བྱ་བའི་སྒུལ་ཤུགས་དང་བྱ་བའི་ཕན་འབྲས་སུ་ཏན་ཏིག་བསྒྱུར་ནས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་གཏིང་ཟབ་ཏུ་གཏང་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ཡོད།

ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་དང་། དྲ་ཐོག་དང་དྲ་ཕྱིའི་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་དགེ་རྒན་ཚོགས་པ་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་དང་། དམར་པོའི་གློག་བརྙན་ལ་ལྟ་བ། ཟློས་གར་ཁང་གི་ཏང་གི་སློབ་ཚན་ལྟ་བ། དམར་པོའི་གླུ་དབྱངས་སྤྲོ་ཚོགས། གསར་བརྗེའི་ཁྱིམ་གྱི་དཔེ་དེབ་ཀློག་པ། གསར་བརྗེའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་སྣེ་ཤན་པའི་འགྲན་བསྡུར་ཆེ་མོར་གསར་བརྗེའི་འགྲེལ་བཤད་སོགས་བརྒྱུད་དེ་སློབ་སྦྱོང་དང་སློབ་གསོར་སྐུལ་འདེད་གཏང་བ་རེད། ཐིང་ཁོངས་གཏོགས་ཀྱི་ཚན་པ་ཁག་གིས་སྔ་རྗེས་སུ“བྱིས་བློ་ཏང་ལ་གཏོད། དམར་པོའི་དཔེ་དེབ་ཀློག”དང་།“ཏང་གི་ལོ་རྒྱུས་དང་བསམ་བློ་ཆབ་སྲིད་ཟུང་འབྲེལ” “ང་ནི་ཏང་གི་གཏམ་རྒྱུད་བཤད་མཁན་སྐེ་དར་དམར་པོའི་འགྲེལ་བཤད་པ་ཞིག་ཡིན” “གསར་བརྗེའི་ཁྱིམ་ཚང་གི་ཏང་གི་ལོ་རྒྱུས་གླེང་བ། གསར་བརྗེའི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་པ”སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་སློབ་སྦྱོང་སློབ་གསོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱ་བ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

དེ་དང་ཆབས་ཅིག་ཏུ། རིག་གནས་ལ་ནུས་པ་ཐོན་པ་དང་ཡུལ་སྐོར་དམངས་ཕྱུག་གི་ནུས་པ་འདོན་སྤེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རང་ངོས་ཀྱི་ལེགས་ཆ་དང་བྱ་བའི་འགན་ནུས་དང་ཟུང་འབྲེལ་བྱེད་པ། དམངས་ལ་བྱ་བ་དངོས་སྒྲུབ་པའི་ལས་གཞི་གསེད་བཀྲོལ་དང་ལེགས་འདེམས་བྱེད་པ།《ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་དམངས་ལ་བྱ་བ་དངོས་སྒྲུབ་པའི་འགན་འཁྲིའི་གསལ་ཐོ》བཟོས་པ། རྩིས་ཐོ་ཅན་གྱི་དོ་དམ་ལག་བསྟར་བྱས་ནས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་། “མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཨང་དང་པོའི་སྟོད་རྒྱུད”དེས“ལོ་བརྒྱ་ཡི་འབད་འཐབ་ལམ་བུའི་ཐོག་བསྐྱོད་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི”འགོ་བཙུགས་ཏེ་རིག་གནས་ཡུལ་སྐོར་དུས་ཆེན་གྲ་སྒྲིག་བྱས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གསར་གཏོད་ཅུའུ་ཡི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད།

རྨང་གཞི་དེ་ལས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“རྒྱུན་འཁོར་དངོས་མང་བཤམས་སྟོན་ཁང་།”སློབ་ར་དང་། སྡེ་ཁུལ། གྲོང་གསེབ། དམག་སྒར། ཁེ་ལས་སོགས་ཀྱི་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཏང་གི་ལོ་རྒྱུས་ཕྱོགས་ཡོངས་ནས་དྲིལ་སྒྲོག་དང་ཏང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་ཡོད། རིག་གནས་དང་ཡུལ་སྐོར་དམངས་ཕན་བྱང་བུ་དང་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་དངོས་ཕན་ཐོབ་པ་དང་དམངས་ཕན་བྱང་བུ་དང་འཛད་སྤྱོད་འཛིན་ཤོག་ཁྲི5ལྷག་ཙམ་སྤྲད་པ་རེད། ཀློག་པ་པོ་རྒན་གྲས་གྱིས་འཕྲུལ་ཤེས་འཚོ་བའི་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུར་རོགས་རམ་བྱས་ནས་ཀློག་པ་པོ་རྒན་གྲས་ཀྱིས་རིག་ལྡན་འཚོ་བའི་ནང་ཞུགས་རྒྱུར་རོགས་རམ་བྱས་ཏེ་གཞི་གྲངས་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་བྱ་དགོས། མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྤེལ་བ་དང་། སློབ་མའི་བལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་སློབ་ཁང་དུ་བསྐྱོད་ནས་སློབ་གྲྭ་ཆུང་འབྲིང་དེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཕན་པ་ཐོབ་མཁན་དང་ཁྱབ་སྤེལ་བྱེད་མཁན་ཞིག་ཏུ་འགྱུར་བ་བྱ་དགོས། དྲ་ཐོག་དང་དྲ་འོག་ནས་སྲིད་དོན་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། སྲིད་དོན་ཞབས་ཞུའི་དོན་ཚན1418བདག་སྤྲོད་བྱས་ཤིང་། བློ་ཡིད་ཚིམ་ཚད100%ཟིན་ཡོད།

གཞན་ཡང་། ཞིང་ཆེན་ནང་ཁུལ་གྱི་དམར་པོའི་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་རྩེར་སོན་ཡུལ་སྐོར་ལམ་ཐིག16བཏོན་ཞིང་། སྐྱེ་ཁམས་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་གཏང་རྒྱུར་རྒྱབ་སྐྱོར་བྱས་ནས་རྩེར་སོན་ལམ་ཐིག་དོན་འཁྱོལ་བྱས་པ་རེད། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏང་རྒྱུ་དང་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་དང་ཞིང་པའི་ཡོང་འབབ་ཇེ་མང་དུ་གཏང་རྒྱུར་སྐུལ་འདེད་གཏང་དགོས། ཟླ་དང་པོ་ནས་བཞི་པའི་བར། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཁྲི650ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས78.7%དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར58ཟིན་པ་དེ་དུས་མཚུངས་ལས120.8%འཕར་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།